ལོ་ཆུང་ཆུང་ཡིན་པའི་སྐབས་སུ། ཕལ་ཆེར་ཕ་མ་དང་སྡེ་བའི་རྒན་རབས་པ་ལས་ “འདྲེའི” གཏམ་རྒྱུད་མང་པོ་ཞིག་ཐོས་མྱོང་བའི་རྐྱེན་ཡིན་པ་འདྲ། གང་ལྟར་ཀྱང་འདྲེ་ཞེས་མིག་མཐོང་ལག་ཟིན་མེད་པའི་སྣང་ཚུལ་དེ་ལ་འཇིགས་སྣང་ཞིག་སྐྱེས་ནས་བསྡད།།
འོན་ཀྱང་། ནར་སོན་ནས་སྣང་ཚུལ་གང་ཞིག་ཡིན་རུང་དེའི་རང་བཞིན་ལ་རང་སྟོབས་ཀྱིས་ངོས་འཛིན་བྱེད་ཐུབ་པའི་བསམ་བློ་འཁོར་བ་དང་མཉམ་དུ་འཇིགས་སྣང་སྐྱེས་ཡུལ་དེ་ཡང་འདྲེ་ནས་ “མི” ལ་འགྱུར་བ་ཕྱིན་སོང་། རྒྱུ་མཚན་ནི། ལས་སྡུག་པ་གསོག་མཁན་གྱི་ཕུང་པོ་ངོ་མ་དེ་མི་ཡིན་པས་རྐྱེན་གྱིས་རེད། མིའི་ནང་ནས་ཡང་བོད་ལ་བཙན་འཛུལ་བྱས་ཤིང་དུས་ད་ལྟའང་བཙན་བཟུང་བྱེད་བཞིན་ཡོད་པའི་རྒྱ་ནག་གི་གུང་ཁྲན་རིང་ལུགས་པ་ལྟ་བུ་ནི་ “རྩ་འཛུགས་ཀྱི་ཐོག་ནས་མ་གཏོགས་བསམ་བློའི་སྟེང་དུ་གུང་ཁྲན་ཏང་ལ་ཞུགས་མེད” པར་བརྟེན། ཁོང་ཚོ་ནི་་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་ཆེས་འཇིགས་སུ་རུང་བའི་ཕུང་བོ་ཞིག་རེད་ཅེས་བཤད་ཆོག རྒྱུ་མཚན་ནི། ཁོང་ཚོའི་་་བྱམས་བརྩེ་དེ་ཕྱོགས་རིས་ཅན་ཞིག་ཡིན་པའི་རྐྱེན་གྱིས་ཡིན། དེ་བས། ས་ཡོམ་སོགས་རང་བྱུང་གི་གནོད་འཚེ་ལས་ཀྱང་མིའི་བྱམས་བརྩེ་དེ་ཕྱོགས་རིས་ཅན་དུ་འགྱུར་བའམ་ཡང་ན་ཉམས་ཆགས་སུ་སོང་ན་ད་གཟོད་ཆེས་འཇིགས་སུ་རུང་བ་ཞིག་རེད།
གཞི་རྩ་གང་ཡང་མེད་པར་འཛམ་གླིང་རང་བཞིན་གྱི་བརྩི་མཐོང་ཆེན་པོ་ཡོད་པའི་༧གོང་ས་སྐྱབས་མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ལ་ “བདུད” དང་ “ཁ་བྲལ་རིང་ལུགས་པ” ཞེས་སྡིགས་མོ་གཏོང་མཁན་ཡང་ཁོང་ཚོ་རེད། ཕ་མེས་ཡང་མེས་ནས་འཛིན་སྐྱོང་བྱས་ནས་ཡོང་བའི་རྩ་ཆེན་རིག་གནས་སོགས་ལ་འཕྲོག་བཅོམ་གཏོར་གསུམ་གཏོང་མཁན་ཡང་ཁོང་ཚོ་རེད། ཁ་ནས་ “ཁྲིམས་འོག་ན་མི་ཚང་མ་འདྲ་མཉམ་ཡིན” ཚུལ་དང་“མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཡོད” ཚུལ། མི་རིགས་ཚང་མ་ “ཕུ་ནུ་མིང་སྲིང་གི་འབྲེལ་བ་ཡིན” ཚུལ་སོགས་བརྒྱ་བཤད་སྟོང་བསྒྲགས་བྱེད་ཞོར་ལ། དོན་གྱིས་མི་རིགས་ལ་དབྱེ་འབྱེད་དང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་ཡང་ཁོང་ཚོ་རེད། རང་ཉིད་ཀྱི་ཁེ་ཕན་བསྒྲུབ་པའི་ཆེད་དུ་མི་གཞན་ལ་གྱོང་རྒུད་དང་ཕམ་ཁ་བཟོ་མཁན་ཡང་ཁོང་ཚོ་རེད།
