ང་རང་ནི་བོད་ཀྱི་སྐད་ཡིག་གི་ཁྲོད་དུ་དེ་འདྲའི་ཤེས་ཡོན་ཡོད་མཁན་ཞིག་གཏན་ནས་མིན་ཡང་། བོད་མི་རིགས་ཤིག་ཡིན་པའི་ངོས་ནས་རང་གི་རིགས་ཀྱི་སྐད་ཡིག་དར་རྒུད་ལ་བསམ་གཞིགས་ཆེས་མང་བོ་ཞིག་བྱེད་མྱོང་ཡོད། དེ་འདྲ་ཡིན་དུས་སྐད་ཡིག་གསར་བཅད་བྱེད་རྒྱུ་དེ་ནི་ལྡོག་དུ་མེད་པ་ཞིག་ཡིན་པར་སོང་། མི་རེ་ནས་མང་བོ་ཞིག་བཤད་བསྡོད་པ་ལས་མིང་ཚིག་གཅིག་ཡིན་རང་འདི་རུ་དྲངས་དེ་བོད་ཕྱི་ནང་གི་དྲ་ཚིགས་སོ་སོ་ལ་བཀྲམ་ནས་ཧུར་བརྩོན་བྱེད་རྒྱུ་ནི་དངོས་ནས་གནད་འགག་ལ་ཐུག་ཡོད་པ་རེད། ངས་ཀྱང་སྔོན་ཆད་མདོ་ལུའི་འཁྱམས་པོ་ལགས་ཀྱི་ཁོང་གི་ཟིན་བྲིས་སུ་མིང་ཚིག་མི་ཉུང་བ་ཞིག་ངོ་སྤྲོད་བྱེད་བཞིན་པ་དེ་དག་ནི་དངོས་ནས་ཡག་པོ་རེད་འདོད་སོང་། ངེད་ཅག་གིས་དམིགས་བསལ་གྱིས་སློབ་གྲྭ་ཁག་གི་སློབ་མ་ཆུང་ཆུང་ཚོ་ལ་དམིགས་དེ་རང་སྐད་དུ་མེད་པའི་མིང་ཚིག་གསར་བ་དག་ལ་མིང་ཚིག་གསར་བཟོ་དང་མིང་ཚིག་ནང་སྒྱུར་བྱོས་དེ་བྱིས་བློ་དང་འཚམ་པའི་བྱིས་སྒྲུང་འཚོ་བ་དངོས་དང་ཐག་ཉེ་བ་ཆེས་མང་བོ་ཞིག་འབྲི་ཐུབ་པ་ཡིན་ན་དངོས་ནས་ཁ་བཤད་ལ་དོན་ཡོད་པ། བོད་རིགས་གཞོན་ནུ་དག་གིས་རང་གི་སྐད་ཡིག་གི་ནང་བཅུད་ལོན་པ། གཞན་གྱི་སྐད་ཡིག་བྱིས་སྒྲུང་དེ་དག་ལ་མཚར་སྣང་བྱེད་པ་ལས་ལྡོག་ནས་རང་གི་སྐད་ཡིག་ལ་དུངས་ཞེན་ཆེ་རུ་འགྲོ་ངེས་ཡིན། དེ་ལྟར་སོང་བ་ན་ད་གཟོད་འུ་ཅག་གི་སེམས་འཁུར་བྱེད་བཞིན་པ་འདི་དག་ཡང་དོན་ཡོད་ཅིག་ལ་འགྲོ་རྒྱུར་ཉེག་གཅིག་ཡིན། དམིགས་བསལ་གྱིས་ཤེས་རིག་ལས་ཁུངས་ལ་སྙན་ཞུ་རྒྱག་པ་དང་ཤེས་རིག་ལས་ཁུངས་ཀྱི་འདི་ལ་འགན་ཞིག་བླངས་དེ་བོད་དབྱིན་གཉིས་ལ་མཁས་པའི་སྤུན་ཟླ་མི་ཉུང་བ་ཞིག་བསྡུ་རུབས་བྱས་དེ་ལས་གཞི་འདི་ལག་བསྟར་བྱས་པ་ཡིན་ན་ད་གཟོད་གྲུབ་འབྲས་ཡོད་ངེས། སྔོན་ཆད་ཡོད་པའི་ནང་ཆོས་ཀྱི་ཚིག་ལྗིད་ཁོག་ཚ་བོ་དེ་དག་བྱིས་པ་དག་གི་བློ་དང་མི་འཚམ་སྟབས། དེ་དག་ལས་འཚོ་བ་དངོས་དང་སྤྱར་བའི་ཀློག་དེབ་མང་དུ་གཏོང་རྒྱུ་དང་དེ་དག་ལ་ཐ་སྙད་ཀྱང་གསར་དུ་ངོ་སྤྲོད་གནང་དེ་བྱིས་སྒྲུབ་དང་བྱིས་པའི་བློ་ངོར་འཚམ་པ་མང་བོ་ཞིག་བཙན་བྱོལ་དུ་བོད་ཡིག་སྟེང་དུ་མེད་པ་འདི་ནི་ངེད་ཅག་གི་གོད་ཆག་ཡིན་པ་ལམ་ནོར་ལྡོག་ཤེས་བྱེད་རན་རེད་འདུག་སྙམ་མོ། འདི་ནི་བདག་གི་བོད་ཀྱི་སྐད་ཡིག་གི་དར་རྒུད་ལ་བསམ་བློ་ཡུན་རིང་འཁོར་བའི་བསྐོར་ཞིག་དེ་རིང་སྤུན་ཟླ་འབྲོག་རུ་ཉིད་ཀྱི་རྩོམ་ཡིག་འདི་བཀླགས་རང་གི་གང་་བསམ་པ་ཤར་མར་གླེང་བ་དེར་ནོར་འཁྲུལ་སོགས་མཆིས་ན་དགོངས་འགལ་མེད་པ་ཞུ།
ལྷག་པར་དུ་དེང་སང་བོད་ནང་དུ་ཁ་པར་བོད་ཡིག་གི་སྟེང་ནས་བཀོལ་སྤྱོད་བྱེད་ཐུབ་པ་ཡོད་ལ་གློག་ཀླད་ཀྱང་བོད་ཡིག་སྟེང་དུ་ཡོད་པ་བཟོས་ཡོད་པ་རེད། འདི་དག་ནི་ཁོང་ཚོས་རང་གི་རིགས་ལ་འགན་ལེན་བྱས་དེ་རང་ཉིད་ཀྱི་གང་འཇོན་པ་ལག་ལེན་བྱས་པ་དེ་ངེད་ཅག་གི་མིག་ལམ་དུ་ཤར་རྒྱུ་ཡོད་པ་དེ་ཡིན། དེ་ལས་ཀྱང་བྱིས་སྒྲུང་ཀྱང་ཧ་ལས་པའི་མང་བོ་ཞིག་དཔེ་ཚོང་ཁང་མི་ཉུང་བ་ཞིག་དུ་ཡོད་ལ། དེ་དག་ཚང་མ་ནང་སྒྱུར་བྱས་པ་དང་མི་ཉུང་བ་ཞིག་བོད་ནང་གི་རྩོམ་པ་པོ་དག་གིས་དཀའ་ཚེགས་ལ་མ་འཛེམས་པར་ཧུར་བརྩོན་བྱས་པའི་འབྲས་པུ་རེད་ཟེར་ན་འགྲིག དེས་ན་འུ་ཅག་གིས་ཕྱི་ནས་གཞུང་ཞིག་ཡོད་པ་དང་གཞུང་གི་སྒྲིག་འཛུགས་ཡོད་པ་། རང་དབང་ཡོད་པ་བཅས་ཆ་རྐྱེན་ཚང་མ་འཛོམས་ཡོད་ཀྱང་། ངེད་ཅག་གིས་ལག་ལེན་ངོ་མའི་ཐོག་རང་རིགས་ཀྱི་བུ་རབས་ཚ་རྒྱུད་འདི་དག་ལ་བོད་ཡིག་གི་ཡི་ཀ་མེད་པ་ཞིག་བཟོས་ཡོད་པ་དེ་ལ་བསམ་གཞིགས་བྱེད་རྒྱུ་ཁོ་ན་མ་ཡིན་པར། གཞུང་སྒེར་སུས་འཇོན་པ་ཡོད་ན་ད་ནི་འབད་བརྩོན་བྱེད་རན་ཆགས་ཡོད། ཤེས་ཡོན་པའི་སྡེ་ཁག་ཚོས་བགྲོ་གླེང་ཞིག་ལོ་རེ་མཚམས་ལ་གཅིག་རེ་ས་ཁུལ་ཞིག་ཚོགས་པ་རེད་ཟེར་བའི་མིང་དེ་ཙམ་གྱིས་ངེད་ཅག་གི་བུ་རབས་ཚ་རྒྱུད་འདི་ཚོ་ལ་རང་གི་སྐད་ཡིག་ལ་དང་དོད་ཡོད་པ་དང་དགའ་ཞེན་ཡོད་པ་ཞིག་གཏན་ནས་བཟོ་མི་ཐུབ་པ་ཡིན། དེ་དག་གིས་རང་གི་སྐད་ཡིག་ལ་དགའ་ཞེན་ཡོད་པ་གཅེས་སེམས་ཡོད་པ་ཞིག་བཟོ་འདོད་ཡོད་པ་ཡིན་ན་ནི། སློབ་གྲྭ་ཁག་ནས་བོད་ཡིག་སྟེང་ནས་བྱིས་སྒྲུང་འབྲི་མཁན་དང་བྱིས་རྩོམ་འབྲི་མཁན་གྱི་གར་སྟེགས་བསྐྲུན་པ་དང་དེ་དག་གི་ཁྲོད་དུ་བོད་རང་གི་མིང་ཚིག་དང་ཐ་སྙད་ལ་མཁས་པ་དག་ལ་བྱ་དགའ་སྤྲོད་པ་དང་བོད་ཡིག་གི་ཁོར་ཡུག་ཡག་དུ་གཏོང་རྒྱུ་དེ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་ཤིག་ཡིན། དེ་མིན་འུ་ཅག་ལྟ་བུ་གཞོན་སྐྱེས་ཀྱི་མི་རབས་འདིས་དྲ་ཐོག་ནས་བགྲོ་གླེང་ཅི་ཙམ་བྱས་ཀྱང་། དེ་དག་གིས་སློབ་གྲྭ་ཁག་ན་ཡོད་པའི་བོད་ཀྱི་མ་འོངས་པའི་གསོན་རྩ་དེ་དག་ལ་གང་ཡང་མི་ཕན་ནོ།
སློབ་གྲྭ་ཁག་ནས་གློག་ཀླད་སློབ་སྤྱོང་གི་འཛིན་གྲྭའི་ནང་དུ་བོད་ཡིག་གི་གློག་ཀླད་སློབ་ཚན་ཡོད་པ་དང་བོད་ཡིག་བཏགས་ཐབས་སོགས་བཀོལ་སྤྱོད་བྱེད་སྟངས་བོད་ཡིག་གི་སྟེང་ནས་གློག་འཕྲིན་བསྐུར་ལུགས་སོགས་ངོ་སྤྲོད་བྱས་པ་ཡིན་ན། སློབ་ཕྲུག་དེ་དག་གི་སེམས་ཁོང་གི་བོད་ཡིག་བེད་སྤྱོད་མེད་པར་ལྟ་བའི་བསམ་ཚུལ་དེ་ཡང་འདོར་ཐུབ་ངེས་ཡིན་པ་ནི་གདོན་མི་ཟ་བ་ཡིན།
ལྷག་པར་དུ་རང་གི་སྤུན་ཉེ་དང་གྲོགས་པོ་སོགས་ཀྱི་བྱིས་པ་སློབ་གྲྭ་རུ་ཡོད་པ་དག་ལ་རང་ཉིད་བོད་རིགས་ཡིན་པའི་བོད་ཀྱི་སྐད་ཡིག་དང་བོར་བཞག་ནས་སྤྱོང་དགོས་པར་སྐུལ་སློང་དང་སློབ་གསོ་རྒྱག་པ་དང་དེ་དག་མ་ཤེས་པ་ཡིན་ན་རང་རང་གི་ངོ་ཚ་དང་མི་རིགས་ཤིག་གི་ཞབས་འདྲེན་ཡིན་པ་སོགས་ཡང་ཡང་ཁོང་ཚོའི་རྣ་བར་འཇགས་དགོས་ཀྱི་འདུག དེ་མིན་དེང་སང་མི་མི་ཉུང་བ་ཞིག་རང་གི་སྤུན་ཟླ་ཉེ་རིང་གྲོགས་པོ་སོགས་སློབ་གྲྭ་རུ་ཡོད་པ་དག་ལ་དབྱིན་ཡིག་ཡག་པོ་སྤྱོང་དགོས་རབས་དང་ཕྱི་རྒྱལ་གང་རུང་དུ་འགྲོ་བ་ལ་དབྱིན་ཡིག་ཡག་པོ་ཤེས་དགོས་རབས་སོགས་གླེང་བ་དང་སློབ་གསོ་རྒྱག་པ་དེ་ནི་མ་འོས་པར་མཐོང་། དབྱིན་ཡིག་དང་གཞན་གྱི་སྐད་ཡིག་ཤེས་རྒྱུ་ནི་གལ་ཆེན་ཡིན་ཡང་རང་གི་སྐད་ཡིག་ཤེས་རྒྱུ་ལས་གལ་ཆེན་གཏན་ནས་མིན་ལ། ཕྱི་རྒྱལ་གྱི་ཡུལ་གྲུ་དེ་དག་ནི་རང་རང་གི་ཕ་ཡུལ་བོད་མིན་པ་སེམས་སུ་འཇགས་རྒྱུར་གོ་སྐབས་གང་ཡོད་ལ་གླེང་དགོས་པ་ནི་ད་ལྟའི་ཆེས་གཉེན་འཕྲེང་གི་སྐབས་ཤིག་ཆགས་ཡོད་པ་ཡིན།
རང་གི་བསམ་ཚུལ་གང་གླེང་བ་དེ་དག་གི་ཁྲོད་དུ་ནོར་བ་དང་མ་འགྲིག་པ་དང་མ་འཐུས་པ་ཆེས་མི་ཉུང་བ་ཞིག་ཡོད་སྲིད་པས་དེ་དག་ལ་དགོངས་དག་ཟེར་ནས་རང་གི་སྤུན་ཟླ་ཤ་ཞེན་ཅན་དག་ལ་ཞུས་པ་ཡིན།
ཡང་པོ་འདུག
གངས་རིའི་གླིང་བུ་ལགས། ཉིད་ཀྱིས་མི་ཟེར་བ་དང་དམིགས་སུ་ད་ལྟའི་བོད་མི་མང་ལ་དགོས་པའི་གནད་འགག་ཞིག་གསུང་འདུག་པ་དེ་ལ་བཀའ་དྲིན་ཆེ་ཞུ་བ་དང་འབྲེལ། བདག་ལ་དེ་འདྲའི་བསྟོད་བསྔགས་བྱེད་རན་ཡོད་པ་མ་རེད་ལགས། འུ་ཅག་ཚང་མ་བོད་ཀྱི་ལས་དབང་ལ་བསམ་གཞིགས་བྱེད་མཁན་ཡིན་ལ། འུ་ཅག་གིས་རང་རང་གི་ཤེས་ཚོད་ཐུབ་ཚོད་རེ་གླེང་བཞིན་ཡོད་ལ་རང་རང་གི་ཐུབ་ཚོད་རེ་བོད་གངས་ཅན་གྱི་ཆེད་དུ་བྱེད་ངེས་ཡིན་ལ། བྱེད་དགོས་པ་ཡང་བོད་ལ་སྐྱེ་བའི་ལྡོག་དུ་མེད་པའི་ལས་འགན་ཆགས་ཡོད་པ་རེད་ལགས།
