སྲིད་སྐྱོང་མཆོག་གིས་རྒྱ་གར་གསར་ལམ་དུ་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་ཚོས་རྒྱ་གར་གྱི་མི་སེར་ཐོབ་ཐང་བཟོ་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་འགྱུར་ཞུ་རྒྱུ་ཡིན་གསུངས་འདུག
དེ་རིང་ཕྱི་ཚེས་ ༢༢ ཉིན་རྒྱ་གར་དུས་བབ་ཚགས་པར་(The Times Of India)སྟེང་གནས་ཚུལ་བཀོད་པ་ལྟར་ན། ཁ་སང་ཕྱི་ཚེས་ ༢༡ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་ནང་གནས་སྡོད་བྱེད་བཞིན་པའི་བཙན་བྱོལ་བོད་མི་ཚོས་རྒྱ་གར་གྱི་མི་སེར་ཐོབ་ཐང་བཟོ་ཆོག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོར་རྒྱ་གར་མི་སེར་ཐོབ་ཐང་བཟོ་བར་རྒྱབ་གཉེར་ཡིག་ཆའི་རོགས་རམ་གནང་རྒྱུ་ཡིན་ཞེས་བརྗོད་འདུག ཁོང་གིས་ “ བོད་མིའི་སྒྲིག་འཛུགས་ (CTA) གྱིས་བོད་མི་ཚོས་རྒྱ་གར་གྱི་མི་སེར་བཟོ་བར་བཀག་འགོག་བྱེད་ཀྱིན་མེད་ལ། མི་སྒེར་གྱིས་རྒྱ་གར་རམ་རྒྱལ་ཁབ་གང་རུང་ཞིག་གི་མི་སེར་ཐོབ་ཐང་བཟོ་ན་གང་ཟག་སོ་སོ་ཐག་གཅོད་ཅིག་རེད་” ཅེས་བརྗོད་འདུག
༡༩༨༦ ལོའི་རྒྱ་གར་གྱི་མི་སེར་ཐོབ་ཐང་རྩ་ཁྲིམས་ནང་གསལ་བ་ལྟར་ན། ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ ལོའི་བར་རྒྱ་གར་ནང་སྐྱེས་པ་ཡིན་ན་རྒྱ་གར་མི་སེར་ཐོབ་ཐང་བཟོ་ཆོག་པར་བརྟེན། ཆ་རྐྱེན་དེས་འོག་རྒྱ་གར་ནང་གི་སྐྱབས་བཅོལ་བོད་མིང་པོ་ཞིག་ལ་རྒྱ་གར་གྱི་མི་སེར་བཟོ་ཆོག་པའི་ཐོབ་ཐང་ཡོད་པ་དང་། གནད་དོན་འདིའི་ཐད་ད་སྔ་བོད་མིའི་སྒྲིག་འཛུགས་ཀྱིས་བཀག་འགོག་བྱས་མེད་ལ། དམིགས་བསལ་སྲིད་བྱུས་ཀྱང་ཁ་གསལ་གང་ཡང་མེད།
རྒྱ་གར་དུས་བབ་ནང་མུ་མཐུད་བཀོད་དོན། འདི་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོར་རྒྱ་གར་མི་སེར་བཟོ་ཆོག་པའི་གཞུང་འབྲེལ་གྱི་ཆོག་མཆན་དང་པོ་དེ་ཆགས་ཡོད། ༢༠༡༡ ལོར་བོད་རིགས་བུད་མེད་རྣམ་རྒྱལ་སྒྲོལ་དཀར་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་རག་པའི་བོད་མི་ཐོག་མ་དེ་ཆགས་ཡོད་པ་རེད་ཅེས་སོགས་བཀོད་འདུག
སྲིད་སྐྱོང་མཆོག་གིས་མུ་མཐུད་དུ། ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་འགན་དབང་འཁུར་བའི་ལོ་གཉིས་རིང་བོད་མི་ ༡༤ ཙམ་གྱིས་བོད་མིའི་སྒྲིག་འཛུགས་འབྲེལ་ཡོད་ལས་ཁུངས་ལ་རྒྱ་གར་གྱི་མི་སེར་བཟོ་རྒྱུར་སྙན་ཞུ་འབྱོར་བ་རྣམས་ལ་གཞུང་གིས་རྒྱབ་གཉེར་མཐུན་འགྱུར་ཞུས་ཡོད་སྐོར་སོགས་གསུངས་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།
བློ་སེང་མཆོག་སྲིད་སྐྱོང་གནང་ཡུན་ལ་ཐག་གཅོད་ག་རེ་གནང་ན་ཡང་སྤྱི་དོན་ཡིན་པར་བརྩིས་ནས་རྒྱབ་སྐྱོར་ཆ་ཚང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་རྟག་ཏུ་རྒྱལ་འགྱུར་ཅིག །
རྒྱ་གར་དུ་ཡོད་པའི་བོད་མི་རྒྱ་གར་གྱི་མི་སེར་བཟོ་ཆོག་མི་ཆོག་ཅེས་པ་འདི་གནད་དོན་ཞིག་མ་རེད། ཅིས་ཕྱིར་བཟོ་རྒྱུའི་ཀུན་སློང་དེ་གཙོ་བོ་རེད།
༡) གཞི་བྱེས་བོད་མིའི་བདེན་དོན་གྱི་འཐབ་རྩོད་ལ་ཡིད་ཐང་ཆད་ནས་རྒྱལ་ཁབ་གཞན་གྱི་མི་སེར་གྱི་འགན་དབང་ལ་རེ་བ་བཅོལ་བ་ཡིན་ནམ། དེ་ལྟར་ན་སོ་སོའི་མི་རིགས་དང་རིག་གཞུང་ལ་དུང་ཞེན་རྩ་བ་ནས་མེད་མཁན་ཞིག་ཡིན་སྟབས་ང་ཚོས་ཁོ་ཚོར་ཕ་མེས་ཀྱི་བླ་ཚོང་ཞེས་འབོད་ནའ་ཆོག
༢) བོད་མི་རིགས་འདིའི་མ་འོངས་པའི་འཐབ་རྩོད་ཆེད་ལས་འགུལ་འདྲ་མིན་རིགས་སྤེལ་སླ་བའི་ཆེད་དུ་ཡིན། དེ་ལྟར་ཡང་ད་བར་རྒྱ་གར་གཞུང་གིས་བོད་མིའི་ལས་འགུལ་ཆེ་ཕྲ་གང་ལའང་ཚད་ལས་རྒལ་བའི་བཀག་སྡོམ་བྱས་པ་ཞིག་མ་མཐོང་། བལ་ཡུལ་ཚོགས་ལ་ལྟོས་ན་རྒྱ་གར་ནི་ཆེས་གུ་ཡངས་ཞིག་རེད།
༣) སྐྱབས་བཅོལ་བའི་ལག་དེབ་འདི་ཉིད་ཀྱི་དཀའ་ངལ་སེལ་ཆེད་སོགས་གླེང་ན། དེས་ན་གལ་སྲིད་བོད་མི་ཞིག་རྒྱ་གར་མི་སེར་དུ་བཟོ་དགོས་ན་ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ ལོའི་བར་སྐྱེས་པ་ཞིག་ཡིན་དགོས་སྟབས། RC གྱི་དཀའ་ངལ་འཕྲད་ས་གཙོ་བོ་དེ་བོད་ནས་འབྱོར་བའི་གསར་པ་ཚོ་རེད་མོད།