དུས་རབས་ཕྱེད་ཀ་ལྷག་འགོར་ཡང་བོད་པ་ཚོས་ད་དུང་ཁོང་ཚོའི་མནར་གཅོད་དང་གཡོ་སྒྱུའི་སྲིད་ཇུས་འོག་སྡུག་བསྔལ་མྱོང་གི་ཡོད། མེས་རྒྱལ་ཡང་ཁོང་ཚོས་བཙན་བཟུང་བྱས་ཡོད། སྐད་དང་ཡི་གེ རིག་གནས། ཁོར་ཡུག་སོགས་ཀྱང་ཁོང་ཚོའི་མནར་གཅོད་འོག་ཉམས་ཆགས་སུ་འགྲོ་བཞིན་ཡོད། ༢༠༠༩ ལོ་ནས་ད་ལྟ་བར་དུ་བོད་མི་ ༡༢༩ ཡིས་གང་ཟག་གཞན་ལ་འཚེ་བ་མེད་པའི་ཐབས་ལམ་བརྒྱུད་བོད་མིའི་རང་དབང་སླར་གསོའི་ཆེད་དུ་རང་ལུས་མཆོད་མེར་བསྒྲོན་ཡོད་ནའང་། ཁོང་ཚོས་དེ་ལ་བསམ་ཤེས་བྱེད་རྒྱུ་ཕར་ཞོག་ལྡོག་ཕྱོགས་ནས་ “འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད” ཅེས་དྲག་གནོད་བྱ་ཡུལ་དུ་བརྫངས་ཡོད།
དེ་ལྟར་ཡིན་མོད། བོད་མི་ཚོས་མུ་མཐུད་དུ་མིའི་རང་གཟུགས་ངོ་མ་མཚོན་བྱེད་ཀྱི་བྱམས་བརྩེ་དེ་སེམས་ཁོང་གི་གྲུབ་ཆ་གཙོ་བོར་ཆགས་པར་རེ་ལྟོས་བྱེད་བཞིན། འཚེ་མེད་རིང་ལུགས་ཀྱི་ལྟ་གྲུབ་འོག་འཛམ་གླིང་ལ་བོད་མིའི་བདེན་དོན་གླེང་བ་མ་གཏོགས་ཐབས་ལམ་གཞན་འཚོལ་བསྙེག་བྱེད་འདོད་མེད་ལ། རང་དབང་སླར་གསོ་ཡོང་བའི་འཐབ་རྩོད་ཀྱི་ལག་ཆ་ཡག་ཤོས་དེ་ཡང་ཡིན་པར་འདོད།
གཅན་གཟན་གྱི་སྤྱི་ཚོགས་ལ་བདེན་དོན་ཐེངས་བརྒྱར་གླེང་ཡང་གོ་མི་ཆོད། འོན་ཀྱང་། བོད་མི་ཚོས་སྨྲ་ཤེས་ཤིང་དོན་གོ་བའི་འགྲོ་བ་མི་ལ་བདེན་དོན་ཞིག་གླེང་བཞིན་ཡོད་པས། དེ་ཇི་མ་ཇི་བཞིན་དུ་ཁོང་ཚོའི་རྣ་ལམ་ལ་འབྱོར་བར་ཡིད་ཆེས་ཡོད། གཅན་གཟན་ཡིན་ཡང་དམིགས་བསལ་གྱི་སྦྱོང་བརྡར་སྤྲད་ན་སྤྱང་ཀི་དང་ར་ལུག་ཡང་ཁྱིམ་ཚང་གཅིག་ལ་གཞི་ཆགས་ཏེ་ཞི་བདེ་མཉམ་གནས་བྱེད་ཐུབ། མི་ནི་རི་སྐྱེ་སྲོག་ཆགས་དང་མི་འདྲ་བར་ཚེ་སྲོག་དང་བདེན་དོན་གྱི་གལ་ཆེན་རང་བཞིན་ལ་རྒྱུས་ལོན་ཡང་དག་ཅིག་རྙེད་ཐུབ་པའི་བསམ་བློ་ཁྱད་པར་བ་ཡོད་པ་ཞིག་ཡིན། དེ་ལྟ་བུའི་བསམ་བློ་མེད་ན་མིའི་སྐྱེས་བ་བླངས་ཀྱང་སྤྱིར་བཏང་བའི་རི་སྐྱེ་སྲོག་ཆགས་དང་ཁྱད་པར་མེད་ལ། དེ་ལྟ་བུའི་བསམ་བློ་མེད་པའི་ཆབ་སྲིད་པས་མིང་དོན་མཚུངས་བའི་ “འཆམ་མཐུན” དང་ “མཐུན་སྒྲིལ” ལ་སྣེ་ཁྲིད་བྱེད་མི་ཐུབ། འཆམ་མཐུན་དང་མཐུན་སྒྲིལ་ཡོང་བ་ལ། ཐོག་མར་རང་དབང་དང་དམངས་གཙོ། ཁྲིམས་ལུགས་དབང་བསྒྱུར་སོགས་འཛམ་གླིང་ཀུན་ཁྱབ་ཀྱི་ལྟ་གྲུབ་འཕེལ་རྒྱས་སུ་གཏོང་དགོས་པ་ལས། དེ་ལ་གཏོར་བརླག་བྱས་ཏེ་ཞི་བདེ་ཅན་གྱི་སྤྱི་ཚོགས་ཤིག་གཏན་ནས་ཡོང་ཐབས་མེད།
