ཨ་རིའི་ཕོ་བྲང་དཀར་པོས་གཞུང་འབྲེལ་གསལ་བསྒྲགས་སྤེལ་བ་ལྟར་ན། རྒྱ་གར་གྱི་ཚེས་ ༢༡ ཉིན་གྱི་མཚན་མོ་སྟེ། ཡུལ་དེའི་གཟའ་པ་སངས་ཉིན་གྱི་སྔོ་དྲར་ཨ་རིའི་ཕོ་བྲང་དཀར་པོ་རུ། སྲིད་འཛིན་ཨོ་བྷ་མས་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་ཡིན་འདུག ཨ་རིའི་གཞུང་འབྲེལ་མི་སྣ་ཞིག་གིས་བརྗོད་པར། བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་པ་ཙམ་མིན་པར་འཛམ་གླིང་མི་མང་གིས་གུས་བརྩི་ཞུ་ཡུལ་ཞིག་ཆགས་ཡོད་སྟབས་ཨ་རིའི་སྲིད་འཛིན་ངོས་ནས་ཁོང་དང་མཇལ་འཕྲད་ཞུ་རྒྱུ་དེ་དོན་དག་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད་ཅེས་དང་། བོད་ནང་རང་ལུས་མེར་བསྲེགས་སོགས་ཛ་དྲག་གནས་ཚུལ་བསྟུད་མུར་འབྱུང་བཞིན་ཡོད་སྟབས་ཨ་རིའི་གཞུང་ངོས་ནས་རྒྱ་ནག་ལ་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱ་རྒྱུར་རེ་འདུན་འདོན་བཞིན་ཡོད་ཅེས་སོགས་བརྗོད་འདུག
འདི་ནི་ཨ་རིའི་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་ཐེངས་གསུམ་པ་དེ་ཆགས་ཡོད་ཅིང་། ཐེངས་དང་པོར་ ༢༠༡༠ ཟླ་ ༢ ཚེས་ ༡༨ ཉིན། ཨ་རིའི་ཕོ་བྲང་དཀར་པོའི་ཁང་བརྩེགས་འོག་མའི་ས་ཁྲ་འགྲེམས་སྟོན་ཁང་དུ་མཇལ་འཕྲད་གནང་སྟེ་སྐར་མ་ ༧༠ ཙམ་རིང་གསུང་མོལ་གནང་ཡོད་པ་དང་། ཐེངས་གཉིས་པར་ ༢༠༡༡ ཟླ་ ༧ ཚེས་ ༡༦ ཉིན། སླར་ཡང་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་སྟེ་སྐར་མ་ ༤༥ རིང་གསུང་མོལ་གནང་ཡོད། ཐེངས་འདི་ནི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་༧གོང་ས་མཆོག་ལ་མཇལ་འཕྲད་གནང་ཐེངས་གསུམ་པ་དང་། ཨོ་བྷ་མ་སྐབས་གཉིས་པའི་སྲིད་འཛིན་དུ་བསྡད་རྗེས་ཀྱི་མཇལ་འཕྲད་དང་པོ་དེ་ཆགས་ཡོད།
མཇལ་འཕྲད་དང་པོའི་རྗེས་ཕོ་བྲང་དཀར་པོས་གསལ་བསྒྲགས་སྤེལ་བའི་ནང་། ཐེངས་འདིར་སྲིད་འཛིན་ཨོ་བྷ་མས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ངོ་རྟགས་གཅེས་འཛིན་ཡོང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་བོད་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་བཅས་ལ་ཤུགས་ཆེའི་རྒྱབ་སྐྱོར་ཡོད་སྐོར་གསུངས་སོང་། དེ་བཞིན་དུ་སྲིད་འཛིན་གྱིས། ཏཱ་ལའི་བླ་མ་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་དང་། ཁོང་གི་འཚེ་མེད་ཞི་བའི་ལྟ་བ་གཞིར་བཟུང་རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོལ་ཡོང་ཐབས་ལ་བློ་བརྟེན་འགྱུར་བ་མེད་ངང་གནས་པ་དེར་རྗེས་སུ་ཡི་རངས་ཞུས་སོང་། ཞེས་བསྒྲགས་ཡོད།
