ང་རང་བསམ་བཞིན་དུ་ཡིག་ནོར་འབྲི་འདོད་མཁན་ཞིག་གཏན་ནས་མིན་པ་དེ་བཞིན་དུ། སྤུན་ཟླ་ཚོ་ཡང་དེ་ལྟར་ཡིན་པ་གཞིར་བཞག་གིས་བློས་འཁེལ་བྱེད་ཀྱི་ཡོད། འོན་ཀྱང་། དུས་རྒྱུན་དུ་འུ་ཅག་གིས་དྲ་ཐོག་ནས་ཡིག་ནོར་མི་འབྲི་ཟེར་ནས་དམ་བཅའ་འཇོག་དགོས་པ་དང་། ཡིག་ནོར་འབྲི་མཁན་ནི་སྲིན་འབུ་འདྲེན་མཁན་གྱི་མི་རུ་དྲངས་བཞིན་ཡོད་པའི་སྤུན་ཟླ་ཡང་གཏན་ནས་ཉུང་ཉུང་མིན་ཡང་། དོན་ཐོག་ལག་ལེན་དུ་འཛིན་མཁན་ནི་སྤུན་ཟླ་བསེ་རུ་ལྟ་བུ་རེ་གཉིས་ཤིག་ལས་མེད་པ་འདི་ནི་འུ་ཅག་གི་དྲ་ཐོག་གི་ཡིག་ནོར་ཉུང་དུ་གཏོང་རྒྱུར་ཕན་རྒྱུ་ལས། ཟིན་བྲིས་འདེབས་མཁན་གྱི་བོད་མི་འཛམ་གླིང་གི་ཁུགས་སོ་རེ་རེ་ན། རང་སྐད་ཀྱི་སྟེང་ནས་སྐད་ཆ་རེ་རང་རིགས་ཀྱི་ཆེད་དུ་བཤད་འདོད་ཡོད་པ་དག་གི་ཡི་ཀ་ཡང་འགག་དུ་འཇུག་བཞིན་ཡོད་པ་དེ་ཡིན།
སྔོན་ཆད་ཅིག་ལ་ཡང་བདག་གིས་ཟིན་བྲིས་པ་ཟེར་བའི་སྐོར་ཞིག་བྲིས་པ་དེའི་ནང་དུ་ཉུང་ངུ་ཞིག་གླེང་ཟིན་པ་ཡིན། འུ་ཅག་གིས་བོད་ཡིག་ལ་དུངས་པ་ཡོད་མཁན་གྱི་བོད་མི་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པ་དེ་དག་ལ་ཐོག་མར་རང་རང་གི་བསམ་ཚུལ་གང་ཡོད་སྤེལ་བའི་མདུན་པ་ཡོད་པ་དེ་ཡར་རྒྱས་སུ་གཏོང་རྒྱུ་དེ་ནི་རྒྱུན་དུ་སྡུག་དམོད་བྱེད་རྒྱུ་དེ་ཙམ་ཞིག་མིན་པར། སྤུན་ཟླ་བསེ་རུ་ལྟ་བུའི་སྤུན་ཟླ་དེ་ཚོ་ལྟར། ཡིག་ནོར་ལ་མཛུབ་མོ་བཙུགས་པ་ཡིན་ན། ཞུ་དག་གི་ལས་ཀ་ཞིག་བྱས་པ་ཡིན་ལ། ཞོར་དུ་སློབ་སྤྱོང་ཞིག་ཀྱང་སྤྲད་པ་མ་ཟད། ལྷག་བསམ་དེ་ཡང་ཁ་ནང་གི་ཚིག་ཙམ་དུ་མི་འགྲོ་བའི་ངེས་པ་ཞིག་སྤུན་ཟླ་གཞན་དག་ལ་སྐྱེ་ངེས་ཡིན་དུས། ད་ནས་བཟུང་དེ། སྤུན་ཟླ་སུ་ཞིག་ཡིན་ཡང་། ང་ལ་ཞུ་དག་གཏོང་རོགས། ངས་ཀྱང་རང་གི་ཞུ་དག་གང་བཏང་བ་དེ་དག་ལ་ཤུ་རེ་བྱེད། སེམས་སུ་འཛིན། ཡིག་ནོར་གྱི་རྒྱལ་ས་ནས་བུད་དེ། ཡིག་ནོར་མེད་པའི་དྲ་ཐོག་གི་བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་ཞུ་མཁན་ཞིག་ལས། སྲིན་འབུ་འདྲེན་མཁན་གྱི་མི་དེ་འདྲ་ཞིག་ནས་ཕྱིར་འཐེན་བྱེད་རྒྱུར་འབད་བརྩོན་བྱེད་ངེས་ཡིན་ལ། སྤུན་ཟླ་གཞན་དག་གིས་ཀྱང་སྤུན་ཟླ་སུ་ཞིག་གིས་རང་གི་གང་བྲིས་པ་ཡིག་ནོར་ལ་འཛུབ་མོ་བཙུགས་པའི་ཕྱིར་ཉིན་ནས་རང་ཉིད་ནས་མགོ་བརྩམ་རྒྱུར་རེ་བ་ཡོད་ལགས།
