སེར་བྱེས་དགེ་བཤེས་མཁར་རྡོ་རིན་ཆེན།
ལོ་རྒྱུས་ནི་འདས་དོན་ཡིན་པ་ལས་ད་ལྟའི་དོན་དངོས་མ་ཡིན། ལོ་རྒྱུས་ཀྱི་ཡིག་ཆའི་ནང་བོད་དེ་རང་བཙན་ཡིན་པར་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་ངོས་འཛིན་ཐུབ་པ་ཞིག་ཀྱང་ང་ཚོས་བྱེད་མ་ཐུབ་ན་ལག་ལེན་ངོ་མའི་ཐོག་ནས་རང་བཙན་ལ་རྒྱབ་སྐྱོར་ནི་དེ་བས་ཤིན་ཏུ་དཀའ།
སྐུ་ཕྲེང་བཅུ་གསུམ་པའི་རང་བཙན་བསྒྲགས་གཏམ་ཞྭ་སྒབ་པས་རྫུན་སྒྲོག་ལས་དོན་དངོས་སུ་དེ་འདྲ་བྱུང་མྱོང་མེད་ཅེས་རྒྱ་གཞུང་གིས་བཤད་འདུག་པས། ཞྭ་སྒབ་པས་ཡོད་པར་བཤད་པ་དེ་ཙམ་མིན་པའི་༸གོང་ས་བཅུ་གསུམ་པའི་བཀའ་ཡིག་ངོ་མ་དེ་གང་དུ་ཡོད། ཅི་སྟེ་ཞྭ་སྒབ་པའི་གསུང་དེ་ང་ཚོའི་ལོ་རྒྱུས་ཀྱི་དཔང་པོར་བཟུང་ན་ཞྭ་སྒབ་པ་ལོ་རྒྱུས་ཀྱི་དཔང་པོའི་མི་སྣ་ཞིག་ཏུ་གྱུར་ཡོད་པས་ང་ཚོས་ཞྭ་སྒབ་པ་ལོ་རྒྱུས་ཀྱི་དཔང་མིར་འོས་མིན་བརྟག་པར་རིགས།
བོད་དུ་དཔར་བའི་༸གོང་ས་བཅུ་གཉིས་པའི་རྣམ་ཐར་ནས་རྒྱ་ནག་གོང་མས་བཀའ་ཡིག་ཕབ་ཚེ་༸གོང་ས་མཆོག་ནས་ཞབས་པུས་བཙུགས་ནས་གསན་དགོས་པར་གསལ་བ་དེ་ཞྭ་སྒབ་པའི་དེབ་ཐེར་ནང་སྦས་ནས་མ་བཤད་པ་དེར་འགྲེལ་བཤད་ཇི་ལྟར་བྱེད། དེས་ཞྭ་སྒབ་པས་ལོ་རྒྱུས་དངོས་ལ་དང་ལེན་བྱེད་མ་ཐུབ་པར་སྟོན་པ་མ་ཡིན་ནམ། ལོ་རྒྱུས་ལ་རང་གི་འདོད་ཕྱོགས་ཀྱིས་ཚོད་འཛིན་བྱེད་རུང་ངམ། ང་ཚོས་གནད་དོན་ཅི་འདྲ་ཞིག་གི་སྐོར་གླེང་ཡང་ཕྱོགས་གཉིས་ཀའི་རྒྱུ་མཚན་ལ་ཞིབ་འཇུག་མཐིལ་ཕྱིན་དགོས་པ་གལ་འགངས་ཆེ་བར་མཐོང་།
ལོ་ངོ་བརྒྱའི་གོང་༸གོང་ས་བཅུ་གསུམ་པས་ཁོར་ཡུག་དང་དུས་ཚོད་དམིགས་བསལ་ཞིག་གི་འོག་དབུས་གཙང་ཁུལ་ནས་རྒྱ་དམག་ཕྱིར་ཕུད་སོགས་རང་ས་རང་སྲུང་གི་དགོངས་པ་ཞིག་འཁོར་ཡོད་པ་ཤིན་ཏུ་གསལ་མོད། ༡༩༡༣ ནས་ ༥༡ ལོའི་བར་ལོ་ངོ་སོ་བརྒྱད་རིང་དང་། ལྷག་པར་ ༡༩༡༣ ནས་༸གོང་ས་བཅུ་གསུམ་པ་ཞི་བར་མ་གཤེགས་པའི་བར་སྟེ་ལོ་ངོ་ཉི་ཤུའི་རིང་བཅུ་གསུམ་པའི་དགོངས་དོན་འཇུག་སྐྱོང་བྱས་མེད་པ་ཅིས་ནོངས་ཡོད།
ལྷག་པར་ཆུ་སྤྲེལ་ཞལ་གདམས་ལས་བོད་ཀྱི་འབྱུང་འགྱུར་ལ་དོན་གནས་ཀྱི་དགོངས་ཚོད་གནང་བབ་ལས་བོད་རྒྱ་འོག་ཏུ་ཡོངས་སུ་ཚུད་རྒྱུ་ཡིན་པ་དེ་ཟློག་མེད་དུ་ཞལ་གྱིས་བཞེས་ཡོད་པས་༸གོང་ས་བཅུ་གསུམ་པ་ད་ལྟར་བཞུགས་ཡོད་ཚེ་གཉིས་ཕན་གྱི་ལམ་འདི་ལས་གདམ་ག་གཞན་ལྷག་མེད་པ་ཐེ་ཚོམ་མེད།༸གོང་ས་བཅུ་གསུམ་པས་རང་བཙན་བསྐྱར་ནན་གནང་ཡོད་པའི་དབང་དུ་བཏང་ནའང་དེ་ནི་ལོ་བརྒྱའི་གོང་གི་གནས་བབ་ཅིག་ལས་ད་ལྟའི་ཆབ་སྲིད་ཀྱི་འགྱུར་འགྲོས་འོག་འོས་འཚམས་ཡིན་པར་ཇི་ལྟར་བཤད་ནུས།
འཇམ་ནོར་གྱི་ཀུན་སློང་གང་ཡིན། ང་ཚོ་བོད་མི་ཡོངས་ཀྱིས་ཆེས་དོ་སྣང་བྱེད་དགོས་པ་ཞིག་ལ་༸གོང་ས་མཆོག་གིས་ང་ཚོ་བོད་པར་གཉིས་ཕན་གྱི་ལམ་ལས་ལྷག་ཡོང་ཐབས་མེད་སྐོར་ནན་ཏན་གྱིས་གསུངས་པའི་སྐབས་འདི་ལྟ་བུ་ཞིག་ལ་ཅིའི་ཕྱིར་༸གོང་ས་བཅུ་གསུམ་པའི་ཆུ་གླང་རྩ་ཚིག་གི་དར་ཆ་དེ་ཤུགས་ཆེན་པོར་འཕྱུར་ནས་རང་བཙན་གྱི་འབོད་སྒྲ་མཐོ་རུ་བཏང་བ་ཡིན། དོན་དངོས་ཀྱི་ཀུན་སློང་གང་ཡིན་ནམ།
ང་ལྟ་བུ་ཞིག་ལ་མཚོན་ན་འཇམ་དབྱངས་ནོར་བུའི་བྱ་སྤྱོད་ལ་དོགས་པ་འགོག་མེད་དུ་ཡོང་བ་ནི། ཡང་སྙིང་མི་རིགས་ཤིག་གི་ལས་དབང་ལ་འགན་ཁུར་ཡོད་པའི་མི་ཞིག་གི་ངོས་ནས་བཤད་ན་སྐྱོན་བརྗོད་བྱེད་ཤེས་པ་ཙམ་མིན་པར་འགན་ཁུར་ཤེས་པ་ཞིག་ཀྱང་ལོས་དགོས། ངྷ་སའི་བོད་གཞུང་ནི་བོད་དོན་འཐབ་རྩོད་པ་ཞིག་གི་ངོས་ནས་བཤད་ན་གལ་ཆེ་ཆུང་ཅི་ཙམ་ཡིན་མིན་ལྐུག་པས་ཀྱང་ཤེས་དགོས་ཚོད་ཡིན།
དམངས་གཙོའི་ལམ་ལུགས་ནང་གཞུང་གི་ལས་དོན་གནང་ཕྱོགས་ལ་དགོས་ངེས་ཀྱི་སྐྱོན་བརྗོད་ཁག་ངེས་པར་དང་ལེན་བྱེད་དགོས་པ་ཞིག་ཡིན་མོད། རྒྱ་གཞུང་གིས་བོད་གཞུང་མེད་པར་བཟོ་འདོད་པ་བཞིན་འཇམ་ནོར་གྱིས་ཀྱང་དེ་དང་རྗེས་སུ་མཐུན་པར་བོད་གཞུང་གི་དབུ་ཁྲིད་རིམ་པ་ཁག་ལ་སྐྱོན་བརྗོད་དུ་མ་བྱས་ཏེ་ནུས་མེད་དུ་འགྲོ་ཐབས་བྱས་ཡོད།
དེ་ནི་ཁོ་པས་ཨེ་ཤ་ཡའི་རླུང་འཕྲིན་ཁང་དུ་གཏམ་བཤད་བྱས་པ་ཁག་ལས་ཤེས་ཐུབ། དོན་དངོས་སུ་འཇམ་ནོར་མི་ལོ་སུམ་ཅུ་ཙམ་གྱི་རང་བཙན་འཐབ་རྩོད་པའི་དར་ཆ་འཐོན་པོར་སྒྲེང་ཡོད་ཀྱང་། དེའི་རིང་ཁོ་པས་རང་བཙན་གྱི་ཆེད་དུ་ལས་ཀ་ངོ་མ་ཇི་ཙམ་བྱས་ཡོད་མེད་ང་ཚོས་ལྟ་དགོས་པའི་དུས་སུ་བབ་ཡོད།
གོ་ཐོས་ལྟར་ན། ལོ་ངོ་དེ་དག་གི་རིང་འཇམ་ནོར་གྱིས་རང་བཙན་གྱི་དཔང་རྟགས་གསར་པ་གཅིག་ཀྱང་འཚོལ་བའི་ངལ་བ་མ་བྱས་པར་མ་ཟད། ཆེས་ངོ་ཚ་དགོས་པ་ཞིག་ལ། ཞྭ་སྒབ་པའི་བོད་ཀྱི་ལག་འཁྱེར་གྱི་དཔར་སློག་ཅིག་ཁུར་ནས་དེ་བོད་རང་བཙན་ཡིན་པའི་དཔང་རྟགས་བླ་ན་མེད་པ་ཞིག་ཡིན་ཞེས་གང་སར་བསྒྲགས་པ་རེད། ཕྱོགས་གཅིག་ནས་དཔར་སློག་དེ་རག་པར་དཀའ་ངལ་གང་ཡང་མེད། གཉིས་ནས་རྒྱུ་མཚན་དེ་རྒྱ་མིའི་མདུན་དུ་ངོ་ཚ་དགོས་པ་ཞིག་ཡིན་ཏེ། རྒྱལ་ཁབ་གཅིག་གྱུར་ནང་ལག་དེབ་མི་འདྲ་བ་འཁུར་མཁན་ཇི་ཙམ་ཡོད་པ་ང་ཚོས་ཤེས་གསལ་རེད།
དོན་ངོ་མ་འཇམ་ནོར་ནས་རང་བཙན་གྱི་ཆེད་དུ་ལས་འགུལ་དང་བོད་མི་མང་ལ་ཕན་པའི་ལས་དོན་གང་ཞིག་སྒྲུབ་ཡོད་པ་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་རིགས་སོ།། རྒྱ་གཞུང་གིས་བཙན་བྱོལ་སྤྱི་ཚོགས་ནས་གཞུང་དང་སྒེར་བར་དཀྲུགས་བཤིག་དང་། ཆོས་བརྒྱུད་བར་དཀྲུགས་བཤིག ཆོལ་ཁའི་བར་དུ་དཀྲུགས་བཤིག་རྒྱག་དགོས་པའི་སྲིད་ཇུས་འཛིན་བཞིན་པའི་སྐབས་འདིར་སྲིད་ཇུས་དེ་དང་མཐུན་པའི་ལས་ཀ་བྱེད་མཁན་ང་ཚོའི་སྤྱི་ཚོགས་ནང་དོལ་རྒྱལ་ཚོགས་པ་ལས་མེད་ཅིང་། འཇམ་ནོར་ནས་ཉེ་ཆར་དོལ་རྒྱལ་བ་སེར་སྨད་སྒོ་སོག་བླ་བྲང་གི་བདེ་ཆེན་སྤྲུལ་སྐུ་དང་མཉམ་དུ་དཔུང་གདངས་གཅིག་ལ་སྦྲེལ་ནས་དཔར་རྒྱག་པ་དེས་འཇམ་ནོར་ཁོ་པ་ཇི་འདྲ་ཞིག་ཡིན་མིན་གསལ་པོར་བསྟན་པར་སྣང་ངོ་།།