དེའི་རྗེས་རྒྱ་ནག་གི་མགྲིན་ཚབ་པས། ཨོ་བྷ་མས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་བ་དེར་ཀྲུང་གོའི་ཕྱོགས་ནས་མོས་མཐུན་རྩ་བ་ནས་བྱེད་ཀྱི་མེད་ལ། མཇལ་འཕྲད་དེས་ཨ་རིའི་གཞུང་གིས་ཐེངས་མང་པོར་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། ཨ་རིས་བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པ་ཡོངས་བསྒྲགས་བྱས་པའི་རྩ་དོན་རྣམས་རྡོག་རོལ་དུ་བཏང་ཡོད་སྟབས། སྲིད་འཛིན་ཨོ་བྷ་མའི་བྱེད་སྟངས་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བརྗོད་ཡོད།
ཤར་ཕྱོགས་ཁ་ཏས་ཐན་སྐད་རྒྱག་གི་ཡོད་པ་ལས་ནང་དོན་གང་ཡང་མི་འདུག རང་ཉིད་ཀྱིས་ཆབ་སྲིད་ཀྱི་གནད་མཁྱེན་གྱི་ཡོད་མདོག་མདོག་གིས་སྤྱི་ཚོགས་ལ་དཀྲོག་རྐྱེན་མ་སློང་རོགས། ཆབ་སྲིད་བསམ་བློ་ཤེས་ཡོན་སོགས་སོ་སོ་གང་དུ་སླེབས་ཡོད་མེད་དང་སྤྱི་ཚོགས་ཀྱིས་གདེང་འཇོགས་ངོས་འཛིན་གང་འདྲ་ཡོད་མེད་ད་རེས་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུ་ལས་ཁ་གྲགས་ཡོད་པ་དེ་རེད།
ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་གསུང་བར་རྒྱུ་མཚན་མེད་པ་ཡིན་ཡང་རྒྱུ་མཚན་ཆེན་པོ་ཡོད་པ་ཞིག་ཡང་མཐོང་མ་སོང་། གོང་གི་གསར་འགྱུར་ལ་ཡག་པོ་གཟིགས་པའི་མི་ཚད་ནང་དོན་ལ་བསམ་ཞིབ་དང་ཚིག་དོན་ལ་དངོས་འཛིན་མ་ནོར་བ་ཡོད་དགོས་པ་རེད། (ཨ་རིའི་གཞུང་འབྲེལ་མི་སྣ་ཞིག་གིས་བརྗོད་པར།)ཞེས་འཁོད་འདུག དེས་རྒྱུ་མཚན་མང་པོ་ཞིག་བསྟན་ཡོད་རེད། གཅིག་ནས་མིང་འདོན་བྱས་མེད་པ་དེས་གཞུང་འབྲེལ་གྱི་སྐད་ཆ་མིན་པ་བསྟན་ཡོད། གཉིས་པ་གཞུང་འབྲེལ་མི་སྣ་ཞིག་གིས་ཞེས་བརྗོད་ཡོད་པ་དེས་གཞུང་འབྲེལ་མི་སྣ་ཙམ་ཡིན་པ་ལས་གོ་མིང་དང་གནད་ཡོད་མི་སྣ་ཡིན་མིན་སོགས་ཁ་གསལ་མེད་པ་དེས་ཀྱང་གནས་ཚུལ་མང་པོ་ཞིག་བཤད་ཡོད། ཤར་ཕྱོགས་ཁུག་རྟ་ལགས་ཆབ་སྲིད་པ་ཡིན་ཚེ་གནད་དོན་འདི་དག་ལ་ཐུགས་སྣང་གནང་དགོས།
འདིར་ངས་གནད་དོན་འགའ་ཞིག་གསལ་འདོན་བྱ་འདོད་བྱུང་།
༡ ཨ་རི་གཞུང་གིས་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་གཉིས་མཛལ་མཇལ་འཕྲད་གནང་རྒྱུའི་གནས་ཚུལ་དེ་རེས་ཕུར་བུ་བར་ཁྱབ་བསྒྲགས་བྱས་མེད། དེ་རྒྱུ་མཚན་གཅིག་རེད།
༢ མི་མི་ཉུང་བ་ཞིག་གིས་དོགས་དྲི་ཞིག་ནི་ཨ་རིའི་རྒྱལ་དོན་དྲུང་ཆེ་བདུན་ཕྲག་གཅིག་ཙམ་གོང་ལ་རྒྱ་ནག་ཏུ་མཚམས་གཟིགས་ལ་ཕེབས་པར་རྟེན་ཡང་སྙིང་ཁོང་གིས་རྒྱ་གཞུང་ལ་སྔོན་ཚུད་ནས་མཇལ་འཕྲད་དེའི་སྐོར་གླེང་སློང་བྱས་ཡོད་མིན་དེ་རེད།
༣ ཨ་རིའི་སྲིད་འཛིན་གྱིས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་ས་དེ་ས་ཁྲའི་ཁང་ཆེན་ཞེས་པ་དེ་རེད།
༣ གསར་འགྱུར་ཁག་ཏུ་མཐོན་གསལ་ལ་གཞིགས་ན། ཁོང་གཉིས་ཀྱི་མཇལ་འཕྲད་སྐབས་གསར་འགོད་པ་མེད་པ་རེད།
༤ རྒྱ་གཞུང་གིས་ཨ་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་དེར་ཨ་གཞུང་གིས་མིག་སྔར་ལན་འདེབས་གང་ཡང་བྱས་མེད་ཀྱང་། རེས་གཟའ་ཕུར་བུའི་ཉིན་གྱི་མཇལ་འཕྲད་གསལ་བསྒྲགས་ཐོག་ཕོ་བྲང་དཀར་པོས་་་་སྐུ་ཞབས་ཨོ་བྷ་མ་ཡིས་ཏྰ་ལའི་བླ་མ་ནི་ཆོས་རིག་གི་དབུ་འཁྲིད་ཤིག་གི་ངོ་བོའི་ཐོག་ནས་མཇལ་འཕྲད་གནང་གི་ཡོད་་་་བཅས་བཀོད་ཡོད།
༥ རེས་གཟའ་ལྷག་པ་ཉིན་ཨ་རིའི་རྒྱལ་ཡོངས་བདེ་སྲུང་ལྷན་ཁང་གིས་བུད་མེད་མགྲིན་ཚབ་པ་Caitlin Hayden་ལགས་ཀྱིས་་་་་་ཨ་རིས་ང་ཚོས་ཏྰ་ལའི་བླ་མ་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་བཞིན་དུ་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད། ང་ཚོས་བོད་རང་བཙན་ཡིན་པར་ནམ་ཡང་རྒྱབ་སྐྱོར་བྱེད་ཀྱི་མེད། ཨ་རིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་ལ་རྒྱབ་སྐྱོར་ཤུགས་ཆེར་བྱེད་ཀྱི་ཡོད། དེ་བཞིན་དུ་བོད་པའི་ས་ཁུལ་ཏུ་ཛ་དྲག་གི་གནས་སྟངས་མུ་མཐུད་གནས་བཞིན་པ་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་ཨ་རིས་སེམས་འཚབ་བྱེད་ཀྱི་ཡོད། ང་ཚོའི་སྲིད་གཞུང་ནས་རྒྱ་ནག་གཞུང་ལ་ཏྰ་ལའི་བླ་མའམ་ཁོང་གི་སྐུ་ཚབ་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་མེད་པར་གྲོས་མོལ་གནང་རྒྱུར་སླར་ཡང་འབོད་རྒྱུ་ཡིན།བཅས་གསུངས།
༤ ༧གོང་ས་མཆོག་དང་སྲིད་འཛིན་གྱི་མཇལ་འཕྲད་དེ་དུས་ཡུན་ཆུ་ཚོད་གཅིག་ཙམ་ཡིན་ཅིང་ད་བར་ཕོ་བྲང་དཀར་པོས་མཇལ་འཕྲད་དེ་འབྲེལ་གྱི་གནད་དོན་གང་ཡང་ཁྱབ་བསྒྲགས་བྱས་མེད་ཀྱང་གང་མགྱོགས་བྱ་རྒྱུར་རེ་སྒུག་བྱེད་ཀྱི་ཡོད།
༥ རྒྱ་གཞུང་གི་སྐྱོན་བརྗོད་ནི་ནམ་ཀུན་དང་གཅིག་མཚུངས་ཡིན་ཀྱང་ད་ལྟ་ཆབ་སྲིད་པ་རེ་ཟུང་གིས་དོགས་གཞི་བྱེད་ཡུལ་གཅིག་ནི་ཟླ་བ་བཞི་པའི་ནང་ནེ་ཏྰ་ལན་གྲེ་རུ་རྒྱ་ནག་གི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་གཉིས་རྡུལ་ཕྲན་བདེ་འཇགས་སྐོར་ཟུར་མཇལ་གནང་འཆར་ཡོད་པ་དེར་དོ་ཕོག་འགྲོ་གི་ཡོད་མིན་དེ་རེད།
༦ སྲིད་བློ་བཟང་སེང་གེ་མཆོག་གིས་དབུ་འཁྲིད་རྣམ་གཉིས་ཀྱིས་མཇལ་འཕྲད་གྲུབ་རྗེས་AFP་གསར་ཁང་ལ་འདི་ལྟར་གསུངས་འདུག ་་་་་རྒྱ་ནག་གི་དབང་སྒྱུར་བྱས་པའི་བོད་ས་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་བཀའ་མོལ་གནང་ཡོད། ད་རེས་ཀྱིས་བཀའ་མོལ་ལམ་མཇལ་འཕྲད་དེས་བོད་ནང་ཡོད་པའི་བོད་མི་ཚོར་བརྡ་ལན་ཤུགས་ཆེན་ཞིག་བཏང་ཡོད། གང་ཡིན་ཟེར་ན། ཁོང་ཚོའི་སེམས་སུ་རང་ཉིད་ཀྱི་འབོད་སྒྲ་དེར་ཐ་ན་འཛམ་གླིང་གི་དབང་ཆ་ཆེ་ཤོས་ཀྱི་དབུ་ཁྲིད་ཤིག་གིས་ཀྱང་གསན་གྱི་ཡོད་པ་རེད།བཅས་གསུངས་ཡོད།
ངས་གོང་ཞུས་གནས་ཚུལ་དེ་དག་གསར་ལམ་འགའ་ཤས་ནས་ལུང་འདྲེན་ཞུས་པ་ཡིན་སྟབས་རྣམ་པ་ཚོས་མ་ཡིག་ངོ་མར་གཟིགས་ན་གཤམ་གྱི་དྲ་ཚིགས་ཁག་ལ་གཟིགས་པར་ཚོལ།
http://in.reuters.com/article/2014/02/21/usa-china-tibet-idINDEEA1K0BU20140221
http://news.yahoo.com/obama-meet-dalai-lama-friday-002935077.html?pt=tAD4SCT8P7
http://www.cbsnews.com/news/obama-meets-with-the-dalai-lama-over-chinas-objections/
ཨོ་རྒྱན་ལགས། ཐེངས་འདིར་ཨ་རིའི་གཞུང་དང་སྲིད་འཛིན་གྱིས་༧གོང་ས་མཆོག་ལ་སྣེ་ལེན་ཕེབས་བསུ་གང་འདྲ་ཞུ་བཞིན་ཡོད་མེད་ཤེས་མ་སོང་། ད་སྔ་དེའི་སྐོར་གྱི་གནས་ཚུལ་ཁ་གསལ་འཐོན་མ་སོང་།
ས་ཁྲ་དེའི་སྟེང་༧གོང་ས་མཆོག་དང་ཨོ་བྷ་མ་མཇལ་འཕྲད་ཀྱི་སྐུ་པར་བཞག་ཡོད་པ་དེ་གསར་དུ་བཞག་པ་དེ་འདྲ་མ་རེད། སྔོན་མ་ནས་ཡོད་པ་ཞིག་རེད། ལོ་གཅིག་ལྷག་གོང་ནས་ང་རང་དོ་སྣང་བྱུང་སོང་།
དོན་གྲུབ་བཀྲ་ཤིས་ལགས་ཀྱིས་ངོ་སྤྲོད་གནང་བའི་ཨ་རིའི་ཕོ་བྲང་དཀར་པོའི་སྐྱ་ཐིག་ནང་གི་ས་ཁྲའི་ཁང་མིག་ཏུ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐབས་ཀྱི་སྐུ་པར་ཞིག་བཞག་འདུག་པ་འདི་ཡ་ཅང་ཡ་མཚན་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན་སྐབས་དེའི་མཇལ་འཕྲད་ཀྱི་རྗེས་སུ་ཨ་རིའི་སྲིད་འཛྀན་གྱིས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྣམ་འགྱུར་ཡག་པོ་ཞིག་བཟུང་མེད་པ་དང་སྣེ་ལེན་ཕེབས་བསུ་ཡག་པོ་གནང་མེད་སྐོར་གྱི་གནས་ཚུལ་དང་གླེང་སློང་བྱུང་ཡང་། ས་ཁྲ་དེའི་ནང་དུ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བཞག་ཡོད་པ་དེར་བལྟས་པ་ཡིན་ན་མཇལ་འཛོམས་དེར་ཧ་ཅང་ཆེ་མཐོང་དང་གུས་བརྩི་ཆེན་པོ་གནང་འདུག་བསམ་པ་ཞིག་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་བཀོད་པའི་ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་མགྲིན་ཚབ་ལྕམ་སྐུ་ (Caitlin Hayden)གཏམ་བཤད་དང་བོད་ཀྱི་དུས་བབ་གཉིས་ཀར་ཧེ་བག་ཅུང་ཙམ་འདུག མི་འདྲ་ས་གཤམ་དུ་བཀོད་ཡོད། དང་པོ་དེ་དབུས་སྒྲིག་འཛུགས་དང་གཉིས་པ་བོད་ཀྱི་དུས་བབ་ཀྱི་གསར་འགྱུར་ནང་ཐོན་པ་རེད།
༡ ༼ དེ་བཞིན་བོད་ཀྱི་ས་ཁུལ་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཐོག་ང་ཚོར་སེམས་འཚབ་ཡོད། ༽