ང་ལ་དངོས་ནས་ཞུ་དག་པ་སྤུན་ཟླ་མང་བོ་ཞིག་དགོས་ཀྱི་ཡོད་པ་བཞིན། སྤུན་ཟླ་གཞན་དག་ལ་ཡང་དེ་འདྲ་ཞིག་གི་དགོས་འཁོ་ནི་མེད་དུ་མི་རུང་བ་ཡིན་དུས། དུས་ཚོད་ཀྱི་ཁོམ་ལོངས་བར་ནས་ཞུ་དག་པ་མི་ཉུང་བ་རེ་དྲ་ཐོག་འདིར་ཡོང་རྒྱུར་རེ་སྐུལ་དང་ཡིད་ཆེས་བྱེད་རྒྱུ་ཡིན།
དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་གྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། ང་ལ་ཡང་ཞུ་དག་པ་ཞིག་དགོས་མཁོ་ཆེ་བས། བསེ་རུ་ལགས་ཁོམ་ན་མཚམས་མཚམས་ངའི་ནང་ལ་ཕེབས་རོགས། ང་ནི་ནམ་ཡང་ཁྱེད་ཀྱི་ལྷག་བསམ་རྣམ་དག་གི་ལས་འགན་དེར་རྒྱབ་སྐྱོར་དང་ཡི་རངས་བྱེད་མཁན་ཞིག་ཡིན་པས་ངས་འདི་ལྟར་ཞུ་གིན་ཡོད། གཞན་གཅན་བཟོད་རྒྱམ་འདྲ་བོ་བོད་ཡིག་སྐྱོ་བོ་ཚོས་ང་ལ་ཞུ་དག་གཏོང་ཤེས་ནི་མ་རེད། ངས་མི་འདི་ས་ར་མཐོ་སློབ་མཐར་ཕྱིན་མཁན་ཞིག་ཡིན་པ་གོ་སོང་། དེ་བདེན་པ་ཡིན་ན། ༼ ས་མཐར་དམིགས་བསལ་ཞེས་མ་གཏོགས༽ ཟེར་བ་དེ་ཙམ་གོ་མ་མྱོང་བའམ་གོ་ཡང་དོན་མ་གོ་བ་དེར་ང་ཡ་མཚན་སྐྱེས་སོང་ལ། མཐོ་སློབ་དེར་བཅངས་པའི་གདེང་འཇོག་ཀྱང་མག་མོག་ཅིག་ཆགས་སོང་།
“ཁྱོད་ཀྱིས་ལན་ཁ་གསལ་”ཙམ་གནང་ཐུགས་རྗེ་ཆུ་ཞུས་པ་ཡིན།
ཁྱོད་ཀྱི་གོང་གི་སྐད་ཆ་དེ་ཚོ་སྐད་གསེང་ཆེན་ཡང་བསྐྱར་ཐེངས་གཅིག་འདིར་བྲིས་ན་ཅི་འདྲ་རེད། དེ་མིན་ཚེ་ངའི་དགོས་དོན་དེ་རྟོགས་མེད་པའི་སྣང་བ་ཞིག་བསྐྱར་དུ་སྟེར་ཡོང་གི
གཞན་ཁྱེད་ལ་གཤེ་ཞིང་སྡིགས་མཁན་དེ་སུ་རེད་དང་། སུ་ཞིག་གི་མཆན་བུས་ཁྱོད་ལ་འདི་འདྲའི་ཚོར་དེ་སྤྲད་སོང་བཤད་ན་འགྲིག་གམ། མུན་ནག་དམའ་ལ་ལོབ་ན་བཟང་པོ་མ་རེད།