ངས་སྔར་ནས་རྩོམ་པ་པོ་ཞིག་ཡིན་ན་སྤྱི་སེམས་བཟང་བོ་དང་ཀུན་སློང་རྣམ་དག་ཞིག་ངེས་པར་དུ་དགོས་ཀྱི་འདུག་བསམ་ཀི་ཡོད།ཤེས་རྒྱ་ལྟ་རྒྱ་མཐོང་རྒྱ་ཆེ་བ་ཙམ་གྱི་ཕན་གྱི་མི་འདུག་དྲན་གི་་་་་་་དེ་བས་ཁྱེད་ནི་དེ་ལྟར་ཡོང་ཐུབ་ལ་རྩོམ་མཁན་ཞིག་ཡིན་པ་མཐོང་སོང་།
གཉའ་འབྲོང་ཐུ་བུ་ལགས། འུ་ཅག་གི་བསམ་ཚུལ་གཅིག་པ་འདི་འཁྱེར་ནས་རང་རང་གི་ཁོར་ཡུག་དང་རང་རང་གི་ཉེ་དུ་ཚང་མ་ལ་འདིས་བསྐོར་གླེང་རྒྱུ་དང་དེ་ལ་འགན་ཞིག་འཁུར་མཁན་གྱི་ཕ་མ་དང་དགེ་རྒན། གཞུང་སྒེར་གྱི་གྲངས་ཀ་ཇེ་མང་དུ་གཏོང་ཐབས་སུ་འབད་དགོས་པའི་དུས་ཚོད་ནི་ད་ལྟ་ལས་གཡོལ་མི་རུང་བར་འདོད་ན་ཉིད་ཀྱིས་ཀྱང་དེའི་ཕྱོགས་སུ་གང་ཐུབ་ཅི་ཐུབ་ཅིག་འབད་རྒྱུར་བདག་གིས་རེ་སྐུལ་བྱེད་ཀྱི་ཡིན་ལ། དེ་ལྟར་འབད་ཐུབ་པར་ཡང་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡིན་ལགས།
མི་རིགས་ཤིག་གི་གསོན་གནས་ལ་ཆག་འཇིག་མི་ཐུབ་པ་བྱེད་རྒྱུ་དེ་ནི་བྱིས་པ་གསོ་སྐྱོང་འགན་འདི་ནི་ཆེས་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་ཉིད་ཀྱིས་ཀྱང་མཁྱེན་གསལ་བཞིན་གོང་ནས་གསུང་བ་ལྟར་ལགས་ན། ངེད་ཅག་ལ་སྐབས་རེ་བསམ་ཚུལ་ཕྲན་པུ་མི་མཐུན་ས་རེ་ཡོང་སྲིད་ཀྱང་། དེ་ཙམ་ཁག་བཞག་ནས་རང་རང་ས་ནས་ལྟག་ལ་བརྗེ་ནས་མི་འདུག་རྒྱུ་ནི་ང་དང་ཁྱེད། སྤུན་ཟླ་ཡོངས་ཀྱི་རེ་བ་ཡིན་ངེས་ཡིན། དེ་འདྲ་ཞིག་མ་རེད་དམ་ལགས།
ཤ་ཁྲག་ལགས་ཀྱིས་འདིའི་སྐོར་ལ་བསམ་གཞིག་ནན་ཏན་བྱས་ནས་བསམ་ཚུལ་སྤེལ་བ་ཧ་ཅང་རིན་ཐང་ལྡན།
བྱིས་པ་ཆུང་དུས་སེམས་ཁམས་ཧ་ཅང་གཙང་མ་རེད། དཔེར་ན། དྲི་མ་མེད་པའི་གོས་དཀར་ཡུགས་གཅིག་ལྟ་བུ་རེད།
དེའི་སྟེང་ནག་ནོག་གི་ཚོན་རྩི་སྣ་ཚོགས་བྱུགས་མི་ངོ་མ་བཤད་ན་ཤེས་ཡོན་མེད་པའི་ཕ་མ་ཚོ་དང་བསམ་བློ་མེད་པའི་དགེ་རྒན་ཚོ་རེད། དེས་སྟབས་ང་ཚོས་དུས་རྒྱུན་དུ་མི་ལ་ཤེས་ཡོན་དང་ལྷག་བསམ་དགོས་ཞེས་ཀུན་གྱིས་གླེང་གིན་ཡོད་པ་ཡང་རྩ་བ་དེ་ལ་ཐུག་ཡོད་པ་རེད།