༢ ༼ བོད་ནང་རང་ལུས་མེར་བསྲེགས་སོགས་ཛ་དྲག་གནས་ཚུལ་བསྟུད་མུར་འབྱུང་བཞིན་ཡོད་སྟབས་ཨ་རིའི་གཞུང་ངོས་ནས་རྒྱ་ནག་ལ་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱ་རྒྱུར་རེ་འདུན་འདོན་བཞིན་ཡོད།༽
འདིའི་བར་དུ་༼ རང་ལུས་མེར་སྲེག་༽ཚིག་འདི་ག་འདྲ་ཞིག་ཐོན་པ་རེད། གལ་གནད་ཆེན་པོ་འདི་རིགས་ལ་སུས་ནོར་ཡོད་ན་གཟབ་དགོས་པར་སྣང། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་མཆོག་ནས་འདི་ལ་གསལ་བཤད་ཅིག་གནང་རོགས།།
གསར་འགྱུར་འདི་མཐོང་བ་དང་དྲ་གྲོགས་ཚོར་ཟུར་ཟའི་རི་མོ་ཞིག་ངོ་སྤྲོད་བྱ་འདོད་སྐྱེས་སོང་། དེ་ནི་༧རྒྱལ་བ་རིན་པོ་ཆེ་དང་། ཨོ་བྷ་མ་དང་། ཨ་རིའི་གཞུང་དང་། བོད་དོན་བཅས་ཀྱི་འབྲེལ་བ་མཚོན་པའི་ཟུར་ཟའི་རི་མོ་གསོན་ཉམས་ལྡན་པ་ཞིག་ཡིན། ༼དྲ་མཆན་ནང་དུ་རི་མོ་དེ་འགོད་མི་ཐུབ་པས་གཤམ་གྱི་འབྲེལ་ཐག་དེ་མནན་ནས་ལྟ་རོགས།༽
རི་མོ་ནི་འདི་ལྟར་ཏེ། ༧རྒྱལ་བ་རིན་པོ་ཆེས་ཉལ་སར་ལྷུང་བའི་ནད་པ་ཞིག་ལ་མ་མཇལ་དར་འབུལ་བ་དང་། ཁོང་གི་གཞོགས་ན་ཨོ་བྷ་མ་ཡོད་པ་དང་། སྐེ་ལ་ཁ་བཏགས་དཀྲིས་པས་ཞལ་འཛུམ་ལངས་ནས་ཚེམ་ཡང་དཀར་ཐོལ་ལེར་འདུག ནད་པ་དེའི་སྣ་ཆེ་ཞིང་རྒྱང་ངེར་ཡོད་པ་དང་། མགོ་ལ་ཨ་རིའི་རྒྱལ་དར་གྱི་རི་མོ་ལྡན་པའི་ཞྭ་མོ་ཞིག་གྱོན་པ་དང་། ལུས་ལ་རྒྱ་ནག་གི་སྐར་ལྔའི་དར་དམར་ཅན་གྱི་ཁྲག་འདྲེན་གྱིན་འདུག ནད་པ་དེས་རྒྱལ་བ་རིན་པོ་ཆེས་མཇལ་དར་འབུལ་བ་མཐོང་ནས་དངངས་སྐྲག་གིས་མིག་ཟུང་བགྲད་ཅིང་ལག་པའི་སོར་མོ་དག་འཁུམ་འདུག
ཟུར་ཟའི་རི་མོ་དེ་ལ་ཕྲན་ཙམ་དཔྱད་ན། ༧རྒྱལ་བ་རིན་པོ་ཆེ་ཨོ་བྷ་མ་དང་མཇལ་ནས་ཨ་རི་གཞུང་གིས་བོད་དོན་ལ་དྲང་བདེན་གྱི་རྒྱབ་སྐྱོར་རེ་གནང་རོགས་ཞུ་བ། སྲིད་འཛིན་ཨོ་བྷ་མ་སྒེར་ངོས་ན་འཛུམ་མདངས་ཙམ་གྱི་བོད་དོན་རྒྱབ་སྐྱོར་ལས་མེད་པ་དང་། དཔལ་འབྱོར་རྒྱ་ནག་ལ་བརྟེན་པའི་ཨ་རི་སྲིད་གཞུང་གིས་བོད་དོན་ལ་སྐད་ཆ་བཤད་འདོད་མེད་པ་དང་། བོད་དོན་རྒྱབ་སྐྱོར་གྱི་འབོད་སྐུལ་དང་རྒྱལ་སྤྱིའི་སྲིད་འབྱོར་གྱི་དངོས་ཡོད་འབྲེལ་བ་དང་། བོད་དོན་ཞུ་འབོད་ཀྱི་གྲུབ་འབྲས་གང་ཡིན་མཚོན་པར་འདོད། http://www.politicalcartoons.com/cartoon/45b02eac-fd74-4f91-b2c7-2360cff32b19.html
རྩོམ་སྒྲིག་པ་མཆོག་གིས་དྲ་ཚིགས་དེ་མཁོ་སྤྲོད་གནང་བ་ཐུགས་རྗེས་ཆེ། དྲ་ཚིགས་ནང་གི་ས་ཁྲ་དེར་ལྟ་ཡིན། དངོས་གནས་དགའ་སྤྲོ་དང་ལྡན་པའི་ཚོར་བ་སྨྲ་མ་ཤེས་པ་ཞིག་བྱུང་སོང་། ད་རེས་ཨ་རིའི་གཞུང་གིས་སྐུ་མདུན་ལ་ཕེབས་བསུ་དྲ་རྒྱས་པོ་ཞེ་དྲག་གནང་གི་ཡོད་ས་འདུག ཨ་རིའི་ཕོ་བྲང་དཀར་པོའི་ནང་དུ་སྐུ་མདུན་ཡིད་བཞིན་ནོར་བུ་དང་སྦ་རེག་ཨོ་བྷ་མ་གཉིས་ཀྱི་འཇལ་འཛོམས་ཀྱི་ནང་དོན་གཙོ་བོ་ག་རེ་ཡིན་ནམ། དེའི་སྐོར་གསལ་བོ་རམཁྱེན་མཁན་འདྲ་ཡོད་ན་ངའི་དྲི་བ་འདི་ལ་ལན་ཞིག་བསྐྱོན་གནང་རོགས། ཐུགས་རྗེ་ཆེ།