གཅན་བཟོད་རྒྱམ་ལགས། ཁྱོད་ཀྱིས་”དགོས་”ཡིག་འདིའི་རྗེས་སུ་”ཤེས་”འབྲིའམ་ཡང་ན་”ཞེས་”ཡིག་འདི་འབྲི།” ཞེས་ཁོ་བོར་དོགས་དྲི་གནང་འདུག་པས། སྐབས་བབ་དྲི་བ་ལྟར་ལན་འདེབས་ཞུས་ན་འདི་ལྟར། སྤྱིར་ཚིག་ཕྲད་ཞིང་སོགས་བཅུ་བཞི་ཡོད་པ་རྣམས་སུམ་རྟགས་ཀྱི་རྩ་བའི་གཞུང་ནས་མ་བསྟན་པ་ཡོངས་གྲགས་ལྟར་དང་། དེ་རྣམས་ཀྱི་འཇུག་ཚུལ་ནི་ལེགས་བཤད་ལྗོན་དབང་ལྟར་ལེགས་པར་སྦྱར་ཚེ་བརྡ་སྤྲོད་ཀྱི་ལུགས་དང་མཐུན་ལ་སྐད་ཡིག་གི་འགྲོས་དང་མཐུན་པ་ཞིག་རེད།
“དགོས་”ཀྱི་རྗེས་སུ་”ཞེས་”འབྲི་དགོས་པ་ལས་”ཤེས་”འབྲི་མི་རུང་། དེ་ནི། ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤིག་ཤེའོ་ཤེ་ན་འཐོབ།།ཞེས་པའི་རྩ་ཚིག་གི་བསྟན་དོན་དང་མཐུན་ལ། ས་མཐར་ཞེས་པ་རྗེས་འཇུག་ས་ཡིག་གམ་ཡང་ན་ཡང་འཇུག་ས་ཡིག་གི་རྗེས་སུ་ཤིང་དང་ཤིག་དང་ཤེའོ་ཤེ་ན་ཐོབ་ཀྱང་། ས་ཡིག་འཇུག་ཡང་འཇུག་གཉིས་ཀའི་རྗེས་སུ་དམིགས་བསལ་”ཞེས་”‘འབྲི་དགོས་པ་ནི་ཕྲད་”ཤེས་”ཞེས་བེད་སྤྱོད་བཏང་ཚེ་བོད་སྐད་ཀྱི་འགྲོས་དང་བསྟུན་སྐབས་བྱ་བའི་ཚིག་དང་འཁྲུག་ཉེན་ལ་བརྟེན་”ཞེས་”འབྲི་དགོས་པ་ནི་བརྡ་སྤྲོད་སྨྲ་བ་ཀུན་གྱི་ལུགས་ཡིན་ལ། དེ་ལས་གཞན་པའི་གཏན་ཚིགས་ཤིག་ཁོ་བོར་སྨྲ་རྒྱུ་མེད་དོ།།
ངས་ཁྱོན་བསྡོམས་མཆན་བུ་བདུན་བཏབ་ཡོད།
ཤ་ཁྲག་ཡིན་ན་འདིས། “དྲིན་ལན་ངས་གཤིན་རྗེའི་”འཕྲེང”་ལམ་ནས་མཇལ་ཡ”ཟེར་སྲོལ་ལ་བལྟས་ན་ཁྱོད་ཀྱི་ཤ་ཉེ་ཞིག་གམ་ཡང་ན་བཟང་ས་ཞིག་གཤིན་རྗེའི་ལས་མཁན་གྱི་གྲོས་ན་ཡོད་པ་མིན་ནམ། ཕལ་ཆེར་ཡིན་རྒྱུ་མ་རེད། གཤིན་རྗེའི་”འཕྲང”་ལམ་ན་ངས་བྱས་པའི་དགེ་སྡིག་གིས་ང་ལ་ཕན་གནོད་བྱེད་རྒྱུ་ལས་སུས་ཀྱང་ཕན་གི་མ་རེད། དེ་བས་ང་སྐུ་འཚོ་བཞུགས་ཀྱི་སྐབས་སུ་ཁོ་ཧྥེ་འཐུང་སྤྱད་ཅིག་བྱིན་དང་ན་དེས་ཆག་གི དེ་ཙམ་ཡིན།