བྱིས་པ་ཚོ་འཚར་ལོང་འབྱུང་བའི་གོ་རིམ་ལ་དབྱིངས་འཕར་རྒྱུ་ནི་ཞིང་ཁ་ལྟ་བུར་མཚོན་ན་ས་བོན་འདེབས་པ་དང་། དེ་ལ་བདག་སྐྱོང་བཟང་པོ་བྱེད་པ་དང་གཅིག་མཚུངས་རེད། དེ་ལྟར་བྱས་ན་སྟོན་ཐོག་ཡག་པོ་ཡོང་བ་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་རེད།
སྤག་སྤག་ལགས། བདག་གིས་རེ་སྐུལ་ཞིག་བྱས་པ་དེར་ཉིད་ཀྱིས་དང་ལེན་གནང་བ་དེ་ནི་དངོས་ནས་སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ། ཉིད་རང་ལྟ་བུ་གྲོས་མོལ་བྱེད་བདེ་བའི་བོད་རིགས་སྤུན་ཟླ་མི་ཉུང་བ་ཞིག་འདི་རུ་འདུས་ཐུབ་པ་ཡིན་ན་འུ་ཅག་གི་མ་འོངས་འབྱུང་འགྱུར་ལ་གོད་ཆག་ཆེན་པོ་ཐེབས་མི་སྲིད་པ་འདྲ།
མ་རེད། གང་ཡང་མ་རེད་ལགས། སྐུ་ཉིད་ཀྱི་བསམ་ཚུལ་གྱི་བྱ་དགའ་དེ་ཧ་ཅང་ལེགས་པོ་འདུག
དོན་འཁྱོལ་ཡོང་བར་བྱེད་ཀི་ཡིན།
སྤག་སྤག་ལགས། ཅི་ཞིག་འཐོར་ཡོང་གི་འདུག ངས་ད་ལྟ་རང་ཉིད་ཀྱིས་གསུང་བ་འདིས་གོ་དོན་དངོས་ནས་ཤེས་མ་སོང་ལགས། འགྲེལ་བཤད་ཅིག་ཡོད་པ་ཞུ།
དངོས་ནས་ཧ་ལས་པའི་བྱེད་སྟངས་ཡག་པོ་རེད་འདུག་ལ། ཆད་པའི་སྒོར་མོ་དེ་དག་བསགས་ནས་ལོ་གཅིག་རིང་དུ་གཉར་ནས་ལོ་ངོ་གཅིག་གི་ནང་གི་དམིགས་བསལ་གྱིས་སྐད་ཡིག་སྲུང་སྐྱོབས་ཀྱི་མིང་ཐོག་ནས་སྐད་ཡིག་ལ་གཅེས་སྐྱོང་བྱེད་མཁན་གྱི་བྱིས་པ་ཞིག་ལ་བྱ་དགའ་རུ་འབུལ་ཐུབ་པ་ཡིན་ན་དེ་བས་ཀྱང་ཡག་པོ་ཡོད་པར་སྣང་།
སྤུན་ཟླ་ལགས། འདི་ལྟར་རང་གི་སྐད་དང་རང་མི་རིགས་ཀི་གནས་སྟངས་ལ་བསམ་ན་་་་་་་ཅིག་འཐོར་ཡོང་གི་་་་་་ཅིའི་ཕྱིར་་་་་་མི་ཤེས་ཀི་་་་་དངོས་གནས་།
ཆད་པའི་སྒོར་མོ་ཟླ་ཤས་མཚམས་སུ་སྐབས་ཐོག་གི་བོད་མིའི་ལས་འགུལ་རིགས་ལ་ཁ་བཏགས་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར་འབུལ་གི་ཡོད།
བོད་མི་རིགས་ཀྱི་ཕ་སྐད་གཤིན་པོ་འདི་གོ་ལ་འདི་ཇི་སྲིད་གནས་པ་དེ་སྲིད་དུ་ཕན་ཞིང་བདེ་བའི་འབྱུང་རྩར་གྱུར་ཅིག་གུ། བཀྲ་ཤིས་བདེ་ལེགས་ཞུ། ཡང་ནས་ཡང་དུ་མཇལ་ཡོང་།
དངོས་ནས་ཡག་པོ་འདུག སྔོན་ཆད་མིང་ཚིག་གསར་བཟོ་བྱེད་མཁན་ཞིག་གིས་འདི་འདྲ་གནང་རབས་ཐོས་མྱོང་ཡོད། ཁོང་གིས་མིང་ཚིག་གཅིག་གསར་དུ་བཟོས་པ་དེར་ཅ་དངོས་དེའི་སྟེང་དུ་སྤྱར་ནས་ཅ་དངོས་དེ་དག་གི་མིག་གི་རིག་ཐེངས་རེར་དེའི་མིང་དྲན་པ་གསོས་པ་བཟོས་པ་རེད་ཟེར་ནས་གོ་མྱོང་ཡོད། ད་ཡིན་ན་ཁྱེད་ཅག་གི་རང་གི་སྐད་ཡིག་རྒྱུན་འཛིན་གྱི་སེམས་ཤུགས་དང་ལག་ལེན་འདི་ནི་བོད་བྱེས་པ་ཡོངས་ཀྱི་དམིགས་དཔེ་ཞིག་རེད་ཟེར་ན་འགྲིག ནམ་ཞིག ཟླ་རེ་ནང་དུ་སྒོར་མོ་གཅིག་ཀྱང་སྟེར་མི་དགོས་པ་ཞིག་ཆགས་པར་སྨོན།
དང་ཐོག་ཟླ་བ་གཉིས་གསུམ་ཙམ་ལ་ཟླ་རེ་སྒོར་སུམ་བརྒྱ་བཞི་བརྒྱ་ཡས་མས་གསོག་ཐུབ་ཀི
ད་སྐབས་མཚོན་ན་ཟླ་རེ་སྒོར་བརྒྱ་ཡས་མས་ལས་ཆད་པ་ཡོང་གི་མི་འདུག
དེ་མིན་ཐོན་དངོས་གསར་བ་དག་ལ་དཔེར་ན་གློག་ཀླད་དང་ཐབ་ཆས་སྐོར་ཚུན་ཆད་ལའང་བཏགས་མིང་ཡོད་ཚོ་བེད་སྤྱོད་དང་མེད་པ་ཚོའི་རིགས་ལ་འབྲེལ་མིང་《འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་མིང་》གིས་འབོད་ཀི་ཡོད། འདི་ལྟར་སོང་ན་གོམས་རྒྱུ་ཞིག་ཡོད་པ་ཆོས་ཉིད་རེད། སྤྱིར་གཞན་སྐད་བཤད་ཤེས་པར་དགེ་མཚན་ལོས་ཡོད་ཀྱང་། རང་སྐད་ཀྱི་ཁྱིམ་གཞིས་འདིར་གཞན་སྐད་ཕེབས་བསུ་གཏན་བསུ་བྱས་ན་སྙིང་ལ་རུས་པ་མེད་པའི་མི་རིགས་ཤིག་ཆགས་པ་མ་ཡིན་ནམ།
