ལོ་ངོ་དོན་བཞི་ཏག་ཏག་འདས་པའི་ཉིན་གྱི་དེ་རིང་སྐུ་ཉིད་བོད་ཀྱི་མདོ་སྨད་དུ་སྐུ་འཁྲུངས་པའི་ཉིན་མོ་དེར། སྐུ་ཉིད་ཀྱིས་མ་ཡུམ་ལགས་ཀྱིས་སྐུ་ཉིད་ལ་མི་བུ་སྤྱིར་བཏང་བཞིན་རང་ཉིད་ལ་བུ་ཞིག་སྐྱེས་པ་དེར་ཚོར་སྣང་རྒྱུན་ལྡན་ཞིག་ལས་གང་ཡང་མེད་རབས་རེད། དེ་དང་འབྲེལ་ནས་འཇིག་རྟེན་བོད་པ་ཚང་གི་སྤྱི་སྲོལ་ལྟར་སྐུ་ཉིད་ཀྱི་མཚན་ལ་ལྷ་མོ་དོན་འགྲུབ་ཟེར་ནས་མཚན་ཞིག་ལས་གང་ཡང་མེད་ན་ཡང་། སྐུ་ཉིན་འཁྲུངས་ནས་ལོ་ངོ་གཉིས་གསུམ་འདས་པའི་ཉིན་མོ་ཞིག་ལ་འགྲུལ་བ་མང་བོ་ཞིག་སྐུ་ཉིད་ཀྱི་ཁྱིམ་ཚང་གི་ནང་དུ་འབྱོར། སྐབས་དེར་སྐུ་ཉིད་ཀྱིས་དམིགས་བསལ་གྱིས་བྱིས་པ་གཞན་དང་མ་འདྲ་བའི་ངང་ཚུལ་ཞིག་བསྟན་གནང་བ་དེ་ནས་བཟུང་། སྐུ་ཉིད་ནི་འཇིག་རྟེན་གྱི་བྱིས་པ་གཞན་དག་དང་མི་འདྲ་བའི་མཚན་གནས་ཤིག་གནང་བ་དེས་བོད་པ་ཚང་གི་སྐྱེ་འགྲོ་ཡོངས་ཀྱིས་ཡིད་ཀྱི་གསོས་སྨན་ཏུ་གྱུར་བ་རེད།
ལོ་ན་ཆུང་བའི་སྐུ་ཉིད་ལ་གར་འགྲོ་གར་འདུག་གི་རང་དབང་མེད་པར་བོད་པ་ཚང་གི་སྤྱི་ནོར་ཆགས་པའི་གཉེར་ལེན་གྱིས་པོ་ཏ་ལའི་རྩེ་དང་ནོར་གླིང་སྐྱེད་ཚང་གཉིས་ནི་སྐུ་ཉིད་ཀྱི་རང་དབང་གི་འགྲོ་བསྡོད་བྱེད་ས་ཁོ་ན་ཞིག་ཆགས་པ་ལས་ས་གནས་གཞན་ལ་གར་འགྲོ་གར་འདུག་གི་བདམས་ཀ་སྐུ་ཉིད་ཀྱིས་གནང་ཐུབ་མེད་པར་མི་ལོ་མང་བོ་གར་སོང་མེད་པར་ཤེས་རིག་ཁོ་ནའི་ལོང་སྤྱོད་བྱེད་ཞོར་ཏུ་འཇིག་རྟེན་ན་ཉོག་འཛིང་ཆེ་བའི་ན་ཟུག་ཞིག་གིས་བོད་པ་ཚང་གི་གནའ་ཤུལ་ལ་གཏོར་བཤིག་གཏོང་བཞིན་པས་ངང་ཚུལ་སྐྱུར་མོ་དེ་ཉིད་མི་འདོད་ཀྱང་ལྡོག་ཏུ་མེད་པར་སྤྱན་གྱིས་མདུན་ཏུ་བསྟར། མེ་རི་གཉིས་ཀྱིས་བར་ཏུ་གནས་པ་ལྟ་བའི་སྐབས་དེར། སྐུ་ཉིད་ཀྱིས་རང་ངོ་མ་ལོན་ཞིང་གཞན་ངོ་ལོན་པའི་ཐབས་ཤེས་ཉེག་གཅིག་རྙེད་པ་ནི་སྐྱབས་བཅོལ་གྱི་ལམ་བུ་ཁོ་ན་ཆགས་ཡོད་པ་གཟིགས་ནས་རང་གི་མི་རིགས་འདིའི་བདེ་སྡུག་ཡོད་ཚད་སེམས་ཁོང་དུ་གཉར་ནས་ཧི་མ་ལའི་རི་རྒྱུད་བརྒལ།
ཧི་མ་ལའི་རི་བོ་ཚུར་རོལ་ཏུ། གནས་ཚང་གསར་བ་ཞིག་གི་མགོ་འཛུགས་ཁྲོད། སྐུ་ཉིད་ལ་རྒྱུས་མངའ་ཡོད་མཁན་གྱི་མགོ་སེར་དང་སྙན་གྲགས་ཅན་གྱི་མི་སྣ་སོགས་གང་གིས་རོགས་རམ་མེད་ཀྱང་། ཐུགས་ལ་ཞིམ་པ་མེད་པར་ཉིན་མཚན་ཁྲི་ཕྲག་མང་བོ་རང་རིགས་ཀྱི་རྒན་བྱིས་དར་གསུམ་ཡོངས་སུ་རྫོགས་པ་འཛུལ་སའི་ཚང་དང་བསྡོད་སའི་གནས། ཟ་རྒྱའི་ཟས། གོན་རྒྱའི་གོས། བྱེད་རྒྱའི་ལས་ཀ་སོགས་ཐོབ་ཆེད་དུ་རྒྱ་གར་བ་ཚང་གི་སྐུ་ངོ་རྒན་གཞོན་བགྲེས་གསུམ་གང་ཡོད་ཀྱི་དྲུང་དུ་ཕྱག་ཟུང་ཐལ་མོ་སྤྱར་ནས་བོད་ཀྱི་བདེ་སྡུག་གི་བཀའ་གསུང་ཚོགས་ཁང་དང་སློབ་ཁང་། མགྲོན་ཁང་དང་ཐང་སོགས་གང་ནས་གོ་སྐབས་རེག་པ་དེ་དག་ལ་འཐུས་ཤོར་གཏན་ནས་མ་བཏང་བར་བོད་བཙན་བྱོལ་བ་ཟེར་བས་མིང་དེ་འཛམ་གླིང་གི་ས་ནས་ཁོར་ཡུག་མི་ཉུང་བ་ཞིག་ལ་བསྐྱལ།
ཞི་བདེའི་སེམས་དང་ཞི་བདེའི་ལམ་སྟོན། ཞི་བདེའི་སྐུ་ཚེའི་མཛད་པ་དེ་དག་གིས་ཁྲོད་དུ་དགོང་ལོའི་གནས་བབ་ཀྱང་ཇེ་མཐོ་ནས་ཇེ་མཐོར་བྱིན་ནས། འགྲུལ་བཞུད་ཀྱི་ཉིན་མོ་ཡང་ཇེ་མང་ཇེ་མང་དང་། མཚན་སྙན་གྱི་གཟེངས་རྟགས་ཀྱང་འཛམ་གླིང་ན་དཀོན་པ་ཆེས་མང་བོ་ཞིག་ལོ་ནས་ལོ་མཐུད་དེ་བཞེས་པ་དང་ལྷན་ཏུ་སྐུ་ཉིད་བོད་མི་རིགས་ཀྱི་འགྲིན་ཚབ་པ་ཞིག་ཡིན་པར་རྟག་ཏུ་མཐོ་དམན་བར་གསུམ་ཀུན་ལ་བསྒྲགས་པ་མ་ཟད། སྐུ་ཚེ་འདིའི་རིང་དུ་བོད་ལ་རང་དབང་ཞིག་མ་ཐོབ་ན་ང་རང་ཤི་ན་དབུགས་འགྲོ་ས་མ་རེད་སོགས་ཀྱིས་ཆེས་རླབས་ཆེན་དང་ཐུགས་བསྐྱེད་ཀྱི་དགོངས་པ་དེ་དག་བོད་པ་ཡོངས་ཀྱི་རྣ་བར་བུ་རམ་