དམངས་གཙོ་རིང་ལུགས་རྒྱལ་ཁབ་དང་དེའི་འབངས་མི་རྣམས་ཀྱིས་ད་དུང་ཡང་མུ་མཐུད་དུ་ཁོང་ཚོ་ལྟ་བུའི་མ་རབས་ཀྱི་བྱ་སྤྱོད་ལ་ “མ་ཤེས་ཁུལ་མ་རིག་ཁུལ་དང་མ་ཐོས་ཁུལ” བྱས་ནས་བསྡད་ན། འཛམ་གླིང་ཧྲིལ་བོ་ཁོང་ཚོའི་གདུག་རྩུབ་འོག་ཚུད་པའི་ཉེན་ཁ་ཡང་ཡོང་སྲིད། རྒྱུ་མཚན་ནི། ཁོང་ཚོས་མུ་མཐུད་དུ་འཛམ་གླིང་དབང་བསྒྱུར་གྱི་ “མདུན་སྒོ” བོད་དང་ “ལྟག་སྒོ” ཐེ་ཝན་གཉིས་ཀྱི་ལྡེ་མིག་ལོན་ཆེད་ཐབས་ཤེས་གང་མང་ཞིག་འདོན་བཞིན་ཡོད་པས་ཡིན། ཤར་ཞི་ན་རྒྱ་མཚོ་དང་ལྷོ་ཞི་ན་རྒྱ་མཚོ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཕགས་བོད་ས་མཚམས་སོགས་སུ་སྤེལ་བཞིན་པའི་རྒྱ་ནག་གུང་ཁྲན་གཞུང་གི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་དེ་དག་ཡང་དོན་གྱིས་འཛམ་གླིང་དབང་བསྒྱུར་དང་འབྲེལ་བའི་ལས་འགུལ་གྱི་ཆ་ཤས་ཤིག་རེད་ཅེས་བཤད་ཆོག
དེར་བརྟེན། ཞི་བདེ་འདོད་ཅིང་འཚེ་བ་མི་འདོད་པའི་འཛམ་གླིང་མི་མང་གིས་རང་དབང་དང་དམངས་གཙོ། བདེན་དོན། འདྲ་མཉམ། ཁྲིམས་ལུགས་དབང་བསྒྱུར་སོགས་འཛམ་གླིང་ཀུན་ཁྱབ་ལྟ་གྲུབ་ཀྱི་གལ་ཆེན་རང་བཞིན་དང་བོད་མི་ནང་བཞིན་བཙན་གནོན་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་མི་རྣམས་ཀྱི་བདེན་དོན་དེ་མང་ཙམ་གླེང་རྒྱུ་གལ་ཆེན་པོ་ཆགས་ཡོད། བྱམས་བརྩེ་ཉམས་ཆགས་སུ་འགྲོ་བཞིན་པའི་གང་ཟག་གང་དེའི་མི་གཟུགས་ངོ་མ་ཕྱིར་འགུགས་བྱེད་པའི་ཆེད་དུའང་དེ་ལྟར་བྱེད་པ་ལ་དགེ་བ་ཆེན་པོ་ཡོད་པར་འདོད།།
སྤྱི་ལུགས་ ༢༠༡༤ ལོའི་ཟླ་ ༡ པོའི་ཚེས་ ༢༣ ཉིན། ཉི་ཧོང་ནས།
རྩོམ་ཡིག་ཧ་ཅང་ཡག་པོ་སྤེལ་འདུག ཐུགས་རྗེ་ཆེ། ནམ་རྒྱུན་ཀློག་གི་ཡོད་ཀྱང་འོག་ཏུ་བསམ་ཚུལ་བཤད་པའི་དུས་ཚོད་རེག་གི་མི་འདུག ང་རང་ལ་མཚོན་ན་ནམ་བཞག་རྒྱུན་དུ་གསར་ལམ་ཁག་གཞན་པ་ལས་བོད་ཀྱི་དུས་བབ་ཚགས་པར་དང་དྲ་རྒྱ་གཉིས་རྩ་ཆེ་ཤོས་སུ་རྩི་མཁན་ཞིག་ཡིན། ནམ་རྒྱུན་ལྟ་ལྐོག་བྱེད་ཀྱིན་ཡོད། གསར་འགྱུར་ཡིན་ན་རེད། རྩོམ་ཡིག་ཁག་ཡིན་ནའང་རེད་ཧ་ཅང་ཆུ་ཚད་མཐོ་བོ་དང་སོ་སོར་བློ་སྐྱེད་ཆེན་པོ་སྟེར་མཁན་དེ་འདྲ་རེད། ལས་མི་ལྷན་རྒྱས་དང་འདིའི་ཐོག་སྤེལ་་མཁན་དང་རྩོམ་མཁན་དག་ལའང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད