ཟླ་བ་ཚེ་རིང་།
པོ་ཞི་ལེ། རྒྱ་ནག་གི་‘‘ཕུ་ཅིན།’’
‘‘མི་འགའ་ཤས་ཀྱིས་ང་སྲིད་བློན་ལ་འདུག་འདོད་ཡོད་པ་རེད་ཟེར། འདི་རྩ་བ་ཉིད་ནས་བདེན་པ་མ་རེད། ཚོགས་ཆེན་བཅུ་བདུན་པའི་རྗེས་སུ། ཀྲུང་དབྱང་གི་མི་འགྲོ་གཞི་རྩའི་ཆ་ནས་གཏན་འཁེལ་ཚར་ཡོད། བློ་མཐུན་ལི་ཁེ་ཆང་སྲིད་བློན་དུ་བསྐོ་རྒྱུ་ཡང་ཐག་བཅད་ཚར་བའི་དོན་དག་ཅིག་རེད། ཡང་འགའ་ཞིག་གིས་ང་རྒྱ་ནག་གི་ ‘ཕུ་ཅིན’ བྱ་འདོད་ཡོད་པ་རེད་ཟེར། དེ་ཡང་གཞི་རྩ་མེད་པའི་ཚིག་སྟོང་པ་ཙམ་ཞིག་རེད། ’’གོང་གི་ཚིག་དུམ་འདི་པོ་ཞི་ལེ་ལ་ཁྲིམས་བཤེར་མཇུག་བསྒྲིལ་སྐབས་ཀྱི་ཁོའི་སྐད་ཆ་རེད། སྐད་ཆ་འདི་མཇུག་མ་རྫོགས་གོང་ཁྲིམས་དཔོན་གྱིས་ཁོའི་བཤད་མཚམས་བཅད་ཡོད་པ་མ་ཟད། དེའི་རྗེས་ཁྲིམས་བཤེར་ཡིག་ཚགས་དང་ཝེ་པོ་དྲ་བ་སོགས་ཁྲིམས་ཞིབ་ཡོངས་ཁྱབ་གསལ་བསྒྲགས་ནང་ནས་ནག་གསུབ་བཏང་ཡོད།
པོ་ཞི་ལེ་ཡིས་རང་ཉིད་རྒྱ་ནག་གི་སྲིད་བློན་བྱ་འདུན་ཡོད་པ་དང་། སྲིད་བློན་དུ་བསྡད་རྗེས་ཤོག་ཁག་སྟོབས་ཤུགས་ལ་བརྟེན་ཏེ། ཨུ་རུ་སུའི་སྲིད་འཛིན་ཕུ་ཅིན་ལྟར་རྒྱ་ནག་གི་སྲིད་བློན་ནས་སྲིད་འཛིན་དུ་འདུག་འདོད་པ་ངོས་ལེན་མ་བྱས་པའམ། ཡང་ན། ཁྲིམས་བཤེར་སྐབས་ཆེས་མཐོའི་དཔོན་རིགས་ནང་ཁུལ་གྱི་སྲིད་དབང་འཐབ་རྩོད་དང་འབྲེལ་བའི་ཚིག་བརྗོད་ཁག་ཁྲིམས་དཔོན་གྱིས་སྟངས་འཛིན་དང་། མཚམས་གཅོད། ཁ་བསྒྱུར། ཡིག་ཚགས་སོགས་ནས་ནག་གསུབ་བཏང་ཡོད་ཀྱང་། པོ་ཞི་ལེ་ཡི་དོན་རྐྱེན་ནི་ནང་ཁུལ་སྲིད་དབང་འཐབ་རྩོད་ཀྱི་དོན་རྐྱེན་ཞིག་ཡིན་ལ། དོན་རྐྱེན་འདི་མི་བཞི་ཤོག་ཁག་གི་རྗེས་ནས་རྒྱ་ནག་ནང་ཁུལ་སྲིད་དབང་འཐབ་རྩོད་ཀྱི་ནང་ཉོག་ཕྱིར་མངོན་ཐེངས་དང་པོ་དེ་ཡང་ཆགས་ཡོད།