བཞིན་ཏུ་མངར་བར་མཛད། ཡིན་ཡང་། སྐུ་ཉིད་ཀྱིས་ད་དུང་འཛམ་གླིང་ཞི་བདེའི་ཐུགས་འགན་བཞེས་པ་དང་ཆོས་ལུགས་འཆམ་མཐུན་གྱི་བཀའ་སློབ་ཟབ་མོ་གནང་བས་མ་ཚད། འགྲོ་བ་མིའི་རིགས་ཚང་མ་འདྲ་མཉམ་ཡིན་པས་བསྐོར་གྱི་གནས་ལུགས་དང་རྒྱུ་མཚན་ཆེས་མང་བོ་ཞིག་མིའི་རིགས་ཀྱི་གོ་ལ་འདིས་སྟེང་གི་མཐོ་དམན་སྐྱེ་འགྲོ་ཀུན་གྱིས་རྣ་བར་བསྒྲགས།
དམིགས་བསལ་གྱིས་ལོ་རེ་བཞིན་རྒས་པའི་གཉེར་མ་ཇེ་མང་དུ་སོང་བར་གཟིགས་ཞོར་ཏུ་བོད་མི་མང་ལ་ནམ་ཡང་འདོར་ཏུ་མེད་པའི་ཐུགས་བརྩེ་བའི་དྲི་མེད་ཀྱི་དགོངས་པ་ཆེ་ཆེར་གནང་ནས་སྐུ་ཚེ་བཀང་བོར་མཛད་པའི་བྱ་བཞག་ཐམས་ཀྱང་བོད་མི་མང་གིས་སྙིང་སྟོབས་དང་སེམས་ཤུགས་ལས་བྱུང་བ་མ་གཏོགས་སྐུ་ཉིད་ནི་བོད་མི་མང་གི་འགྲིན་ཚབ་པ་ཞིག་ལས་གང་ཡང་མིན་པར་གསུང་ནས་ད་དུང་འཁང་ཆུང་མཛད།
ལོ་ངོ་དོན་བཞི་ལ་སོན་པའི་འཛམ་གླིང་སྟེང་གི་ཆེས་རླབས་ཆེན་གྱི་ཐུགས་འགན་བཞེས་མཁན་ནི་སྐུ་ཉིད་གཅིག་བུས་ལས་མེད་པར་བཤད་ཆོག་ན་ཡང་། ལས་ངན་བོད་པ་ཚང་གིས་ད་དུང་སྐུ་ཉིད་ལ་ངལ་གསོ་ཐུན་གཅིག་གི་གོ་སྐབས་ཀྱང་སྤྲོད་ཐུབ་ཀྱི་མེད་པ་འདི་ལ་བསམ་ཞོར་ཏུ། སྐུ་ཉིད་ཀྱིས་ལོ་ངོ་དོན་བཞི་སོན་པའི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཞུ་ཆེད་དུ། རང་གི་སེམས་ནང་གི་ཤེས་པ་ཟབ་མོའི་ལྟ་སྟངས་འདི་ཡིས་དེ་རིང་དགོང་ལོ་དོན་བཞི་ལ་སོན་པའི་བོད་གངས་ཅན་གྱི་བླ་མ། འཛམ་གླིང་ཞི་བདེའི་དེད་དཔོན། འགྲོ་དྲུག་སེམས་ཅན་ཡོངས་ཀྱི་བྱམས་བརྩེའི་བདག་ཉིད། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཉིད་ཀྱིས་སྐུ་ཚེ་བརྟན་ཞིང་ཐུགས་བཞེད་མཐའ་དག་འགྲུབ་ནས་རང་གི་འཁྲུངས་ཡུལ་བོད་དུ་མྱུར་མོང་ཕེབས་ཐུབ་པར་སྨོན་ལམ་གྲངས་མེད་འདེབས།