སྤག་སྤག་ལགས། དངོས་ནས་ཧ་ལས་པ་ཞིག་རེད། དེ་ལྟར་བྱས་པ་ནི་དངོས་ནས་ཁ་ལས་ལག་ལེན་དུ་ཞུགས་པ་ཡིན་པས་སེམས་གཏིང་ནས་བཀའ་དྲིན་ཆེ་ཟེར་གྱི་ཡིན་ལ། རང་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་ལུགས་ནི་དེ་འདྲ་རེད། གཞུང་སྒེར་ཚང་མ་ལ་འཁྲི་བ་བཞིན་ཉིད་དང་ཉིད་ཀྱི་གྲོགས་པོ་དག་གི་ལས་འགུལ་འདིས་ཉིད་དང་ཉིད་ཀྱི་གྲོགས་པོ་དག་གི་ཁོར་ཡུག་ལ་ཡང་ཁྱབ་པར་ཤོག
སྤུན་ཟླ་བོད། ཤ་ཁྲག་རུས་གསུམ་ལགས། གྲོགས་ཉིད་ཀྱི་བསམ་ཚུལ་ལ་བསྔགས་བརྗོད་ཀི་མ་ཚད་རྒྱབ་སྐྱོར་ཡོད།
བདག་ལ་མཚོན་ན་བདག་གི་ལས་གྲོགས་ཚོ་དང་ལྷན་བོད་སྐད་དུ་གཞན་སྐད་ཚིག་གཅིག་བསྲེས་ན་སྒོར་གཅིག་དང་། ལྷག་དཀར་ཉིན་༼་་་་༸གོང་ས་མཆོག་གི་བླ་གཟའ་༽གཞན་སྐད་ཚིག་གཅིག་བརྗོད་པའི་ཆད་པར་སྒོར་ལྔ་ཡིན། འདི་ལྟར་བྱས་ནས་ཟླ་ངོ་བདུན་ལྷག་འགྲོ་བཞིན་ཡོད།
འཕྲིན་ལས་ལགས། ཉིད་ཀྱིས་ཀྱང་བདག་གི་བསམ་ཚུལ་འདི་ལ་རྒྱབ་སྐྱོར་གནང་བ་དེར་ཐུགས་རྗེ་ཆེ་ལགས། རེད་ལགས། བྱིས་སྒྲུང་བོད་ཡིག་སྟེང་དུ་ལག་མི་ཐོག་པ་ཞིག་ཆགས་ཉིན་བྱིས་པ་དག་གིས་ཕ་མ་དག་ལ་ང་ལ་དེ་དགོས་ཟེར་བར་རེ་བ་ཡོད། དེ་འདྲ་ཞིག་དགོངས་ངེས་སམ་ལགས། དངོས་ནས་བྱིས་བློ་འཚམ་པ་ཤ་སྟག་འདོན་སྤེལ་བྱེད་ཐུབ་དགོས་ཀྱི་འདུག
ཁྱེད་ཀྱིས་བཤད་པ་ཧ་ཅང་འགྲིག བྱིས་པའི་སློབ་དེབ་ཀྱི་ཆ་ནས་ང་ཚོར་མི་འདང་ས་མང་པོ་ཡོད་པ་སྨྲོས་མེད་ཡིན། ཕ་མའི་སློབ་གསོ་ཞན་པ་ནི་དེ་བས་ཀྱང་སྡུག
འདིའི་ཕྱོགས་ལ་ང་ཚོས་ཤུགས་རྒྱག་དགོས་ཀྱི་འདུག
ཡོན་ཏན་ལགས་ཐུགས་རྗེ་ཆེ། ཉིད་ཀྱིས་ཀྱང་རང་གི་བསམ་ཚུལ་ཞིིག་གསུང་ན་དེ་ལས་བཟང་བར་སྙམ། འདི་ནི་བདག་གི་བསམ་ཚུལ་ཞིག་ལས་ཤེས་ཡོན་ཅན་གྱི་དོན་སྙིང་ལྡན་པའི་སྐད་ཆ་དེ་འདྲ་ནི་ཡིན་ནི་མ་རེད་ལགས།
གྲོགས་པོས་ལེགས་པོ་སྤེལ་འདུག་