རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་དང་། རྒྱལ་སྤྱིའི་དགེ་འདུན་མཆོད་པའི་སྦྱིན་བདག་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༢༠ ཙམ་ལ། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་ཡོད་པའི་ལིན་ཁུའུ་རྒྱལ་ཡོངས་རྩེད་ཐང་ཆེན་མོར། རྒྱལ་སྤྱིའི་དགེ་འདུན་མཆོད་པའི་ཆོས་འཁོར་ཆེན་མོ་ཚོགས་ཡོད་པ་དང་། སྐབས་དེར་སྔ་འགྱུར་རྙིང་མའི་རྫ་ཀིཿ་ལུང་སྤྲུལ་སྐུ་དང་བཀའ་བརྒྱུད་ཀྱི་མཁན་པོ་ཚུར་རྣམ་རིན་པོ་ཆེ། ས་སྐྱའི་བཀྲ་ཤིས་རིན་པོ་ཆེ། དགེ་ལུགས་ཀྱི་སྤྲུལ་སྐུ་ཨ་ཀ་རིན་པོ་ཆེ། ཇོ་ནང་གི་འཐུས་ཚབ་ཀཿཐོག་རིག་འཛིན་ཆེན་པོ་རིན་པོ་ཆེ་བཅས་ཀྱི་དབུས་པའི་མཁན་སྤྲུལ་དགེ་བཤེས་དང་། བོད་ཀྱི་དགེ་འདུན་པ་བརྒྱ་ལ་ཉེ་བ་བཅས་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་སྤྲུལ་དང་། ཐའེ་ཝན་གྱི་བླ་སྤྲུལ་དགེ་འདུན་པ་དང་ས་གནས་དཔོན་རིགས། དེ་བཞིན་དད་ལྡན་མང་ཚོགས་བཅས་མི་གྲངས་ཁྲི་ ༢ ལྷག་འདུ་འཛོམས་བྱུང་ཡོད་འདུག
དགེ་འདུན་མཆོད་པ་ནི་ཐའེ་ཝན་གྱི་གནས་བརྟན་དང་བླ་ཆེན་ཆེ་ཤོས་ཁག་གིས་དབུ་ཁྲིད་གནང་བའི་རྒྱལ་ཡོངས་ནང་པའི་ལོ་ལྟར་གྱི་ཆོས་ཕྱོགས་ལས་འགུལ་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། ད་ཐེངས་བོད་ཀྱི་ཆོས་བརྒྱུད་ཁག་ཡོངས་རྫོགས་མཉམ་ཞུགས་གནང་བ་ཐོག་མ་དེ་ཆགས་ཡོད་འདུག