http://www.xizang.gov.cn/zwxw/75932.jhtml
དྲ་གྲོགས་རྣམས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲ་ཐག་འདི་ལ་ཅིག་གཟིགས་རྗེས།
ཉེ་ཆར་རྒྱ་གར་གྱིས་རྒྱ་གར་ནང་སྐྱེས་པའི་གཞོན་སྐྱེས་ཚོར་འོས་བླུག་ཆོག་པའི་ཐོབ་ཐང་སྤྲོད་རྒྱུ་ཡིན་ཅེས་པ་གཉིས་ལ་འབྲེལ་བ་དང་འགལ་བ། རྒྱབ་ལྗོངས་ག་འདྲ་ཞིག་ཡིན་མིན་ཐད་བསམ་གཞིགས་ཤིག་བྱེད་རོགས།
དྲ་གྲོགས་རིག་བཟང་ལགས།
༡ ) ཁྱབ་བསྒྲགས་དེའི་ཟུར་དུ་བསྣུན་དགོས། ཡང་ན་ཁྱབ་བསྒྲགས་དེའི་སྟེང་དུ་ Continue to Tour ཟེར་བ་ཞིག་ཡོད་པ་དེར་བསྣུན་དགོས།
༢) ཕོ་བྲང་དཀར་པོའི་ས་ཁྲའི་སྟེང་དམར་ཐིག་བཅུ་གྲངས་ཤིག་ཡོད་པ་དེ་དག་སྟེང་ཙི་མགོ་འཁྱེར་ན་དབྱིན་ཡིག་ནང་(Map Room)ཟེར་ཞིག་འཆར་བ་དེར་བསྣུན་དགོས།
ང་དུས་བབ་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ཡིན།
ཨའོ་བྷ་མ་དང་མཇལ་འཕྲད་དང་འབྲེལ་བའི་གསལ་བསྒྲགས།
༸གོང་ས་ཆེན་པོ་ཨོ་བྷ་མར་བདུན་ཕྲག་འདིའི་གཟའ་པ་སངས་ཉིན་མཇལ་འཕྲད་གནང་རྒྱུའི་གསར་འགྱུར་དང་འབྲེལ། བོད་ནང་དུ་དཀྲོགས་གཏམ་འདྲ་མིན་ཁྱབ་སྲིད་པ་རེད་ལ། ལྷག་པར་རང་ལུས་མེར་སྲེག་སྐོར་ཨ་རི་གཞུང་གིས་ཅིག་གནང་མི་ཡོང་ངམ་བསམས་སྲིད་པ་རེད། ཡིན་ནའང། ཨ་རི་གཞུང་གིས་བསྒྲགས་གཏམ་འདྲ་སྤེལ་ན་མ་གཏོགས་ལག་ལེན་ཐོག་ད་སྔ་ཡན་གྱི་བྱེད་སྟངས་དང་གཅིག་མཚུངས་ཆགས་ངེས་སྟབས། དངོས་དོན་མ་མཁྱེན་པར་རང་སྲེག་གཏོང་བའམ། དངོས་ཡོད་དང་མི་མཐུན་པའི་རེ་བ་སྟོང་པ་རྒྱག་སྲིད་སྟབས་དེའི་ཐད་གཟབ་དགོས་པར་སྣང། ༸གོང་ས་མཆོག་གིས་ཉེ་ཆར་རང་”འདི་ནས་སྐད་འབོད་འདྲ་མིན་བརྒྱབ་ནས་བོད་ནང་རེ་བ་སྟོང་པ་སྤྲད་ན། བོད་ནང་གི་བོད་མི་ཚོར་བརྡབ་གསིག་ཡོང་གི་འདུག་གཟབ་གཟབ་བྱེད་དགོས་ཀྱི་འདུག་”ཅེས་བཀའ་ཕེབས་པ་བཞིན། མཇལ་འཕྲད་གྲུབ་མཚམས་ཏན་ཏན་དངོས་ཡོད་གནས་སྟངས་ག་རེ་བྱུང་མིན་བཀའ་ཕེབས་པ་ནི་གདོད་མི་ཟ་ཞིང། ༸མགོན་པོ་གང་གིས་རྒྱ་ནག་གི་རྩ་ཁྲིམས་འོག་བོད་ཆོལ་ཁ་གསུམ་ལ་འཛིན་སྐྱོང་གཅིག་གི་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཐོབ་རྒྱུར་ཞལ་ཞེ་གཉིས་མེད། འབད་བརྩོན་ཡོད་དགུ་རྩལ་སྤྲུགས་བྱས་ཏེ་ད་བར་མི་ལོ་བཞི་བཅུ་ལྷག་འགོར་ཡོད་སྟབས། གཞིས་ལུས་རྒྱ་ཆེའི་མི་མང་གིས་མགོན་པོ་གང་གི་དགོངས་གཞི་རྨ་མེད་པ་དེ་མཁྱེན་རྟོགས་ཀྱིས་དེ་བསྟུན་གྱི་ལས་འགུལ་སྤེལ་རྒྱུ་ལས། མགོ་ཁྲིད་གསར་པ་ཁ་ཤས་ཀྱི་རྒྱགས་གཏམ་དང་དཀྲོགས་གཏམ་འདྲ་མིན་ལ་གཞིགས་ཏེ་རང་སྲེག་གཏོང་བ་སོགས་གཏན་ནས་མི་བྱེད་པའི་འབོད་སྐུལ་ཚ་ནན་ཞུ་བཞིན་ཡོད་ལ། གུས་པ་དབུ་མའི་ལམ་ཐད་རང་སྲོག་ཚུན་ཆད་བློས་གཏོང་བྱེད་དགོས་ཀྱང་གྲ་སྒྲིག་ཡོད་མཁན་ཞིག་ཡིན་སྟབས་དེར་རྙེད་པའི་ཡིད་ཆེས་བརྟན་པོ་འགན་ཁུར་ཡོད་པའི་ཐོག་ནས་རེ་སྐུལ་འདི་གནས་སྟངས་ངོ་མ་ཤེས་པའི་ཐོག་ནས་ཞུས་པ་ཡིན་པ་དགོངས་པར་མངའ་འཚལ་ཞུ།།
