དྲན་དུས་ཀྱི་ཁྱེད་རང་ནི། བསིལ་རླུང་གིས་ཁྲོད་དུ་འཁུར་ནས་འོང་དྲི་ཞིམ་གྱི་མེ་ཏོག་དང་འདྲ་ལ་སྣོམ་བྱེད་ཀྱི་སྣ་ལམ་དུ་སླེབས་འོང་དུས་སུ། དེ་ལ་རང་དབང་མེད་པར་སྣོམ་དགོས། དྲན་དུས་ཀྱི་ཁྱེད་རང་ནི། ས་ཐག་རིང་གི་བར་ཐག་ལ་བརྟེན་ནས་ཡང་བྱུང་གི་ཡོད། གང་ལྟར། ཁྱེད་རང་དྲན་དུས་ཀྱི་སྣང་བ་ནི་མཚམས་མཚམས་སུ་ཡིད་དུ་འོང་བ་ཞིག་ཡིན་ལ། སྐབས་སྐབས་སུ་སེམས་སྐྱོ་བ་ཞིག་གིས་མིག་ཆུ་ཡང་དབང་མེད་དུ་གཏོང་དགོས། ཁྱེད་རང་མི་དྲན་པའི་ཐབས་ཤེས་དེ་ཡང་ཁྱེད་རང་དྲན་བྱེད་དུ་ཆགས་འགྲོ་ལ། དྲན་དུས་ཀྱི་ཁྱེད་རང་ནི་དེ་ལས་ཀྱང་བཤད་མ་དགོས་པ་ཞིག་རེད།
མིའི་འཚོ་བ་ནི་འདི་འདྲའི་ཁྱད་མཚར་ཞིག་རེད། དགའ་ས་ནས་དུངས་ས། དུངས་ས་ནས་བརྩེ་བ་ཡོད་ས། བརྩེ་བ་ཡོད་ས་ནས་ཚེ་གྲོགས་ཉན་ས། དེ་ལྟར་གོ་རིམ་མང་བོ་ཞིག་བརྒྱུད་མི་ཐུབ་པར་གློ་བུར་དུ། གང་ཞིག་ནས་འཕྲད་དེ་གང་ཞིག་ནས་ཚེ་གྲོགས་ཆགས་བཞིན་ཡོད་པ་འདིས་མི་ཡུལ་ལ་སྡུག་བསྔལ་འཁུར་དེ་འོང་གི་ཡོད་ལ། ལྷག་པར་དུ་ང་ལྟ་བུ་གང་མང་མང་གིས་ཁྱེད་རང་ལྟ་བུ་གང་མང་མང་ཞིག་དྲན་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཡང་དེ་ནས་བསགས་བཞིན་པ་མ་ཡིན་ནམ།
གནས་ལུགས་དང་གོ་སའི་འགྲན་རྩོད་མེད་ལ། རྒྱུ་མཚན་དང་སྐད་ཆ་མི་འགྲོ་བའི་སྐབས་ཤིག་ནས་སེམས་ཁོང་གི་འདི་འདྲ་ཞིག་སླེབས་དེ་འོང་བ་ནི། ང་ཁྱེད་རང་ལ་དགའ་ཟེར་བ་དེ་ཡིན། ཚོར་བ་དེ་སླེབས་པ་ནས་དུས་རྟག་དུ་ཁྱེད་རང་དྲན་པ་ལ་མཚམས་བཞག་མྱོང་མེད་པའི་སེམས་ནང་གི་འགྲུལ་བ་འདིས་བཏང་བས་མནར་གཅོད་ནི་ཧ་ཅང་ལྕི་བ་ནས་མི་སུ་ལ་ཡང་གསལ་བཤད་དང་སྟོན་ཐུབ་མེད་པར་གྱུར་བ་ནས། དེ་ནི་འཁྲུལ་སྣང་དང་རྨི་ལམ། སྟོང་དགའ་དང་སྡུག་བསྔལ་དུ་ངོས་འཛིན་བྱེད་ཕྱོགས་ཤིག་བྱུང་བ་རེད། དེ་ནས་བཟུང་ཁྱེད་རང་ནི་མི་ཞིག་གི་དྲན་ཤིང་དང་མི་ཞིག་གི་སེམས་བརྟེན་དུ་གྱུར་སོང་བ་རེད།
ཁྱེད་རང་སེམས་བརྟེན་དུ་གྱུར་བས་མི་ང་དང་ང་ལྟ་བའི་གང་མང་མང་གི་སེམས་ནི་རང་དབང་དང་ཞི་བདེ་ལ་དུངས་པ་ནས། མི་གཞན་གྱིས་འཕྱ་དམོད་དང་བསླུ་ཁྲིད་ལ་མི་སྐྲག་པར་མདུན་བསྐྱོད་ཀྱི་བསམ་བློའི་སྟོབས་ཤུགས་ལ་ནམ་ཡང་མཚམས་འཇོག་མྱོང་མེད་པ་ཡིན། དེ་ནི་ཕམ་ཁ་ནས་རྒྱལ་ཁ། གནས་ལུགས་ནས་རྒྱུ་མཚན་དུ་གྱུར་བཞིན་ཡོད་པ་རེད། འདི་ནི་མིའི་རིགས་ཀྱི་འདོར་དུ་མེད་པས་གནམ་འོག་གི་འཚོ་བའི་སྲོག་ཤིང་ཡང་ཆགས་ཡོད། སྲོག་ཤིང་འདི་ལ་མ་བརྟེན་པར་མི་སུ་ཡང་འཚོ་བ་དོན་སྙིང་མེད་པ་ནས་ནམ་ཡང་ཡིད་ཚིམས་མེད་པ། བཟའ་ཚང་ནང་དུ་ཡང་འཁོན་འདྲེས་དང་སྡུག་དམོད་ལ་རྒྱུན་ཆད་མེད་པ་བྱུང་གི་ཡོད་ལ། ཕན་ཚུན་ལ་བསམ་ཤེས་ཟེར་བས་ཚོར་བ་དེ་ཡང་སླེབས་ཐུབ་ཀྱི་མེད་སྟབས། དེའི་མཇུག་འབྲས་ནི་མི་དང་མིའི་བར་གྱི་ཡིད་ཆེས་བརླག་བཞིན་ཡོད་པ་དེ་རེད། ཁྱེད་རང་དྲན་དུས་ཀྱི་ཚོར་བ་ནི་ལྷད་མེད་ཅིག་དང་ཡིད་དུ་འོང་བ་ཞིག་ཡིན་ཡང་་་་་་