སྤྱན་རས་གཟིགས། ང་དང་ངའི་མི་མང་གི་སྙིང་གི་ནོར་བུ། བོད་ཕྱི་ནང་གང་སར་གནས་པའི་བོད་པ་ཚང་གི་སེམས་ཀྱི་བརྟེན་ས་དང་མིག་གི་ལྟ་ས་གཅིག་བུ། བསྐལ་བ་ཇི་སྲིད་བར་ཏུ་སྐུ་ཚེ་བརྟན་པར་སྨོན། ཇི་སྲིད་གནམ་ཁ་གནས་པ་དེ་སྲིད་དུ། དེ་སྲིད་བོད་པ་གནས་པ་དེ་སྲིད་དུ། སྐུ་ཉིད་བོད་ཀྱི་མགོན་ལ་བཞུགས་པར་མཛོད།
དྲ་གྲོགས་ལགས། སྐུ་ཉིད་ཀྱི་ཐུགས་ལས་འཁྲུངས་པའི་རྒྱལ་བའི་འཁྲུངས་སྐར་ལ་ཕུལ་བའི་ཤིས་བརྗོད་དེ་ནི་ངའི་སེམས་དབང་མེད་དུ་ཉིད་ཀྱི་རྩོམ་ཡིག་ལ་ཤོར་བཅུག་སོང། དེས་ན་བདག་ལ་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བྱེད་ཀྱི་ཐབས་ཤེས་ཀྱི་རྒྱུ་གང་ལ་བརྟེན་ནས་བསྐྱོད་དགོས་མེད་ལམ་སྟོན་ཞིག་ཡོང་བར་ཞུ།
གངས་རིའི་གླིང་བུ་ལགས། ཕེབས་པར་ཐུགས་རྗེ་ཆེ། ངེད་ཅག་གི་བླ་མའི་དབུ་སྐྲ་དུང་ལྟར་དཀར་པོ་ཆགས་བཞིན་འདུག་ལ། ངེད་ཅག་གི་བླ་མའི་སྐུ་ལུས་གཞི་ལྟར་བཀུག་ཏེ་འགྲོ་བཞིན་འདུག འདི་ནི་ཆོས་ཉིད་ཡིན་པས་ལྡོག་ཏུ་མེད་པ་ནི་ང་ཚོས་ཤེས་གསལ་རེད། ད་ནི་ངེད་ཅག་གིས་༧ཁོང་གི་ཐུགས་ཕམ་བྱེད་རྒྱུའི་རྒྱུ་ངན་མི་བསགས་པར་འབད་པ་བྱེད་དགོས་ཀྱི་འདུག སྤྱི་སྒེར་ཚང་མས་ཤ་གསེང་དུ་རུས་དང་རུས་གསེང་དུ་རྐང་ཞིག་ཡོད་པ་བྱས་དེ།
སྔར་མེད་ཕྱོགས་བཅུའི་ཉི་མ་འོད་པོ་ཆེ།།
ཁྱེད་ཡོད་པས་འཇིག་རྟེན་མཛེས་སྡུག་ལྡན།།
ཁྱེད་བཞུགས་པས་ཁྱིམ་འདིར་དྲོད་ཁོལ་འཛོམས།།
རྟག་ཏུ་བཞུགས་པའི་སྨོན་ལམ་གྲངས་མེད་འདེབས།།
ལྷམ་ཀོག་ལགས་ཀྱིས་རྩོམ་ཡིག་འདི་ལ་བྲིས་པའི་མཆན་ཞིག་ཧི་གཟུགས་ཟིན་བྲིས་ནས་འདི་རུ་དྲངས་པ་ཡིན།
སེམས་ལྗོངས་དཀྲིགས་པའི་མགུར།
ཕྱི་མིག་ལང་ལིང་གི་དྲན་ཤིང་བསྐྱུར་ནས།།