གང་ལྟར་བཙན་བྱོལ་བོད་མི་རྒྱ་གར་གྱི་མི་སེར་ཅིས་ཕྱིར་ཆགས་འདོད་ཡོད་དམ་ཞེས་པའི་དྲི་བ་འདི་རེད།
བློ་སེང་གི་བྱེད་ཕྱོགས་དེ་འགྲིག་པ་རེད། གང་ལྟར་ཁྲིམས་མཐུན་གྱི་ལས་ཀར་རྒྱབ་གཉེར་ཡོད་པའི་རྣམ་འགྱུར་ཞིག་དཔོན་པོ་སུ་ཡིན་རུང་སྟོན་དགོས་པ་ཆོས་ཉིད་མ་རེད་དམ། དེར་ཁ་རྡུང་གཏོང་བ་ནི། ལྐུག་རྟགས་རང་རེད།
རྒྱལ་ཁབ་གང་ཞིག་ཏུ་བོད་དོན་ལས་འགུལ་སྤེལ་སྐབས་རྒྱལ་ཁབ་དེའི་སྒྲིག་སྲོལ་ཁྲིམས་དང་མ་མཐུན་པའམ་དེ་ལས་བརྒལ་བའི་ལས་འགུལ་སྤེལ་བའི་སྐབས་མི་འདུག་ལ། ད་བར་དུ་ང་ཚོ་གནས་ཡུལ་རྒྱ་གར་གྱི་སྒྲིག་སྲོལ་ཁྲིམས་ཀྱི་ར་བ་ལས་བརྒལ་ཏེ་བོད་དོན་ལས་འགུལ་སྤེལ་བའི་ལམ་ཕྲ་མོ་ཙམ་ཡང་ཡོད་མྱོང་མེད་པ་གསལ་པོ་རེད་ལ། ལས་འགུལ་ཆེ་ཆུང་གང་ཟིག་སྤེལ་སྐབས་ཆོག་མཆན་རེག་མིན་དང་ཐོབ་ཐང་ཡོད་མེད་སོགས་ལས་འགུལ་བཀོད་སྒྲིག་པ་ཚོར་དཀའ་ངལ་གང་མང་མང་འཕྲད་དང་འཕྲད་བཞིན་ཡོད་པ་རེད།
རྒྱ་གར་གྱི་མི་སེར་ཆགས་ན་བཟང་ཆ་ལས་གནོན་པ་ཡོད་རྒྱུ་མ་རེད་སྙམ། ཕྱི་རྒྱལ་ཁག་ན་ཡོད་པའི་བོད་མི་ཚོ་རྒྱལ་ཁུངས་སོ་སོ་དེ་ཚོའི་མི་སེར་ཆགས་པར་འབད་འབུངས་བྱས་ནས་མི་སེར་ཆགས་པ་རེད། རྒྱལ་ཁབ་དེ་དག་གི་མི་སེར་ཆགས་ཀྱང་རང་ཉིད་བོད་མི་ཡིན་པ་དང་བོད་ཞེན་ཆེ་བ། བོད་དོན་ཐད་ལ་ལས་ཀ་བྱེད་པ་སོགས་པ་ཕན་པ་ལས་གནོན་སྐྱོན་མི་འདུག་པ་གསལ་པོ་རེད།
ང་ཚོ་རྒྱ་གར་དུ་གནས་སྡོད་བོད་མི་ཚོ་ཡང་གནས་ཡུལ་རྒྱ་གར་ཀྱི་མི་སེར་ཆགས་ན་བོད་དོན་ལས་འགུལ་སྤེལ་བར་དེ་བས་ཤུགས་ནུས་རྒྱག་སླ་བ་དང་། ཐོབ་ཐང་རྩོད་བདེ་པ་མིན་འགྲོ།
དེ་མིན་དེང་གི་དུས་འདི་ལ་རྒྱ་གར་མི་སེར་དང་ཤེས་ལྡན་པ་ཚོའི་ཁྲོད་དུའང་དེང་གི་བོད་མི་ཚཽ་རྒྱལ་ཁུངས་གང་ལ་འཇོག་དགོས་མིན་ཐད་ལའང་ཐེ་ཚོམ་དང་འགྲེལ་བཤད་འདྲ་མིན་རྒྱག་མཁན་འདུག
མང་མང་ཞིག་གིས་ནི་བོད་མི་ཚོ་རྒྱ་ཁོངས་སུ་འཇོག་གི་འདུག ཡང་འགས་ཤས་ཀྱིས་རྒྱ་གར་གྱི་ཁུངས་གཏོགས་རེད་མདོག་མདོག་གིས་བཀྱག་བཀྱག་བཤད་ཀྱིན་འདུག
གང་ལྟར་ཀྱང་མི་སེར་ཐོབ་ཐང་ལག་ཁྱེར་བཟོ་སྟངས་འདི་ལ་གཞཱུང་གིས་རྒྱབ་སྐྱོར་དང་མི་དམངས་ཀྱིས་ཀྱང་རང་གི་ཐོབ་ཐང་འདི་མ་ཤོར་བ་ཞིག་བྱ་དགོས་སྙམ།
དེ་མིན་R.C . ཡོད་མེད་ཀྱི་དཀའ་ངལ་དང་། དེ་ཐོ་འགོད་བྱེད་ཐུབ་མིན་ཀྱི་དཀའ་ངལ། ལས་ཀ་གང་ཞིག་བྱས་པ་འགྲིག་མ་འགྲིག་གི་དཀའ་ངལ། ད་དུང་ཕྱི་རྒྱལ་ཁག་ཏུ་འགྲོ་དུས་ཐོངས་མཆན་དང་ལག་ཁྱེར་ཞིབ་བཤར་སྐབས་སུ་དེ་བས་ཀྱང་དོགས་ཟོན་དང་བློ་སེམས་མི་བདེ་བ་སོགས་དཀའ་ངལ་མང་དག་ཅིག་ཡོད་པ་རེད།
དེ་ལོས་ཆོག
མི་དྲག་བླ་དྲག་རྒྱུ་དྲག་ཐམས་ཅད་ལ་མི་སེར་གཞན་གྱི་ཤོག་ལྷེ་རེ་ཡོད་པ་མངོན་སུམ་ར་སྤྲོད་རེད།
མི་མང་དཀྱུས་མ་ཚོ་ལ་བོད་ཞེན་དགོས། དེ་ལྟར་བླངས་ན་བོད་དོན་བརླགས། སོགས་ཟེར་ནས་ད་ལྟ་བར་འཐོམས་སུ་བཅུག་པ་རེད། དེ་ཚོ་བླང་དགོས་རེད་བསམ་གྱི་ཡོད།
སྔ་མོ་ཕྱི་རྒྱལ་ལ་བོད་པ་ཤོར་འགྲོ་ཙམ་དུས་བོད་མིའི་སྤྱི་ཚོགས་ནང་སྨྲེ་ངག་གིས་་་་་ད་བོད་དོན་ཡལ་བ་རེད་ཟེར། ཡལ་རྒྱུའི་ཚབ་ལ་ཤུགས་ཇེ་ཤུགས་རེད།
རྒྱ་གར་མི་སེར་ནི་ང་ཚོར་འཐོབ་པའི་ཁྲིམས་ཀྱི་ཐོབ་ཐང་དང་བོད་དོན་ལའང་ཕན་ངེས་ལས་གནོད་མི་སྲིད་འདོད་དོ།།
ལོ་ཚད་བར་སྐྱེས་པའི་ཕ་མ་གཉིས་ཀ་སང་ཉིན་རྒྱ་གར་མི་སེར་ཆགས་པ་ཡིན་ན། ལོ་༡༥ སོན་པའི་བུ་དེ་མི་སེར་ཆགས་ཐུབ་བམ།
ལོ་གང་མང་སྔོན་ནས་ཟམ་གིས་གསུང་ཟིན་ལ། བྷོ་ཊི་ཡ་ཟེར་བའི་བོད་པ་མང་ལ། བླ་མ་ཟེར་བའི་བོད་པ་མང་བོ་ཡོད་རེད། རྒྱ་གར་མི་སེར་ཆགས་མཁན་ཐོག་མ་རྣམ་སྒྲོལ་ཨེ་ཡིན་སྙམ།
གནད་དོན་འདི་རྒྱ་གར་གཞུང་གི་རྩ་ཁྲིམས་ནང་ཡོད་པ་ཞིག་རེད། བློ་སེང་གིས་གསར་དུ་ཤེས་མདོག་དང་། ཡང་ཁོ་རང་གིས་འཇོན་མདོག་བྱེད་ཀྱི་ཡོད་རེད། དངོས་གནས་སྐྱུག་བྲོ་བའི་ལས་ཀ་རང་རེད།
ངོ་རྫོག
་་་་་་་ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ ལོའི་བར་རྒྱ་གར་ནང་སྐྱེས་པ་ཡིན་ན་རྒྱ་གར་མི་སེར་ཐོབ་ཐང་བཟོ་ཆོག་པར་བརྟེན། ཆ་རྐྱེན་དེས་འོག་རྒྱ་གར་ནང་གི་སྐྱབས་བཅོལ་བོད་མིང་པོ་ཞིག་ལ་རྒྱ་གར་གྱི་མི་སེར་བཟོ་ཆོག་པའི་ཐོབ་ཐང་ཡོད་་་་་་་་་