བརྒྱ་བཤད་སྟོང་གི་རྩ་བ། ཡོས་ལ་འབབ་རྒྱུ་རྩམ་པ་ཞེས་པའི་དཔེ་བཞིན་དགེ་བཤེས་ལགས་ཀྱིས་གང་བཤད་ཐམས་ཅད་ཀྱི་རྩ་བ་ལམ་དབུ་མ་ལ་རྒྱབ་སྐྱོར་ཡིན་ཁུལ་ཡིན་པས་སྙིང་ནས་དགའ་བསུ་ཞུ། འོན་ཀྱང་ལམ་དབུ་མ་ལ་དད་གུས་བྱེད་ན་ངེས་པར་དུ་བོད་ཀྱི་ལོ་རྒྱུས་ཡིག་རྙིང་སོགས་ཅིའི་ཕྱིར་ལུད་སྙིགས་སུ་འདེད་དགོས་པ་ཡིན་ནམ། ལམ་དབུ་མ་ནི་མི་རབས་ཤིག་གི་གནས་བབས་ཀྱི་ལམ་ཀ་ཞིག་ཡིན་པ་ལས་འདས་སོང་གི་ལོ་རྒྱུས་ནུས་མེད་བཟོ་བྱེད་ཞིག་མིན། དེའི་ཕྱིར་ལམ་དབུ་མ་པ་དག་གིས་ནམ་ཡིན་ཡང་བོད་ཀྱི་ལོ་རྒྱུས་ལ་དམའ་འབེབ་བྱེད་མི་རུང་། གང་ཡིན་ཟེར་ན། ལོ་རྒྱུས་ནི་འབྱུང་འགྱུར་གྱི་བདེན་དཔང་དངོས་ཡིན་པས་རང་གི་ཐོབ་འདོད་དེའི་ཆེད་དུ་འདས་མ་ད་གསུམ་ལ་སྡོམ་ཚིག་དེ་བས་ཀྱང་བཀོད་མི་ཉན། དེའི་ཕྱིར་དགེ་བཤེས་ལགས་ཀྱིས་བསམ་ཚུལ་ལ་བློ་འཐད་མེད། ཡིན་ཡང་འཇམ་ནོར་གྱི་མི་གཞི་ལ་གླེང་རིན་མེད་པའི་འདི་བཤད་ན་འདོད་ཀྱིན་མི་འདུག
དགེ་བཤེས་མིང་ཅན་འདིས་ཀྲུང་དབྱང་གིས་བཤད་པའི་སྐད་ཆ་འདྲ་པོ་ཞིག་བཤད་ཡོང་གིན་འདུག། ལྷག་པར་མེས་རྒྱལ་ཁྱིམ་ཚང་ཆེན་པོ་ཞེས་ཡང་ཡང་བཤད་བཞིན་པའི་སྐད་ཆ་དག་ལ་རྒྱབ་སྐྱོར་བླ་ན་མེད་པ་ཞིག་གནང་ཡོང་གིན་འདུག། འདི་དག་བོད་མི་ཞིག་དང་ལྷག་པར་བོད་མི་ལ་དུང་བའི་སེམས་པ་ཡོད་མཁན་ཞིག་གིས་བཤད་དགོས་པའི་སྐད་ཆ་ཞིག་རེད་དམ། དེས་བོད་ཀྱི་བདེན་མཐའ་གསལ་བར་ཕན་ཐོག་ཅི་ཞིག་འདུག། ཐུགས་བསམ་བཞེས་དང་། བཤད་མ་ཤེས་ན་བཤད་དགོས་མ་རེད།
