དེ་རིང་༸གོང་ས་མཆོག་བཞུགས་སྒར་ནས་ལྡི་ལིར་ཆིབས་བསྒྱུར་གནང་སོང་ལ། གཟའ་ཉི་མའི་ཉིན་ནས་བཟུང་རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག
དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༢།༠༠ ཡས་མས་སུ་༸གོང་ས་མཆོག་བཞུགས་སྒར་མི་མང་གིས་ཕེབས་སྐྱེལ་ཁྲོད་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་གནང་སོང་ལ། སང་ཉིན་ཕྱི་ཚེས་ ༢༢ ནས་ ༢༣ བར་གྱི་ཉིན་གཉིས་རིང་ཏཱ་ལའི་བླ་མའི་ཀུན་ཕན་ཐེབས་རྩ་ཁང་གི་གོ་སྒྲོག་འོག རྒྱ་གར་གྱི་གནད་ཡོད་མི་སྣ་དང་དད་ལྡན་པ་རྣམས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་༼ལམ་རིམ་བསྡུས་དོན༽ གྱི་གསུང་ཆོས་གནང་རྒྱུ་དང་། ཕྱི་ཚེས་ ༢༤ ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེ་གཞུང་གིས་གསོལ་འདེབས་ཞུས་དོན་ལྟར། འབྲས་ལྗོངས་ཁུལ་དུ་ཆིབས་བསྒྱུར་གྱིས་མངའ་སྡེའི་སྲིད་སྐྱོང་དང་སྤྱི་ཁྱབ་བློན་ཆེན་གཙོས་པའི་གནད་ཡོད་མི་སྣ་འདུ་འཛོམས་ཐོག ར་ཝང་ལྭར་སྟོན་པའི་སྐུ་བརྙན་གསར་བཞེངས་བྱས་ཡོད་པ་དེར་དབུ་འབྱེད་རབ་གནས་དང་། ས་གནས་མི་མང་ལ་གསུང་ཆོས་དང་ཚེ་དབང་བཅས་གནང་རྒྱུ་དང་། ཕྱི་ཚེས་ ༢༦ ཉིན་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ཏུ་ཆིབས་བསྒྱུར་གྱིས་མཐོ་སློབ་ཁག་གི་སློབ་མར་ཤེས་ཡོན་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༧ ཉིན་ནུབ་བྷང་གྷལ་ས་གནས་ས་ལི་ཀཱ་རཱའི་སྲས་བརྒྱུད་གྲྭ་ཚང་དང་ཧི་མ་ལ་ཡའི་ཆོས་ཚོགས་ཐུན་མོང་གིས་གསོལ་འདེབས་ཞུས་དོན་ལྟར། ༸གོང་ས་མཆོག་ས་གནས་སུ་ཆིབས་བསྒྱུར་གནང་སྟེ་མང་ཚོགས་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་༼ལམ་རིམ་བསྡུས་དོན༽ དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་༼སེམས་ཉིད་ངལ་གསོ༽ ། སྦྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཆོས་འབྲེལ་དང་གསུང་ཆོས་གནང་རྒྱུ་ཡིན་འདུག