བསེ་རུ་ལགས། དྲ་གྲོགས་སུ་ཞིག་གིས་ཁྱེད་ལ་ཁ་བརྡུང་གཏོང་གིན་འདུག ཁ་ཅུང་གསལ་ཙམ་བྱོས་དང་། ཡིག་ནོར་དག་བཅོས་བྱས་པ་བཟང་ལས་ངན་པར་བརྩི་མཁན་ཞིག་ཨེ་ཡོད་ན། འོན་ཀྱང་སྐུ་ཉིད་ཀྱིས་ཀྱང་གཞན་ལ་མཆན་བུ་འདྲ་འདེབས་སྐབས། རྩོམ་ཡིག་དང་འབྲེལ་བའི་བསམ་ཚུལ་ཅུང་ཙམ་རེ་འབྲི་བ་དང་མཉམ་དུ་ཡིག་ནོར་བཤད་ན་བཟང་གི་རེད། དེ་མིན་ཡིག་ནོར་ཁོ་ན་བརྗོད་བསྡད་ན་དེ་ཡང་སྐྱོན་དུ་བརྩི་མཁན་ཡོད་སྲིད། ད་དུང་ཁོ་བ་རང་ལ་ཞེ་འཁོན་འཛིན་གི་འདུག་ཀྱང་སྙམ་སྲིད་པས་དེ་དོན་སེམས་ལ་ཞོགས་ཤིག་ཀྱེ།
ཡང་”དགོས་”ཡིག་འདིའི་རྗེས་སུ་”ཤེས་”འབྲིའམ་ཡང་ན་”ཞེས་”ཡིག་འདི་འབྲི། ས་མཐར་ཡིན་ན་ཤེས་ཐོབ་པའི་ཁྱབ་པ་འདྲ་ཞིག་ང་ལ་སྔོན་ཆད་ཅིག་གིས་གསུངས་མྱོང་མྱོང་འདྲ་ཞིག་འདུག་ན། ང་ནི་བདེན་དོན་ཁས་མི་ལེན་པའི་མི་ལ་རྩོད་མི་ཕོད་པས་བསྐྱུར་ནས་ཡོད། ད་ནི་ཁྱེད་ཀྱིས་འདི་ལ་ཡང་དག་པའི་གསལ་བཤད་ཅིག་གནོངས་དང་།
དྲ་གྲོགས་ཚང་མར་ཐུགས་རྗེ་ཆེ། ཡིག་ནོར་ལཐུགས་སྣང་གནང་བ་ནང་བཞིན་ཚིག་སྦྱོར་དང་ཚིག་ངན་ལ་དེ་བཞིན་གནང་རོགས་ཞུ།་
བོད་ཤ་ཁྲག་རུས་པ་ལགས། དགོན་མི་ཟ་བ། ཞེས་པ་གདོན་མི་ཟ་ཡིན་པར་གདོན་མི་ཟ།
བསེ་རུ་ལགས། སྐུ་ཉིད་ཀྱིས་དུས་ཐོག་དུ་འདི་ལྟར་ཐུགས་འཁུར་ཆེན་པོའི་ངང་དུ་ང་ལ་ལན་གནང་བ་དང་། སྐུ་ཉིད་ཀྱིས་བདག་གི་ཡིག་ནོར་དག་ལ་འདས་ཕྱི་སྔ་གསུམ་ཚང་མ་ལ་ལྷག་བསམ་ལ་གཡོ་བ་མེད་པར་ཡང་ཡང་སུན་པ་མེད་པར་ཕེབས་པ་དེ་ནི་ཤ་གསེང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་ལགས།
སྐུ་ཉིད་ཀྱི་མཁྱེན་གསལ་བཞིན། མི་ཞིག་གི་ཆོད་སེམས་བརྟན་པོ་ཞིག་སྲུང་རྒྱུ་དེ་ནི། སྤྱིར་བཏང་གི་མི་ཞིག་ཚེ་སྲོག་སྲུང་སྐྱོབས་བྱེད་རྒྱུ་ལས་ཀྱང་དཀའ་ལས་ཁག་པོ་ཡོད་དུས། ངང་རྒྱུད་རིང་བོ་བྱོས་དེ་མུ་མཐུད་དུ་འབད་བརྩོན་གནོང་དང་། ང་དང་ང་ལྟ་བུ་སྤུན་ཟླ་གྲངས་མེད་ཅིག་ཁྱེད་རང་ལ་སེམས་གཏིང་ནས་དགའ་བཞིན་ཡོད་ལ། གུས་བཞིན་ཡོད་ལགས།
ཡིན་དགོས་ཅེས། ཡིན་དགོས་ཞེས།
ཆེས་ཐོག་མའི་དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་ལགས།