དགེ་བཤེས་ཤིག་གི་མིང་ཁུར་ཏེ་གསུངས་སྟངས་དེ་ཅུང་ཡ་མཚན་པ་ཞིག་རེད། ཆབ་སྲིད་པ་ཁོག་ནག་ཅིག་གིས་མི་ནག་པོ་བཟོ་སྟངས་འདྲ་པོ་འདུག ང་ཚོའི་ལོ་ངོ་མང་པོའི་རིང་བེད་སྤྱོད་བྱེད་བཞིན་པའི་ཚིག་སྟེ། རྒྱ་མའི་རྒྱུག་ཁྱི་དང་དོལ་རྒྱལ་ཚོགས་པར་འབྲེལ་ཡོད་མེད་དེ་རེད། དེ་ནི་མི་ནག་པོ་བཟོ་བྱེད་དཔེ་མེད་ཅིག་རེད། དེའི་རྐྱེན་པས་དགེ་བཤེས་ལགས་ཀྱིས་(འཇམ་ནོར་ནས་ཉེ་ཆར་དོལ་རྒྱལ་བ་སེར་སྨད་སྒོ་སོག་བླ་བྲང་གི་བདེ་ཆེན་སྤྲུལ་སྐུ་དང་མཉམ་དུ་དཔུང་གདངས་གཅིག་ལ་སྦྲེལ་ནས་དཔར་རྒྱག་པ་དེས་འཇམ་ནོར་ཁོ་པ་ཇི་འདྲ་ཞིག་ཡིན་མིན་གསལ་པོར་བསྟན་པར་སྣང་ངོ་།) ཞེས་བཤད་འདུག ཁྱོད་རང་དགེ་བཤེས་ཡིན་ཕྱིར་རྫུན་དེ་འདྲ་ཆེན་པོ་བཤད་ཀྱི་མ་རེད་ལ། སྤྱི་ཚོགས་སུ་དེ་འདྲའི་དཀྲུགས་ཤིང་ཆེན་པོ་མི་རྒྱག་པར་ཆ་བཞག
དོལ་རྒྱལ་བསྟེན་མི་དང་མཉམ་དུ་པར་བརྒྱབ་ན་ཉིད་ལ་ཧ་ཅང་ཐབས་སྡུག་པོའི་དགོངས་ཚུལ་ཡོད་པ་བཞིན། པར་དེ་འང་རྩོམ་ཡིག་དང་མཉམ་དུ་ཁྱབ་བསྒྲགས་བྱེད་དགོས་པ་རེད། ལོ་རྒྱུས་ནང་བོད་རང་བཙན་ཡིན་མིན་དེ། ངེད་གཉིས་ཀྱིས་དེ་རིང་འདི་ནས་ཚོར་སྣང་དང་ད་ལྟའི་གནས་སྟངས་ཤིག་གིས་ཐག་བཅད་ཐུབ་པ་ཞིག་མ་རེད། ཡིན་ནའང་ཉིད་ཀྱིས་རྩིས་དཔོན་ཞྭ་སྒབ་པའི་ནོར་འཁྲུལ་རང་ལ་རྩིས་ཏེ། བོད་རང་བཙན་མིན་པར་ཐག་བཅད་ཀྱི་འདུག དྲང་མོ་བཤད་ན་དངོས་གནས་ཧ་ལས་པ་རེད། ཆབ་སྲིད་སྐྱབས་བཅོལ་བའི་མི་ཞིག་གི་ངོས་ནས་ལྟས་ན་ཧ་ལས་པ་རེད། ཁ་བྲལ་ལ་ངོ་རྒོལ་དང་། ཀྲུང་ཧྭ་ཁྱིམ་ཚང་ཆེན་མོར་གཅིག་གྱུར་གྱི་ལྷག་བསམ་རྣམ་དག་གི་རྒྱལ་གཅེས་པ་ཞིག་ཡིན་ས་རེད། ཧ་ལས་སོང་།
ཆོས་མིན་ཆོས་བའི་བརྟུར་ཞུགས་གང་ན་སུ།།
གཞི་མེད་སྐུར་འདེབས་རང་གཤིས་ཕྱི་ལ་སྟོན།།
སྲིད་མེད་སྲིད་ཀྱི་གནས་ལུགས་ཁ་ནས་འཕྱོ།།
སྡོམ་གསུམ་གུད་དུ་འགྲོ་བའི་རྒྱུ་རྐྱེན་ལགས།།
མཚན་བཟང་དགེ་བཤེས་མིང་གིས་ཡོངས་སུ་བཏུམས།།
དགེ་མེད་སྲིད་དོན་སྨྲ་བའི་འཇིག་རྟེན་ལས།།
ཁྱད་མེད་རྣམ་རྟོག་མཛོད་ཀྱི་གོང་བུ་དང་།།
རྣམ་དབྱེ་གང་ཡོད་སུ་དང་གང་གི་རྟོགས།།
འཇམ་ནོར་ལགས་ནས་རང་བཙན་ལ་སེམས་ཤུགས་ཡོད་དོགས་ཀྱིས་༧གོང་ས་མཆོག་གི་ད་བར་བསྐྱངས་པའི་མཛད་འཕྲིན་ལ་མ་རངས་པའི་ཟུར་ཟ་དེ་ལ་ངོས་ལེན་མེད་ལ་དགེ་བཤེས་མཁར་རྡོ་ལགས་ནས་༧གོང་ས་མཆོག་དང་ལམ་དབུ་མར་ཡིད་རངས་དོགས་ཀྱིས་བོད་རིགས་ནང་འཁུལ་མཐོང་ཚུལ་མི་བདེ་བཟོ་རྒྱུ་གཉིས་ཀ་ལ་རུལ་དྲི་ཁག་གི་འདུག
སྐུ་ཅི་ཁྱེད་གཉིས་ཀ་སྤྱི་ཚོགས་ནང་བརླབས་ཆེན་གྱི་མི་སྣ་ཞིག་བྱེད་འདོད་ན་མ་མཐར་ཡང་བླ་མ་དང་སློབ་མའི་བར་བསམ་ཚུལ་ངན་པ་མི་ཡོང་བ་ཞིག་དང་སྤྱི་ཚོགས་ནང་ཁུལ་ལ་ལྟ་སྟངས་ངན་པ་མི་ཡོང་བའི་བསམ་ཤེས་ཤེིག་ཡོད་པའི་སྟེང་ནས་གླེང་རོགས་ཐུགས་རྗེ་གཟིགས།
དགེ་བཤེས་ལགས་འདིར་ཆབ་སྲིད་སྐོར་ཐུགས་རྒྱུས་ཆེར་མེད་པ་འདྲ། “བོད་གཞུང་” དང་ “བོད་གཞུང་”ཞེས་ཁོང་གིས་ཡང་ཡང་གླེང་སོང་། ༸རྒྱལ་བའི་དགོངས་དོན་དང་འདས་ལོའི་དམིགས་བསལ་ཚོགས་ཆེན་གྱི་གཏན་འབེབ་ལྟར་དེ་སྔོན་བཙན་བྱོལ་བོད་གཞུང་ཞེས་པ་དེ་“བཙན་བྱོལ་བོད་མའི་སྒྲིག་འཛུགས་”སུ་བསྒྱུར་ཟིན་པ་ནས་དེར་སླར་ཡང་“བོད་གཞུང་”ཞེས་འབོད་མཁན་ནི་རང་བཙན་ལྟ་སྒྲུབ་ཡོད་མཁན་ཚོ་ལས་མེད། འོན་ཀྱང་དགེ་བཤེས་ལགས་ཀྱིས་རང་བཙན་འདོད་མཁན་ཚོ་དོལ་རྒྱལ་ཚོགས་པའི་ཆབ་ཁོངས་སུ་སྒྲུབ་ཁུལ་གྱིས་རང་ཉིད་ཀྱིས་“བོད་གཞུང་”ཞེས་དབུ་མ་ཚོས་པའི་གཏམ་སྨྲ་བ་ནི་སྤྲེའུ་གར་རྩེད་ཀྱི་རྗེས་འབྲང་འདུག
དགེ་བཤེས་ལགས་ནས་དེ་སྔོན་ཁ་བརྡ་དྲྭ་བའི་ནང་དབུ་མ་དང་རང་བཙན་ཞེས་པའི་ཆོལ་གསུམ་དཀྲུགས་ཤིང་གིས་རྩོམ་ཡིག་ཞིག་སྤེལ་སོང་དེ་ལས་འདི་ཅུང་ལེགས། འོན་ཀྱང་ད་དུང་འདྲི་མ་ཅུང་ཟད་བསྡད་འདུག དགེ་བཤེས་ལགས་ནས་གསུང་པར་གཞིས་ན་བོད་རང་བཙན་གྱི་དཔང་པོ་དེ་ཤིན་ཏུ་རྙེད་དཀའ་བ་ཞིག་ལ་དགོངས་པ་བཞེས་ཀྱི་ཡོད་ས་རེད། རྙེད་པ་དཀའ་བའི་དཔང་པོར་དཔང་བཏགས་ཚད་ལྡན་དང་། རྙེད་སླ་བའི་དཔང་པོར་དཔངས་བཏགས་ཚད་ལྡན་མིན་པའི་གནས་ལུགས་གང་ཞིག་ཡོད་དམ། དཔང་བཏགས་བཞེས་དཔང་བཏགས་ཐུབ་མ་ཐུབ་ལས་རྙེད་དཀའ་མིན་དང་རིང་ཐང་ཆེ་ཆུང་ངོས་ནས་བཞག་ན་ག་ལ་འགྲིག་སྙམས་སོ།
ལོ་རྒྱུས་ནང་ལ་རང་བཙན་ཡིན་དང་ཡིན། །
ལོ་རྒྱུས་ནང་ལ་རང་བཙན་ཤོར་བའང་སྲིད། །
ལོ་རྒྱུས་འདས་པས་དེ་ལ་སྙིང་པོ་མེད། །
ལོ་རྒྱུས་གསར་པའི་སྙིང་པོ་ལོན་འདོད་ན། །
ལོ་རྒྱུས་གསར་པ་དབུས་མར་ཤར་བགྲོད་གྱིས། །
་་་་་ འཇམ་ནོར་ནས་ཉེ་ཆར་དོལ་རྒྱལ་བ་སེར་སྨད་སྒོ་སོག་བླ་བྲང་གི་བདེ་ཆེན་སྤྲུལ་སྐུ་དང་མཉམ་དུ་དཔུང་གདངས་གཅིག་ལ་སྦྲེལ་ནས་དཔར་རྒྱག་པ་དེས་འཇམ་ནོར་ཁོ་པ་ཇི་འདྲ་ཞིག་ཡིན་མིན་གསལ་པོར་བསྟན་པར་སྣང་ངོ་།། ་་་་་ཟེར།
དགེ་བའི་བཤེས་ཀྱིས་འགྲོ་རྣམས་ཆོས་ལ་འགོད།།
དགེ་བཤེས་མཁའ་རྡོས་འགྲོ་བར་ཆབ་སྲིད་བསྟན།།
དགེ་བའི་བཤེས་ཀྱིས་འགྲོ་ཀུན་སྡུག་ནས་སྐྱོབས།
དགེ་བཤེས་མཁའ་རྡོས་འགྲོ་བའི་སྐྱོན་འཚང་བསྟན།།
དྲང་པོ་བཤད་ན་ཁྱེད་རང་གི་སྐད་ཆ་འདིར་གོ་དོན་བཟང་ས་ནས་མང་པོ་འདུག འོན་ཀྱང་བོད་རང་བཙན་ཅེས་ལབ་མཁན་དེར་དོ་རྒྱལ་ཚོགས་པ་དང་རྒྱ་མིའི་རྒྱུགས་ཁྱི་སོགས་ཡིན་པའི་ཁ་སྟོང་འདི་ནི་དེ་སྔོན་སྐུ་དྲག་ཚོས་བོད་ཚོང་བའི་སྐབས་ཀྱི་རིགས་པ་རྙིང་པ་ཞིག་ལས་དགེ་བཤེས་ལགས་ཀྱི་གསར་གཏོད་དང་བསམ་ཚུལ་ཚད་ལྡན་ཞིག་ཡིན་སྣང་ཤར་མི་རིགས། དེ་ཡང་དགེ་བཤེས་ལགས་ཀྱི་མ་ཤེས་པ་ཡིན་ན་ཐུགས་ཁག་མེད། སོ་སོའི་གཞུང་ལ་སོ་སོའི་སྐྱོན་བརྗོད་བྱས་ཆོག་པ་དེ་རྒྱབ་ཁབ་དེའི་སྲིད་གཞུང་དང་མི་མང་གཉིས་ཀི་ངོས་ནས་གཟི་བརྗེད་ཡིན་པ་འཚོ་དགོས། དམངས་གཙོ་དང་མང་གཙོ་ཅེས་མ་ནི་བགྲང་བགྲང་བྱེད་སྡོད་པའི་དོན་སྙིང་མ་རྟོགས་པ་འདི་དགེ་བཤེས་ཁྱེད་རང་གི་སེར་བྱེས་དགེ་སྐོས་ཟུར་པ་ཡ་མ་བསམ་འགྲུག་གི་གུང་ཁྲན་བསམ་བློ་ལ་སློབ་སྟོན་ཞུས་པ་མཚོན་གི་འདུག