སྐྲ་དཀར་ཚོམ་བུ་ཞིག་ཐོད་ལ་བཟུང་སྟེ།།
ང་ཡི་ཨ་མ་ཁྱོད་ཕེབས་པའི་ཉིན་མོར།།
ཕ་ཁྱིམ་གྲུ་གཞི་འདི་སྐྱོ་བས་ཁེངས་ཡོད།།
རྒྱུས་མེད་རྒྱལ་ཁམས་ཀུན་ཞབས་ཀྱིས་བཅགས་ཏེ།།
སྐད་སྙན་ལྷང་ལྷང་གིས་ཕ་ཡུལ་འབོད་དུས།།
བུ་ངའི་སྨྲ་སྒོ་འདི་སྐྱོ་བས་འདར་ཡང༌།།
ཨ་ལེན་དྲོན་མོ་ཞིག་སྟེར་ཁ་དཀའ་གི།
ནང་གི་དུངས་པ་འདི་སྐྱོགས་ལ་བཅུས་ནས།།
ཕུ་ནུ་མིང་སྲིང་ཚོས་ཁྱོད་ལ་བསྐུར་ན།།
བྱམས་པའི་མིག་ཟུང་ལ་མཆི་མ་འཁོར་ནས།།
ཕྱག་གི་ཕྲེང་བ་ལ་བཏང་ལྷོད་ཤོར་ངེས།།
སང་ལོ་ཕྱི་ལོ་ཡི་འཕྲིན་པར་བསྒུགས་ནས།།
ཨམ་འབྱོག་ལེབ་མོ་འདི་ཉལ་རྒྱུ་མ་བྱུང༌།།
རེ་བའི་ཉི་ཟེར་ལ་སེམས་གཏམ་བཀལ་ཏེ།།
ཉིན་མཚན་དུས་དྲུག་ལ་ཨམ་ཚུགས་བསྡམས་ཡོད།།
ལྷ་ལྡན་ཇོ་བོ་ཡི་གསེར་ཞལ་མདུན་དུ།།
ལུས་པོ་པུས་བཙུགས་ཀྱི་འདུག་སྟངས་བྱས་ཏེ།།
ངག་སྒོ་འདར་འདར་གྱི་གསོལ་འདེབས་ཀློང་ནས།།
སྐུ་ཚེ་བསྐལ་བརྒྱར་གྱི་སྨོན་ལམ་བཏབ་ཡོད།།
ཚེ་རབས་ལས་འཕྲོ་འདིར་སྙིང་རྗེ་མེད་པས།།
ང་ཡི་ཨ་མ་ལ་ཐུག་ཐབས་དཀའ་གི།
དྲན་གདུང་ཤུགས་དྲག་གིས་ཡར་ཡར་དེད་ནས།།
རི་གསུམ་རྩེ་མོ་ནས་ཐེངས་འགར་ངུས་ཡ།།
བརྩེ་བའི་མ་ལོ་ཁྱོད་མིག་གིས་མཐོང་ཞིང༌།།
སྙན་མོའི་ལེགས་བཤད་དེ་རྣ་བས་ཐོས་ན།།
བུ་ངའི་ཚེ་སྲོག་གི་འགྱུ་བ་ཕྲ་མོ།།
གཞི་མེད་ནམ་མཁའ་རུ་བཏང་ཡང་ཆོག་གོ།།
སྐྱོ་བ་དང་བཅས་བྲིས་པ་འོ།།
རི་བོང་ལགས། བསྟོད་བསྔགས་གནང་བ་དེར་ཐུགས་རྗེ་ཆེ།
སྤོབས་པ་ལགས། དེ་དེ་བཞིན་ནོ། ༧རྒྱལ་བའི་སྐུ་ཚེ་བརྟན་ཞིང་བཞེད་དོན་མྱུར་ཏུ་འགྲུབ་ནས་བོད་ཡུལ་ཏུ་ཕེབས་ཐུབ་པར་ངེད་ཅག་ཚང་མར་རེ་བ་ལོས་ཡོད།
ཡོན་ཏན་ལགས། ཉིད་ཀྱིས་ཡི་གེ་བཏགས་ཐབས་ཤེས་མི་ཤེས་ལ་མ་འཛེམ་པར་འདི་རུ་ཕེབས་ནས་རང་གི་བསམ་ཚུལ་ཞིག་གསུང་གནང་བ་དེར་ཐུགས་རྗེ་ཆེ།