འདས་ཟིན་པའི་དུས་ཚོད་ནང་དྲ་གྲོགས་བསྟན་འཛིན་ཚེ་དཔག་གིས་ཡིག་ནོར་བཅོས་པར་གློག་འཕྲིན་བརྒྱུད་འཇིགས་སྐུལ་བྱེད་མཁན་ཡང་བྱུང་ཡོད་པ་ནི། ཁོང་གི་ཟིན་བྲིས་སུ་གཟིགས་དང་མཁྱེན་ངེས། ང་ལ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་མ་འདོད་པ་དང་མ་རངས་པའི་ཚིག་གིས་སྐོར་གཏམ་གཏོང་མཁན་ཇེ་མང་དུ་འགྲོ་གིན་འདུག་ལ། ང་སུ་ཞིག་ཡིན་མིན་བརྩད་གཅོད་བྱེད་མཁན་ཡང་ཡོད་ཚོད་འདུག དེ་ཚོ་འདི་དང་དེ་ཞེས་ཕར་འཚོལ་འདོད་ཀྱང་མི་འདུག་ལ། དྲ་ངོས་སུ་རང་གཞན་གཉིས་ཕུང་བྱེད་པའི་ཚིག་ངན་ཡང་སྤུངས་འདོད་མི་འདུག
འོན་ཀྱང་། ངས་སྐུ་ཉིད་སོགས་བསམ་ཤེས་ཅན་གྱི་དྲ་གྲོགས་ཚོའི་དྲུང་ནས་རང་སྐྱོན་ངོས་ལེན་ཐོག་མར་བྱས་ཏེ། དེ་རྗེས་གཞན་གྱི་ཡིག་ནོར་ལ་མཛུབ་མོ་བཙུགས་ན། དེ་ནི་འབྲི་བ་པོ་གང་ཟག་དེར་སྐྱོན་འདོན་བྱས་པ་ཞིག་མིན་པར་བོད་མི་རིགས་ཀྱི་སྐད་ཡིག་ལ་ཞབས་འདེགས་ཞུས་པ་ཞིག་ཏུ་བརྩི་བཞིན་ཡོད།
ཁྱེད་ཀྱིས་ཞུ་དག་པ་འཚོལ་གྱིན་ཡོད་པ་དེར་དགའ་བསུ་ཡོད། དྲ་གྲོགས་གཞན་ཚོས་ཀྱང་ཉན་ཤེས་གོ་ཤེས་ཡོད་པ་གནང་ཚེ། དོན་ངོ་མར་སོ་སོ་རང་ཉིད་ལ་ཡང་ཁེ་ཕན་དང་དགོས་མཁོ་ཡོད་པ་ཞིག་མ་ཡིན་ནམ། ངས་ཀྱང་ངའི་ཟིན་བྲིས་སུ་བཤད་པ་ལྟར། “ཁོ་བོར་གཤེ་ཡང་རུང་། སྨད་ཀྱང་ཆོག བརྡུང་ན་ཡང་རུང་། བསད་ན་ཡང་འོས། ངས་ཡོད་ཚད་བདེན་དོན་ཞིག་གི་ཆེད་དུ་བཟོད་ནུས།” ཞེས་པའི་དམ་བཅའ་འདིར་འགྱུར་བ་མེད།
ངོ་མ་བསམ་ན་འདི་ལྟར་མ་རེད་དམ། ”
ཡིག་ནོར་ནི་ནམ་ཡང་ང་ཚོའི་སྐད་ཡིག་གི་དགྲ་བོ་ངོ་མ་དེ་རེད་ལ།
སྨྱུག་ཐོགས་པ་རང་ཉིད་ཀྱི་ཚེ་སྲོག་འཕྲོག་བྱེད་ཅིག་ཀྱང་རེད། མདོར་ན་མིའི་རིགས་ཀྱི་བླ་སྲོག་ལ་འཇབ་རྒོལ་བྱེད་མཁན་ཞིག་ཀྱང་རེད། དེའི་ཕྱིར་ཡིག་ནོར་ནི་འཇིག་རྟེན་འདིའི་གཤེད་མ་ཞིག་རེད་ཅེས་ཁོ་བོས་གླེང་།།”འདི་ནི་ངའི་ལྟ་ཚུལ་ཞིག་ཡིན་པ་ལས། དྲ་གྲོགས་སོགས་བོད་ཡིག་ཀློག་པ་པོ་ཀུན་གྱི་ལྟ་བ་ཞིག་ཡིན་དགོས་ཅེས་སྨྲ་བར་མི་སྤོབས་སོ།།
འདོད་ལྷ་ཡི་སྲས་ལགས། གང་ནས་འགག་གི་ཐལ་ལགས།
གཅན་བཟོད་རྒྱམ་ལགས། ཁྱེད་རང་དངོས་ནས་བདེན་པ་རེད། གླ་ཆ་ཞིག་སྟེར་དགོས་བྱུང་ན། ངས་ཁྱེད་རང་ཁུགས་ས་མ་རེད་ཁོ་ཐག་རེད། ལྷག་བསམ་ཅན་གྱི་སྤུན་ཟླ་ཁྱེད་ཅག་གི་དྲིན་ལན་ངས་གཤིན་རྗེའི་འཕྲེང་ལམ་ནས་མཇལ་ཡ། ཧཧཧཧ
བསེ་རུ་ལགས། སྐུ་ཉིད་ལ་ཁ་རྡུང་གཏོང་མཁན་དེ་ནི་སུ་རེད། དངོས་ནས་དེ་ཚོ་བསམ་བློ་གཏོང་འདོད་མེད་མཁན་གྱི་མི་ཞིག་ཡིན་རྒྱུ་རེད། འགན་འཁུར་བྱེད་ན་མི་འདོད་པའི་མི་ཞིག་ཡིན་རྒྱུ་རེད་ལགས། བདག་ནི་ནམ་ཡང་སྐུ་ཉིད་ཀྱི་རྒྱབ་སྐྱོར་ན་ཡོད་ལགས།
ཞུ་དག་གཏོང་མཁན་ལ་ཁ་རྡུང་གཏོངགི་འདུག
ཇུས་མེད་ཇུས་ཏོག་བྱས་པར་བརྩི་གིན་འདུག
འོན་ཀྱང་། འགྲོ་ཞོར་འདུག་ཞོར་དུ་ནོར་བཅོས་རེ་བྱ་རྒྱུ་ནི་ངའི་ཞར་ཞོར་གྱི་ལས་དོན་ཞིག་ཡིན།།
ཡང་གོང་གི་མཆན་བུ་ན་ཡིག་ནོར་རེ་ཟུང་འདུག་ན་ད་ནི་དག་བཅོས་བྱེད་མཁན་དེ་སུ་ཡིན་ནམ། ཡང་ན་ཁྱོད་དྲ་ཐོག་ཏུ་ཡོང་ཁར་ཁོང་ལ་བརྡ་ཞིག་བྱོས། དེ་ནས་དྲ་ཐོག་ཏུ་ཡོང་ན་ལས། རྩོམ་ཡིག་རེ་ལ་ཡིག་ནོར་འགའ་རེ། ཡང་མཆན་བུ་རེ་ལ་ཡིག་ནོར་འགའ་རེ་བྱས་ན་ཞུ་དག་གང་ལ་བྱེད་དགོས་པ་རེད། གླ་ཞིག་སྟེར་དགོས་རྒྱུ་ན་ཁྱོད་ཀྱིས་བ་ས་མ་རེད་ལ། ཞུ་དག་གཏོང་མཁན་དེ་ང་ཡིན་ཚེ་ཁྱོད་ཀྱི་ལས་ཀ་ནས་ཐོབ་པའི་གླ་ཆ་ཚང་མ་ང་ལ་སྤྲོད་དགོས་ས་རེད་ཡ། ཧ་ཧ་ཧ་ཧ།
འགག་དུ་
ཡུམ་དུམ་པ་ཁྱེད་རང་མི་བདེན་གི་ན། ངས་ཀྱང་། ནམ་རྒྱུན་སང་ཉིན་སང་ཉིན་ཟེར་དུས་རྣ་བ་འགག་ནས་འོང་གི་འདུག འུ་ཅག་གི་བར་ན་དཔག་ཚད་མི་ཉུང་བ་ཞིག་ཡོད་སྟབས། ང་རང་ཉལ་ཁར་ཁྱེད་ཚོ་བླངས་དེ་འོང་གི་ཡོད་དུས། ངས་འདང་ནུབ་རང་ཉིད་ཉལ་ཁར་དེ་ལྟར་བཤད་པ་རེད། ད་ནི་ང་རང་ཡང་སྔ་བོ་ནས་ཡང་བླངས་དེ་ས་གནས་གང་ཞིག་ལ་ལྟ་སྐོར་བྱེད་དུ་འགྲོ་ཁར་ལན་འདི་བྲིས་པ་ཡིན་ལགས། མ་སོང་སྔོན་དུ་ཁ་བ་དཀར་པོ་ལགས་དང་ཉིད་ཀྱིས་རྡ་ས། རི་གྲོང་སེར་བོ་ཡང་ཀློག་ཟིན་པ་ཡིན་ལ། ཞོར་དུ་སྤུན་ཟླ་མི་ཉུང་བ་ཞིག་གི་རྩོམ་ཡིག་ཀྱང་བཀླགས་ཟིན་པ་ཡིན།