༢༠༡༤། ༢། ༢༡། ཉིན་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས།།
ད་གཟབ་གཟབ་མ་གནང་དུས། མི་ཁག་ཅིག་གིས་གསར་འགྱུར་འདི་གོ་ལོག་གིས་སྤེལ་སྲིད་ཅིང། ལྷག་དོན་རང་སྲེག་གི་སྐོར་ཞིག་མགྲིན་ཚབ་པས་བཤད་ཡོད་པ་དེ་བས་ཀྱང་ཉེན་འཚབ་ཆེན་པོ་ཆགས་སྲིད་པ་རེད། ༸གོང་ས་མཆོག་གིས་ཏན་ཏན་མཇལ་ཁ་གྲུབ་མཚམས་བོད་ནང་གི་བོད་མི་ཚོར་རེ་བ་སྟོང་པ་མི་སྤྲོད་ཆེད་བཀའ་སློབ་གསལ་ཞིང་གསལ་བ་གནང་གི་རེད་ལ། དེ་བར་བཙན་བྱོལ་ནང་གི་མི་རེ་ཤོས་ཀྱིས་གསར་འགྱུར་འདི་ཁ་བསྒྱུར་ནས་འདྲ་མི་འདྲ་བྱེད་སྲིད་པ་རེད་ལ། དེ་བཞིན་བོད་ནང་གི་མི་ ༢༠༠ ལོང་ཅིག་བྱེད་ཀྱི་རེད་ཟེར་པའི་དཀྲོགས་གཏམ་ཁུངས་མེད་དེ་བདེན་པ་ཡིན་བསམ་སྲིད་སྟབས། བཀའ་སྤྱི་གཉིས་གཙོས་འགན་ཡོད་ཅན་རྣམས་ནས་དེ་རིང་ནས་བཟུང་སྟེ་གནས་ཚུལ་འདི་རིགས་བོད་ནང་སྤེལ་དུས་འགན་ཁུར་ཏག་ཏག་ཅིག་མ་བཞེས་དུས་དོན་དག་མེད་སར་ཚེ་སྲོག་མང་པོ་འགྲོ་སྲིད་པ་རེད། དེའི་ཆ་ནས་ཚང་མས་གཞིས་ལུས་མི་མང་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཞིག་གནང་རོགས་ཞུ་ཞེས་ཞུ་ཐལ་ཤོར་སོང།།
དོན་གྲུབ་བཀྲ་ཤིས་ལགས། སྐུ་ཉིད་ཀྱིས་དྲ་གནས་དེ་ངོ་སྤྲོད་གནང་བ་ཡག་བྱུང་། སྐུ་ཉིད་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ཞུ་བ་ཁོང་ཡིན་ནམ། ང་རང་གིས་གོང་དུ་ཁྱེད་རང་གིས་ངོ་སྤྲོད་གནང་བའི་དྲ་ཐག་དེའི་ནང་ཚུལ་སྐབས་ཁྱབ་བསྒྲགས་འདྲ་བོ་ཞིག་འཆར་ཡོང་ལས་གཞན་མང་པོ་གང་ཡང་མི་འདུག
དྲ་གྲོགས་ཚོ། འོག་གི་དྲ་ཐག་འདི་ལ་སྣུན་དང་། http://www.whitehouse.gov/about/inside-white-house/interactive-tour འདི་ཨ་རིའི་གཞུང་འབྲེལ་དྲ་གནས་གྲགས་ཆེན་ཕོ་བྲང་དཀར་པོ་ཞེས་པ་དེ་རེད། དེའི་ནང་དམར་ཐིག་འགའ་ཡོད་པའི་ཐོག་ཙི་མགོ་འཁྱེར་ན་(Map Room)ཟེར་བ་ཞིག་འཆར་གི་རེད། དེ་ལ་སྣུན་མ་ཐག་ཁྱོད་ལ་ཚོར་སྣང་ཞིག་སྟེར་ངེས་ཡིན། དེའི་རྗེས་སུ་འདིར་བསམ་ཚུལ་གསུང་གི་ཤོག
ཕྱི་ཚེས་ ༢༡ ཉིན་རྒྱ་གཞུང་ཕྱི་དྲིལ་མགྲིན་ཚབ་པ་ཧྭ་ཁྲོན་ཡུན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་ཀྱི་ཚུལ་དུ་འདི་ལྟར་བཤད་འདུག