པོ་ཞི་ལེ་ཡི་ ‘‘རྨི་ལམ་’’འདི་ཁོ་གཅིག་བུའི་མིན། འདི་ཕྱོགས་ཁག་ཅིག་གི་ ‘‘རྨི་ལམ་’’ ཡིན་ལ། རྨི་ལམ་འདིའི་ཆེད་དུ་ཅང་ཙེ་མིན་དང་ཀྲུག་ཡུང་ཁང་ཤོག་ཁག་གིས་དུས་ཡུན་རིང་བོའི་ནང་འཆར་འགོད་དང་། གྲ་སྒྲིག མངོན་གསལ་དང་མངོན་གསལ་མིན་པའི་ཐོག་ནས་ལག་བསྟར་བྱས་ཡོེད། རྒྱ་ནག་གི་དམར་རབས་གཉིས་པའི་དཔོན་རབས་བཞི་པ་དང་ལྔ་བའི་མི་འགྲོ་འདེམས་སྒྲུག་སྐབས། ཤོག་ཁག་སྟོབས་ཤུགས་འཐབ་རྩོད་དེས་སྔར་གྱི་དབུས་ཆབ་སྲིད་རྒྱུན་ལས་མི་ལྔ་ལས་བདུན་དང་། བདུན་ལས་དགུ་བར་སྤར་མྱོང་ཡོད་ཅིང་། མུ་མཐུད་ཤོག་ཁག་སྟོབས་ཤུགས་འདྲ་མཉམ་དང་རྒྱ་སྐྱེད་དུ་འགྲོ་ཆེད། མི་འགྲོ་བཅུ་གཅིག་ཏུ་སྤར་ཐབས་ཀྱང་བྱས་མྱོང་ཡོད། དུས་ཡུན་དེའི་རིང་དབུས་ཆབ་སྲིད་ཅུའི་རྒྱུན་ལས་མི་འགྲོ་མང་ཤོས་ཤོག་ཁག་འདིས་བཟུང་ཡོད་ལ། དབུས་ནས་ས་གནས་བར་གྱི་རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་དབང་ཤུགས་གང་འཚམ་ཞིག་ཀྱང་ཤོག་ཁག་འདིས་བཟུང་ཡོད།
པོ་ཞི་ལེ་མགོ་རྟིང་མ་སློག་པའི་སྔོན་དེར་ཤོག་ཁག་འདིས་རྒྱ་ནག་གི་ནུབ་བྱང་ས་ཁུལ་ཡོངས་རྫོགས་དང་། དེ་མིན་གལ་གནད་ཅན་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཅིག་ཀྱང་ཕྱེད་དབང་བསྒྱུར་གྱི་ཚུལ་དུ་བཟུང་ཡོད། ཞི་ཅན་ཕིན་སྲིད་འཛིན་དུ་བསྐོ་འཇོག་གཏན་ཁེལ་བྱུང་རྗེས། ཀྲུག་ཡུང་ཁང་དང་པོ་ཞི་ལེ་ཡིས་གསང་བའི་ཐོག་ནས་ཁོ་སྲིད་འཛིན་དུ་བསླེབ་པར་འགོག་རྐྱེན་བཟོ་ཐབས་བྱས་ཡོད་ལ། དེ་སྔ་ལྟར་ཏང་སྲིད་མགོ་ཁྲིད་གཅིག་བུ་མིན་པར། འགོག་རྐྱེན་ལམ་ལྷོངས་ཡོང་བར་གཙོ་བོ་དམག་གི་སྟོབས་ཤུགས་སྤྱོད་ཐབས་ལ་འབད་བརྩོན་བྱས་ཡོད། འགོག་རྐྱེན་འདི་ལམ་ལྷོངས་བྱུང་ཡོད་ཚེ་རྒྱ་ནག་ནང་ ‘‘དམག་གྱེན་ལོག་’’ གི་གནས་ཚུལ་ཆེན་པོ་ཞིག་བྱུང་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད།
རྣོ་ངར་ལྡན་པའི་སྲིད་དབང་འཐབ་རྩོད་འདིའི་ཁྲོད། ཝུན་ཅ་པའོ་དང་ཞི་ཅན་ཕིན་ཤོག་ཁག་སྟེ། རྒྱ་ནག་གི་ཕྱི་ཚུལ་གུ་ཡངས་རིང་ལུགས་པ་ཚོས་དུས་ཚོད་ཐུང་ངུའི་ནང་པོ་ཞི་ལེ་ཕམ་པར་རྒྱག་ཐུབ་མེད་པ་ཡིན་ན། ད་ལྟའི་རྒྱ་ནག་དང་རྒྱལ་སྤྱིའི་མཐོང་ལམ་ནས་ཡལ་མཁན་དང་། ཏང་དང་རྒྱལ་ཁབ་ཀྱི་རྐུབ་སྟེགས་ལས་གནས་དབྱུང་། མཐའ་མ་ཁྲིམས་བཤེར་དང་། དུས་ངེས་མེད་ཀྱི་བཙོན་འཇུག་ནག་ཉེས་ཕོག་མཁན་པོ་ཞི་ལེ་མིན་པར། དེ་ལས་ཟློག་སྟེ་པོ་ཞི་ལེ་ཡི་ཆབ་སྲིད་ཀྱི་དགྲ་ཟླ་སྟེ། ཕྱི་ཚུལ་གུ་ཡངས་རིང་ལུགས་པའི་དཔོན་རིགས་ཚོ་ཆགས་འགྲོ་ལ། མཐའ་མའི་འབབ་སའང་ཝུན་ཅ་པའོ་དང་ཞི་ཅན་ཕིན་སོགས་ཆགས་ངེས་ཡིན། རྒྱ་ནག་གི་དཔོན་རིགས་ཚོར་མཚོན་ན། སྲིད་དབང་འཐབ་རྩོད་ཁྲོད་‘‘ཁྱོད་ཤི་ང་གསོན་’’ནི་ལོ་རྒྱུས་དང་རིག་གཞུང་། དངོས་ཡོད་བཅས་ཀྱིས་བཞག་པའི་‘‘བདེན་པ་ཉིད་’’གཅིག་བུ་དེ་ཡིན།
ཞི་ཡི་‘‘གཙང་ཕྱག་ཆེན་མོ།’’
‘‘རུལ་སུངས་འགོག་རྒོལ་’’ དང་ ‘‘གཙང་ཕྱག་ཆེན་མོ’’ ནི་ད་ལྟ་ཞི་ཅན་ཕིན་གྱིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཤིག་ཡིན། སྲིད་བྱུས་འདི་ལ་རྒྱ་ནག་ཙམ་མིན་པར། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དགའ་བསུ་དང་རྒྱབ་སྐྱོར་གྱི་རྣམ་པ་སྟོན་གྱི་ཡོད། མའོ་ནས་ཏིང་བར་གྱི་རྒྱ་ནག་གི་དམར་རབས་དང་པོའི་དཔོན་རིགས་ཚོས་རང་གི་‘‘སྲིད་དོན་ཁ་གཏད་’’དག་ལ་ཆབ་སྲིད་ལངས་ཕྱོགས་ཐོག་ཉེས་མིང་བཏགས་ནས་ཕམ་པར་བརྒྱབ་ཡོད། སྲིད་དོན་གྱི་ཚོར་བ་རྣོ་བའི་ལོ་རབས་དེའི་ནང་ ‘‘ལག་ཆ་’’འདི་ཧ་ཅང་གི་ཕན་ཐོགས་ཅན་ཞིག་ཡིན། དེ་རིང་གི་རྒྱ་ནག་ནང་། སྲིད་དོན་ལས་དཔལ་འབྱོར་གྱི་ཚོར་བ་རྣོ་ཞིང་། དཔལ་འབྱོར་འཕེལ་ཚད་མྱུར་བའི་ལོ་རབས་འདི་དག་ནང་། རྒྱ་ནག་མི་མང་གིས་སེམས་ཁྲལ་དང་། མི་འདོད་པའི་རྣམ་འགྱུར་སྟོན་ས་དཔོན་རིགས་ཚོའི་སྲིད་དོན་ལངས་ཕྱོགས་མིན་པར། ཁྱབ་ཚད་ཆེ་བའི་དཔོན་ཚོང་ངན་འབྲེལ་དང་། ལྐོག་ཟ་རུལ་སུངས། གོ་དབང་སྒེར་སྤྱོད་སོགས་ཡིན། ཏང་གི་དཔོན་རིགས་ཤིག་ཡིན་ཚེ་འདི་ལྷན་སྐྱེས་ཀྱི་‘‘གཅོང་ནད་’’ཅིག་ཆགས་ཡོད།
ཞི་ཡི་‘‘གཙང་ཕྱག་’’འདི་ལ་རྒྱ་ནག་དང་རྒྱལ་སྤྱིའི་སྒང་ནས་དགའ་བསུ་དང་རྒྱབ་སྐྱོར་ཐོབ་པ་ལྟར། ད་བར་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཉིས་བརྒྱ་ལྷག་ཆབ་སྲིད་ཀྱི་གཡོ་འཁྱོམ་འདིའི་ཁྲོད་པོ་ཞི་ལེ་ལྟར་འདྲི་རྩད་དང་བཀག་ཉར། ཏང་དང་རྒྱལ་ཁབ་ཀྱི་ལས་གནས་ནས་ཕྱིར་འཕུད། ཁྲིམས་བཤེར། བཅད་ཁྲ་དང་གཞུང་འབྲེལ་ཉེན་བརྡ་བཏང་ཚར་བའང་གང་འཚམ་ཡོད། ཕྱི་ཚུལ་ལ་ལས་འགུལ་འདི་ཚ་ཚ་འུར་འུར་ཡིན་ནའང་། དཔོན་རིགས་དེ་དག་གི་ཕྱོགས་ཁག་རྒྱབ་ལྗོངས་ལ་བརྟག་ཚེ། ཕལ་ཆེ་བ་ཀྲུག་ཡུང་ཁང་དང་པོ་ཞི་ལེ་སོགས་ལ་འབྲེལ་འདྲིས་ཟབ་པའི་དཔོན་རིགས་སམ། ད་ལྟའི་རྒྱ་ནག་གི་མཁྲེགས་འཛིན་ཕྱོགས་ཁག་གི་དཔོན་རིགས་རྐྱང་ཆགས་ཡོད། རྒྱ་ནག་གི་དཔོན་རིགས་ཤིག་ཡིན་ཚེ། ཕྱོགས་ཁག་ཁྱད་མེད་ཐོག་ཚང་མ་‘‘གཅོང་ནད་’’ཀྱིས་ཟིན་ཡོད། འོན་ཀྱང་། རུལ་སུངས་འགོག་རྒོལ་གྱི་‘‘ཕྱག་མ་’’དེའི་དམིགས་འབེན་ནི་གཅིག་རང་ཞིག་སྟེ། རང་གི་སྲིད་དོན་ཁ་གཏད་དམ་ཆབ་སྲིེད་ཀྱི་དགྲ་ཟླ་དག་ཆགས་ཡོད། ད་ལྟ་ཞི་ཅན་ཕིན་གྱི་‘‘ཕྱག་མ་’’འདི་ཀྲུག་ཡུང་ཁང་གི་སྒོ་འགྲམ་དུ་བསླེབས་ཡོད་པར་བཤད།
ཀྲུག་ཡུང་ཁང་དང་པོ་ཞི་ལེ་ཡི་ ‘‘དམག་གྱེན་ལངས་’’ཀྱི་གསང་བའི་འཆར་གཞི་དེས་ཡིན་ནམ། ཁ་སང་དེ་རིང་ཞི་ཅན་ཕིན་གྱི་ཕྱག་མ་རིང་བོ་དེ་དམག་སྒར་ཁག་ནང་འཕྱར་མགོ་བཙུགས་ཡོད་ཅིང་། ‘‘གཙང་ཕྱག་’’འདིའི་ཁྲོད་ནས་དམག་དཔོན་འགའི་མགོར་ཡང་ཉི་མ་སེར་པོ་ཞིག་འཆར་རྒྱུ་ཡིན་པ་ཕལ་ཆེར་གཏན་འཁེལ་ཚར་ཡོད་པ་རེད། སྲིད་དོན་གྱི་ཚོར་ཤུགས་རྣོ་བའི་ལོ་རབས་ནང་། ཆབ་སྲིད་ལངས་ཕྱོགས་ཀྱིས་རྒྱ་ནག་གི་དམར་རབས་དང་པོའི་དཔོན་རིགས་ཚོར་སྲིད་དོན་ལག་ཆ་ཡག་པོ་ཞིག་བསྐྲུན་ཡོད་པ་ལྟར། དཔལ་འབྱོར་ཀྱི་སྟོབས་ཤུགས་རྒྱས་པའི་དེང་གི་རྒྱ་ནག་གིས་ཞི་ཡི་ཤོག་ཁག་ལ་རང་གི་དགྲ་ཟླའི་སྲིད་དོན་དབང་ཆའི་ཚེ་སྲོག་བཅོམ་པར་ཁོར་ཡུག་དང་དུས་ཚོད་ཡག་པོ་ཞིག་བསྐྲུན་ཡོད།
ཆིན་ཁྲེང་བཙོན་ཁང་གིས་པོ་ལ་སྒུག་ནས་ཡོད་དམ།
‘‘དེ་ནི་སྐར་མ་ལྔ་ཅན་གྱི་གསོལ་མགྲོན་ཁང་ཞིག་དང་ཁྱད་པར་གང་ཡང་མི་འདུག’’ ཀྲའོ་ཙེ་དབྱང་གི་དྲུང་ཡིག་པའོ་ཐུང་གིས་འདི་ལྟར་པེ་ཅིན་ལྷོ་ངོས་སུ་ཡོད་པའི་ཆིན་ཁྲེང་བཙོན་ཁང་ལ་སྡོམ་ཚིག་བཞག་མྱོང་ཞིང་། དེ་སྔའི་རྒྱ་ནག་གི་དབུ་ཁྲིད་ཡེ་ཅན་ཡུན་གྱི་གསོས་ཕྲུག་མ་ཙེད་ཆིན་གྱིས་ཀྱང་‘‘ང་དེར་ཐོག་མར་འབྱོར་སྐབས་སྐྲག་སྣང་ལས་འཚར་སྣང་ཞིག་སྐྱེས་སོང་’’ཞེས་ཧྥ་རན་སིའི་གསར་སྤེལ་ཁང་ལ་བརྗོད་མྱོང་ཡོད། ཆིན་ཁྲེང་བཙོན་ཁང་གི་ཁོ་ར་ཁོར་ཡུག་རྒྱ་ཆེ་ཞིང་ཡིད་འཕྲོག་པ་མ་ཟད། དེའི་ནང་མི་རེ་རེར་ཉལ་ཁང་དང་འཁྲུས་ཁང་ཡོད་པ་ཨ་ཅང་ཅང་། ཟུར་དུ་སྡོད་ཁང་དང་གཞུང་ལས་ཁང་སོགས་ཀྱང་ལོགས་སུ་ཡོད་ལ། དེ་དག་ནང་སྤུས་ཚད་མཐོ་བའི་འཁྲུས་ཤོང་འཁྲུས་ཆས་དང་། འབོལ་ཁྲི་འབོལ་གདན། ཅོག་ཙེ་སོགས་རང་ཆས་སུ་ཡོད། ཞོགས་ཟས་ལ་འོ་མ་དང་། ཉིན་གུང་དང་དགོང་མོར་ཤ་དང་ཚལ་རིགས་སྣ་ཚོགས་རང་འདོད་ལྟར་འདེམས་ཆོག་གི་ཡོད། ཟས་རིགས་བཟོ་མཁན་གྱི་མ་བྱན་ཚོ་ནི། པེ་ཅིན་ན་སྐད་གྲགས་ཆེ་བའི་གསོལ་མགྲོན་ཁང་ཁག་ནས་ཡོང་བའམ། ཡང་ན་རྒྱ་ནག་གི་པུའུ་གྲང་རིམ་པའི་དཔོན་རིགས་ཚོའི་ཆེད་གཉེར་མ་བྱན་བྱས་མྱོང་མཁན་རྐྱང་ཡིན། ན་ནིང་བཙོན་ཁང་འདི་ལ་ཡང་བསྐྱར་རྒྱ་སྐྱེད་དང་ལེགས་བཅོས་བཏང་སྟེ་རྒྱས་སྤྲོས་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་ཡོད་པར་བཤད།
བཙོན་ཁང་འདིའི་ནང་ཡོང་མཁན་དག་ནི་རྒྱ་ནག་གི་ཆེས་མཐོའི་‘‘ཆབ་སྲིད་ཀྱི་སྐུ་མགྲོན་’’རྐྱང་ཡིན། མི་བཞི་ཤོག་ཁག་ཕམ་པར་བརྒྱབ་རྗེས་ཅང་ཆིན་འདིའི་ནང་བསྡད་མྱོང་ཞིང་། དྲུག་བཞིའི་དོན་རྐྱེན་རྗེས་ཀྲའོ་ཙི་དབྱང་གི་དྲུང་ཡིག་པའོ་ཐུང་ཡང་འདིའི་ནང་ལོ་བདུན་རིང་བསྡད་ཡོད། དེ་སྔའི་རྒྱ་ནག་གི་དབུ་ཁྲིད་ཡུ་ཅན་ཡུན་གྱི་གསོས་ཕྲུག་མ་ཙེད་ཆིན་དང་། ཧྲང་ཧེ་དང་པེ་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཁྲིན་ལང་དབྱི་དང་ཁྲིན་ཞི་ཐུང་གཉིས་ཀྱང་འདིར་བསྡད་མྱོང་ཡོད། བཙོན་ཁང་འདིར་སྡོད་མཁན་བཙོན་པ་ཚོར་ཕྱི་ནང་འགྲོ་སྐྱོད་རང་དབང་ཡིན་པ་མ་ཟད། ཕྱི་མི་ལ་ཐུག་འཕྲད་དང་འབྲེལ་འདྲིས་ཇི་ལྟར་བྱས་ཀྱང་ཐོ་འགོད་ཙམ་ཡང་དགོས་རབས་མི་འདུག
པོ་ཞི་ལེ་ལ་དུས་བཀག་ངེས་མེད་ཀྱི་ཁྲིམས་ཆད་དང་མི་ཚེ་ཧྲིལ་བོར་ཆབ་སྲིད་ཁེ་དབང་འཕྲོག་རྒྱུའི་བཅད་ཁྲ་བཏང་རྗེས། ཁོས་རང་གི་ནང་མི་བརྒྱུད་ནས་དྲང་བདེན་མིན་པའི་ཁྲིམས་ཆད་འདིར་ངོས་ལེན་མེད་པར་བསྐྱར་དུ་གཏུགས་བཤེར་བྱ་རྒྱུ་ཡིན་ཚུལ་བཤད་ཡོད། མ་གཞི་ནས་སྲིད་དོན་ཟློས་གར་དུ་གཏོགས་པའི་ཁྲིམས་བཤེར་འདིར་དྲང་བདེན་གྱི་མིང་ཚིག་བཀོལ་ས་མེད། ཡར་གཏུགས་བཤེར་ཅི་ཙམ་བྱས་ཀྱང་མཇུག་འབྲས་གཅིག་རང་སྟེ། ཁོའི་སྲིད་དོན་གོ་གནས་ཀྱི་ཚེ་སྲོག་གཅོད་རྒྱུ་རང་ཆགས་ཡོད་ལ། མ་མཐར་ཡང་ཞི་ཅན་ཕིན་གྱི་ལོ་བཅུའི་ལས་རྒྱུན་རིང་གདམ་ཁ་གཞན་གང་ཡང་མེད། པོ་ཞི་ལེ་ཡི་ཁྱིམ་བརྒྱུད་རྒྱབ་ལྗོངས་དང་ཁོ་མི་སྒེར་གྱི་དེ་སྔའི་ཆབ་སྲིད་གནས་བབ་ཀྱི་ཆ་ནས། བཅད་ཁྲའི་རྗེས་ཀྱི་འགྲོ་ས་ནི་ཆིན་ཁྲེང་བཙོན་ཁང་ཡིན་ཞིང་། དེར་འབྱུང་འགྱུར་གྱི་མི་ཚེའི་སྐྱིད་སྡུག་དང་འགྲོ་འདུག་གང་ཡོང་ཁོའི་རྗེས་ཕྱོགས་ཀྱི་རྣམ་འགྱུར་ལ་རག་ལས་ཡོད།
ཁྲིན་ལང་དབྱི་དང་ཁྲིན་ཞི་ཐུང་གཉིས་པོ་ཞི་ལེ་དང་གོ་ཐོབ་མཉམ་པའི་དཔོན་རིགས་གཉིས་ཡིན། ལྐོག་ཟ་རུལ་སུངས་དང་གོ་དབང་སྒེར་སྤྱོད་ཀྱི་ཉེས་མིང་འོག་གཅིག་ལ་ལོ་བཅུ་དྲུག་དང་། གཅིག་ཤོས་ལ་ལོ་བཅོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད། རྣམ་འགྱུར་ཡག་དྲགས་པས་ལོ་གཉིས་གསུམ་རིང་ཆིན་ཁྲེང་དུ་བསྡད་རྗེས། ‘‘ནད་མནར་’’དང་‘‘སྨན་གཏུགས་’’ཀྱི་མིང་ཐོག་ནས་གཉིས་ཀ་ཀློད་གྲོལ་བཏང་ཡོད། རྣམ་འགྱུར་མི་ལེགས་པའི་ཀྲའོ་ཙེ་དབྱང་ནི་བཟང་བཙོན་བྱས་ཏེ་ཚེ་མཇུག་རྫོགས་ཡོད་ལ། ད་ལྟ་ད་དུང་ཁོའི་ནང་མི་ཉེ་འབྲེལ་ཚོའི་འགྲོ་འདུག་ཀྱང་ཚད་བཀག་དང་སྟངས་འཛིན་འོག་གནས་ཡོད།
པོ་ཞི་ལེ་ཡི་འབྱུང་འགྱུར་གྱི་རྣམ་འགྱུར་གང་འདྲ་ཡིན་ནམ། ‘‘ལོ་གཅིག་གཉིས་ཤིག་གི་རྗེས་སུ། ‘ཁོ་ཚོས་’ པོ་ཞི་ལེ་ན་འདུག་ཅེས་བཤད་ཡོང་གི་རེད། དེ་ནས་པོ་ཞི་ལེ་སྨན་གཏུགས་ཆེད་ཀློད་གྲོལ་གཏོང་གི་རེད། ཀློད་གྲོལ་ཐོབ་རྗེས་གཙང་ངོགས་དང་མཚོ་འགྲམ་གང་རུང་གི་གཞིས་ཀ་ཞིག་ནང་ཁོའི་ཚེ་མཇུག་གི་བདེ་སྐྱིད་ལ་རོལ་རྒྱུ་རེད།’’ འདི་ཀྲའོ་ཙེ་དབྱང་གི་དྲུང་ཡིག་པའོ་ཐུང་གིས་པོ་ཞི་ལེ་ཡི་རྣམ་འགྱུར་ལ་བཞག་པའི་སྔོན་དཔྱད་ཀྱི་སྡོམ་ཚིག་དེ་རེད།
ངོ་མ་ཡག་བྱུང་། དཔྱད་བརྗོད་འདི་ལྟར་འབྲི་མཁན་བོད་མི་ཉུང་ཤས་ལས་མེད། ངོ་མ་ཡག་བྱུང་། ཟླ་བ་ཚེ་རིང་ལགས་ཀྱི་ད་དུང་རྒྱ་ནག་གི་ཆབ་སྲིད་ཉམས་ཞིབ་ཀྱི་དཔྱད་བརྗོད་གང་མང་ཡོང་བའི་རེ་བ་ཞུ།
སྐུ་ཞབས་ཟླ་བ་ཚེ་རིང་ལགས་སུ་ཐུགས་རྗེ་ཆེ། དངོས་གནས་དཔྱད་ཞིབ་ཡག་པོ་གནང་འདུག གཅིག་ནས་དཔྱད་ཞིབ་གང་བྱས་པ་རྣམས་གནད་ལ་ཁེལ་བ། གཉིས་ནས་དཔྱད་ཞིབ་ཀྱི་ཐབས་ལམ་དེ་དངོས་ཐོག་བདེན་འཚོལ་ཡིན་པ་གང་ཞིག་ལ་ཚོད་དཔག་གི་ཆ་དང་ལྡན་པ། གསུམ་ནས་རང་བཞིན་དཀྱུས་མའི་ལུགས་སུ་བཤད་པ་ལས་འཆར་ཡན་དང་རྟོག་བཏགས་ཀྱི་དྲི་མས་མ་བསླད་པ།
དངོས་གནས་ཡག་པོ་འདུག འདིར་དུམ་ཚན་གསུམ་བྱས་ཏེ་དྲྭ་བའི་སྟེང་བཀོད་འདུག ཆ་ཚང་ཞིབ་ཀློག་བྱས་པ་ཡིན། སླར་ཡང་སྐུ་ཉིད་ལ་ཐུགས་རྗེ་ཆེ།།
རིན་ཐང་ཅན་གྱི་ཉམས་ཞིབ་རྩོམ་ཡིག་ཅིག་བྲིས་འདུག
དཔྱད་བརྗོད་ཡག་པོ་གནང་སོང། བཀའ་དྲིན་ཆེ། བདག་གི་དྲ་བར་འདྲེན་ཆོག་པ་ཞུ།