ཆུ་ཐིགས་སྔོན་མོ་ལགས། ཉིད་ཀྱིས་རེ་སྐུལ་དེར་བདག་གིས་གང་ཐུབ་ཐུབ་ཅིག་འབད་ཁུལ་བྱེད་སྲིད་ངེས་ཡིན། ཡིན་ཡང་། བདག་ལ་འབྲི་འདོད་མེད་པ་མིན་ཀྱང་བསྟོད་མི་ཤེས་མཁན་གྱི་བསྟོད་པ་ལས་སྨད་ཤེས་མཁན་གྱི་སྨད་ན་བཟང་ཟེར་བ་ལྟར། ང་རང་དངོས་ནས་༧ཁོང་གི་མཛད་རྣམ་འབྲི་བའི་ཆུ་ཚད་དེ་ནི་ཡོད་མེད་ལ་མ་བལྟས་པར་དུས་ཚོད་གང་ཡོད་ལ་༧ཁོང་གི་བཀའ་སློབ་དང་བསྒྲགས་ནས་ཐུང་ཐུང་འབྲི་ཆོག་ལགས།
དངོས་གནས་ཡོན་ཏན་ཟེར་བ་ཁོང་ཚིག་དོན་གང་ལའང་གོ་བ་ཞིག་མི་འདུག ལྟོས་དང་ཚིག་ནོར་དང་དོན་ནོར་ཅི་འདྲའི་མང་པོ་འདུག ངོ་ཚ་དགོས་པ་ཞིག་རེད
གྲོགས་པོ་བདེ་བོ། ཉིད་ཀྱིས་སྐུའི་འཁྲུངས་རབས་ཤིག་བྲིས་འདུག་པར་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད། ད་དུང་དེ་ལྟ་བུའི་མཛད་འཕྲིན་གྱི་ཆ་ཤས་རེ་འབྲི་རྒྱུའི་རེ་སྐུལ་ཀྱང་བྱེད་ཀྱིན་ཡོད།
གྲོགས་པོས་ཧ་ཀྱང་ལེགས་པོ་བྲིས་འདུག་རྒྱུན་དུ་བལྟ་བར་ཡོང་གི་ཡོད་ལ
གངས་ཅན་ངགོན་པོ་བསྟན་འཛིན་རྒྱ་མཚོ་ཡིས།།
སྐུ་ཚེ་མི་ཞི་སྐལ་རྒྱར་རབ་བརྟན་ཅིང་།།
བཞེས་དོན་ལྷུན་ཅིག་སྒྲུབ་པར་བྱིན་གྱིས་རླབས།།
གྲོགས་པོས་ཧ་ཀྱང་ལེགས་པོ་བྲིས་འདུག་རྒྱུན་དུ་བལྟ་བར་ཡོང་གི་ཡོད་ལ
གངས་ཅན་ངགོན་པོ་བསྟན་འཛིན་རྒྱ་མཚོ་ཡིས།།
སྐུ་ཚེ་མི་ཞི་ལྐལ་རྒྱར་རབ་བརྟན་ཅིང་།།
བཞེས་དོན་ལྷུན་ཅིག་སྒྲུབ་པར་བྱིན་གྱིས་རླབས།།
བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་ལ་གསོལ་བ་འདེབས། །འཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། །
ཨ་ཁུ་ཁ་བ་ནོར་སོང་། དགོངས་དག་བོད་ཤ་ཁྲག་རུས་གསུམ་དུ་བཅོས་རོགས།
ཨ་ཁུ་ཁ་བའི་རྩོམ་ཀློག་ཟིན་ཡག་པོ་བྲིས་འདུག