ང་ཚོས་གནད་དོན་དེ་ཚབ་ཆེན་པོར་བརྩི་བཞིན་ཡོད་པ་མ་ཟད། ཨ་རིར་འབྲེལ་གཏུགས་ནན་ཚིག་སྒྲོག་གིན་ཡོད། བོད་དོན་ནི་རྒྱ་ནག་ནང་སྲིད་ཁོ་ན་ཞིག་ཡིན་ལ། ཕྱིའི་རྒྱལ་ཁབ་སུ་ཞིག་ལའང་ཐེ་ཇུས་བྱེད་དབང་མེད་པ་གསལ་འདོན་བྱེད་ཀྱིན་ཡོད། ཏཱ་ལ་ནི་ཆོས་ལུགས་ཀྱི་དར་ཆ་འཕྱར་ཏེ་ཡུན་རིང་ཀྲུང་རྒོལ་ཁ་བྲལ་ལས་འགུལ་སྤེལ་མཁན་ཆབ་སྲིད་ཡུལ་གྱར་བ་ཞིག་ཡིན། ཨ་རིའི་ཕྱོགས་ནས་མགོ་ཁྲིད་མི་སྣ་ཏཱ་ལར་ཐུག་འཕྲད་བྱེད་བཅུག་པ་དེ་ནི། རྒྱ་ནག་ནང་སྲིད་ལ་ཐེ་གཏོགས་དྲག་པོ་དང་རྒྱལ་སྤྱིའི་འབྲེལ་ལམ་ཚད་གཞིར་གཏོར་སྐྱོན་ཚབ་ཆེན་བཟོས་བ་ཞིག་ཡིན་པ་མ་ཟད། ཨ་རྒྱའི་འབྲེལ་བར་མ་འོངས་པར་གནོན་སྐྱོན་ཚབ་ཆེན་བཏང་བ་ཞིག་རེད། ཀྲུང་གོའི་ཕྱོགས་ནས་དེའི་ཐད་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ང་ཚོའི་ངོས་ནས་ཨ་རིས་ཀྲུང་གོའི་ལྟ་སྟངས་ལ་བརྩི་འཇོག་ནན་མོ་བྱས་ཏེ། འཕྲད་དུ་ཨ་རིའི་མགོ་ཁྲིད་མི་སྣ་ཏཱ་ལར་ཐུག་འཕྲད་བྱ་རྒྱུ་ཕྱིར་འཐེན་དང་། ཨ་རིའི་ནང་ཏཱ་ལར་ཀྲུང་རྒོལ་ཁ་བྲལ་ལས་འགུལ་སྤེལ་རྒྱུར་གོ་སྐབས་དང་སྡིངས་ཆ་མི་བསྐྲུན་རྒྱུའི་སྐུལ་མ་གཏོང་གི་ཡོད།
རྒྱ་གཞུང་གི་སྐད་ཆ་འདི་དཔྱད་ཞིབ་ཀྱི་རྒྱུ་ཆའི་ཆེད་བོད་སྒྱུར་གྱིས་མཁོ་འདོན་བྱས་པ་ཡིན།
སྤྱིར་སྟངས་གནས་ཚུལ་འདི་ཧ་ཅང་གཏམ་བཟང་རེད། དགའ་ཡོད་སྤྲོ་ཡོད། ཡིན་ནའང་ཨ་རིའི་གཞུང་དང་སྲིད་འཛིན་ཨོ་བྷ་མའི་༧གོང་ས་མཆོག་ལ་མཇལ་འཕྲད་གནང་སྟངས་དེ་རྒྱ་ནག་དང་ཨ་རིའི་འབྲེལ་བའི་ཡག་ཉེས་ལ་ཐུག་ཡོད་པ་ཞིག་དང་། སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་ཐུག་འཕྲད་གནང་བ་དེ་ཡང་ཨ་རིའི་མང་ཚོགས་དང་ཨོ་བྷ་མའི་བར་གྱི་དགོས་མཁོ་ཞིག་ཆགས་ཡོད་པའི་མཐོང་ཚུལ་བྱུང་སོང་།
༢༠༡༠ ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོའི་ལྟག་རྒྱབ་ཁང་འོག་གི་ས་ཁྲ་ཁང་དུ་མཇལ་འཕྲད་གནང་བ་དེ་ཧ་ཅང་ལྐོག་ལྐོག་སིལ་སིལ་ཞིག་ཡིན་པ་ཟད། ཕར་ཕེབས་ལམ་དང་ཚུར་འཐོན་སྒོ་ཡང་ལྟག་སྒོ་བརྒྱུད་དེ་རྐུ་མ་དང་ནག་ཅན་ལྟར་བྱས་པ་རེད།
ད་ཐེངས་བློ་བུར་དུ་ཐུག་འཕྲད་གནང་བ་འདི་ཡང་ཧ་ཅང་ཡ་མཚན་ཞིག་རེད་འདོད། ཉེ་བའི་ཆར་ཨ་རི་དང་རྒྱ་ནག་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། ཉི་ཧོང་དང་ཤར་ཨེ་ཤ་ཡའི་རྒྱ་མཚོའི་མངའ་ཁུལ་མཚོ་གླིང་བདག་དབང་ཐད་ཨ་རྒྱ་གཉིས་ཀྱི་འབྲེལ་བ་རྣོ་ངར་ཅན་ཆགས་ཡོད།
འོན་ཀྱང་ཨ་རིའི་དམིགས་ཡུལ་བཟང་ངན་ལ་མ་ལྟོས་པར། རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་བར་ཐེངས་འདིར་བོད་མིའི་ཆོས་སྲིད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་མཇལ་འཕྲད་གནང་བ་དེར་སྔགས་བརྗོད་དང་ཡི་རངས་ཞུ་བཞིན་ཡོད།
གཏམ་བཟང་། ཁ་དྲོ།