ང་ཚོ་ལ་སང་ཉིན་ནི་རྫོགས་མཐའ་མེད་པ་དེ་རེད། སང་ཉིན་ཡང་རྩོམ་ཡིག་གཞན་ཞིག་བྲིས་ཏེ་དྲ་ཐོག་ཏུ་དགོད་དགོས་པ་མ་ཡིན་ནམ། དེའི་ནང་གི་ཡིག་ནོར་དང་གཏགས་ནོར་གནངས་ཉིན་བཅོ་དགོས་པ་མ་ཡིན་ནམ། དེ་ལྟར་དུ་སང་ཉིན་དང་གནངས་ཉིན་སོགས་ལ་རྫོགས་མཐའ་མེད་དོ།། ཧཧཧཧ།
གངས་མྱུག་དང་གཅན་བཟོད་རྒྱམ་གཉིས་ཀྱིས་ཐུགས་འཁུར་ཆེན་པོའི་ངང་དུ་མཛུབ་སྟོན་གནང་བ་དེར་བཀའ་དྲིན་ཆེ་ལགས། ད་ནི་ང་རང་ལ་བྲེལ་བ་ཆེ་བས་རང་གིས་རང་ལ་ཞི་དག་གཏོང་ཐབས་གསུངས་པ་དེར་ཁོམ་པ་མ་བྱུང་། སང་ཉིན་བྱེད་ཆོག་པ་བྱོས་ལགས།
གངས་སྨྱུག་གིས་གསུངས་པ་ལ་མངོན་པར་བསྟོད་དོ།། ང་འདི་ཅི་ཡིན་ནམ། མཆན་བུ་རེ་འགོད་སྐབས་ནམ་ཡིན་ལ་ཁ་སྐད་ཀྱིས་བྲིས་ན་སྐད་ཆ་དེར་བྲོ་བ་དམིགས་གསལ་བ་ཞིག་ཡོད་སྣང་འདུག དེ་བས་ཤོར་འགྲོ་གི་འདུག འདིའི་ནང་དུ་ཡང་བརྡ་སྤྲོད་དང་མ་མཐུན་པའི་གི་སྒྲ་གཅིག་མི་འདུག་གམ།
གྲོགས་བཟོད་རྒྱམ་ལགས། ཁྱོད་གྱིས་ཁ་སྐད་རང་བེད་སྤྱོད་མ་བཏང་ན་མི་འགྲིག་གམ། ཤོར་གི་རེད་ཡ་ཞེས་པའི་ཤོར་གི་ཟེར་བ་བརྡ་སྤྲོད་དང་མི་མཐུན་སྙམ།ཤོར་གྱི་རེད་ཟེར་ན་མི་འགྲིག་གམ།
གྲོགས་ཤ་ཁྲག་རུས་གསུམ་ལགས། ཁྱོད་ཀྱི་གོང་བཀོད་ནང་དུ་ཡིག་ནོར་གང་མང་ཞིག་འདུག་པ་ངོས་ཟིན་ནམ། ང་གློག་ཡིག་འདི་འབྲི་བར་བྱང་མེད་པས་དེ་རིང་རོགས་བྱེད་མ་ཐུབ་པས་འགལ་བ་མེད་པར་མཁྱེན།
ཤ་ཁྲག་ལ་བཅོས་པ།
ཐུགས་སྣང་བྱས་ཏེ་ལ་བྱོས་དེ་ནོར།
སྐད་ཆ་དེས་ལ་སྐད་ཆ་དེར་ནོར།
གོམ་གང་མདུན་སྤོ་ལ་གོམ་བཀང་ནོར།
ད་དུང་ཚན་པ་གསུམ་ཡོད་པ་དྲ་གྲོགས་ཚོར་སྐྱུར་བ་ཡིན།
གྲོགས་ལགས། ང་ཡང་ཅང་ཤེས་མཁན་ཞིག་མིན་མོད། སྐབས་རེར་མི་ཤེས་པས་ཤེས་མཁན་ལ་ཕན་ཡང་སྲིད། ཉིད་ཀྱིས་གོང་བཀོད་ཤི་མ་ཐུབ་པའི་སྔ་གཞུག་ནང་དུ་ནོར་བ་ཁ་ཤས་མཐོང་། ཡི་ཀ ཡི་ག བདག་གིས་ཟིན་བྲིས་པ། བདག་གི སྤེལ་བའི་མདུན་པ། འདུན་པ། འཛུབ་མོ། མཛུབ་མོ། བཟུང་དེ། བཟུང་སྟེ། རང་གི་ཞུ་དག་བཏང་བ། རང་གིས། བྲིས་བ་ཡིག་ནོར་ལ། བྲིས་པའི། ཕྱིར་ཉིན། ཕྱི་ཉིན། དགོས་འཁོ། དགོས་མཁོ། མགོ་བརྩམས་རྒྱུར། བརྩ་མ་རྒྱུར། སྦྱོར་མི་བདེ་བ་ཁ་ཤས་མཐོང་། འུ་ཅག་གི་དྲ་ཐོག་གི འུ་ཅག་གྲ་ཐོག་གི གཏོང་རྒྱུར་ཕན་རྒྱུ་ལས། གཏོང་བར་ཕན་རྒྱུ་ལས། ཕྱིར་ཉིན་ནས་རང་ཉིད་ནས། ཕྱི་ཉིན་རང་ཉིད་ནས།
གཅན་བཟོད་རྒྱམ་ལགས། ཐུགས་སྣང་བྱོས་དེ་ཞུ་དག་བྱས་པ་དེར་བཀའ་དྲིན་ཆེ་ལགས།
སྐར་ཁྲི་བཙན་ལགས། ཉིད་ཀྱིས་སྐད་ཆ་དེར་བདག་ལ་རྒྱབ་སྐྱོར་གནང་གི་ཡོད་པ་ལྟ་བུ་ཞིག་འདུག་ཀྱང་། འུ་ཅག་གིས་ཀྱང་སྤུན་ཟླ་བསེ་རུ་ལྟ་བུའི་ཁ་ཞེ་གཉིས་མེད་དག་ལ་སེམས་གཏིང་ནས་རྒྱབ་སྐྱོར་བྱེད་རྒྱུའི་ཕྱོགས་སུ་གོམ་བཀང་མདུན་སྤོ་བྱེད་རྒྱུར་བརྩོན་པ་ལོས་བྱེད་ལགས།
ལྷ་ཆབ་ལགས། ཉིད་ཀྱི་བསམ་ཚུལ་དེ་ཚོ་དངོས་ནས་བདེན་པ་རེད། ང་ནི་དེ་འདྲའི་མི་ལས་ངན་ཞིག་རེད། ཞུ་དག་བྱེད་མཁན་གྱི་སྤུན་ཟླ་ཁྱེད་རང་ལྟ་བུ་དག་གིས་འགན་འཁུར་ཆེན་པོའི་སྒོ་ནས་ཤུ་རེ་བྱས་ཀྱང་། ངས་རང་གི་སྔར་བྱས་ལ་བསམ་བློ་ཞིབ་མོ་གཏོང་རན་ཡིན་པ་བདག་ལ་དྲན་སྐུལ་གནང་བ་དེར་བཀའ་དྲིན་ཆེ་ལགས།
དགེ་བཤེས་བསྟན་པ་བཀྲ་ཤིས་ལགས། ཉིད་ཀྱིས་བདག་གི་བསམ་ཚུལ་རྒྱབ་སྐྱོར་གནང་བ་དེར་བཀའ་དྲིན་ཆེ་ཞུ་ལགས། ཉིད་ཀྱིས་ཀྱང་བཏགས་ནོར་ལ་ཁས་ལེན་བྱས་པ་དེར་གཅན་བཟོད་རྒྱམ་དགའ་ཡོད་ངེས་ཡིན་པ་མ་ཟད། སེམས་ཤུགས་ཀྱང་འཕར་ཡོད་པར་དགོན་མི་ཟ་བ་ཡིན་ལགས།
གཅན་བཟོད་རྒྱམ་ལགས། སླར་ཡང་ཕེབས་ནས་བསམ་ཚུལ་གནང་འདུག་པ་དེར་སྤྲོ་བོ་བྱུང་ལགས། རྗེས་ཕྱོགས་ཀྱང་དེ་ལྟར་གནོང་རོགས་ཞུ་ལགས།
གཅན་བཟོད་རྒྱམ་ལགས། ཐུགས་རྗེ་ཆེ། འཐེབ་གཞུང་གནོན་སྟངས་བར་ནས་ཡིག་ནོར་ཤོར་ནའང་ཡིག་ནོར་རེད
དགེ་བཤེས་ལགས་ལ་ཡིག་ནོར་མ་ཡིན་པའི་གཏགས་ནོར་གཉིས་ཤོར་འདུག གཅིག ཕྱོགས་ལ་པྱོགས་བྲིས་འདུག གཉིས། ཁྲི་བཙན་ལ་ཀྲི་བཙན་བྲིས་འདུག འདི་ལྟ་བུའི་གཏགས་ནོར་མང་དུ་ཤོར་གི་རེད་ཡ།
བོད་ཤ་ཁྲག་རུས་པ་ལགས། བསམ་ཚུལ་དེ་ཧ་ཅང་ལེགས། ང་ཚོས་དྲ་ཐོག་ནས་ཕན་ཚུན་གྱི་ཡིག་ནོར་ལ་དག་བཅོས་རེ་གནང་བའི་ལམ་སྲོལ་ཞིག་བྱུང་ན་དེ་བས་ཡར་རྒྱས་པྱོགས་སུ་འགྲོ་ངེས་ཡིན། སྐར་ཀྲི་བཙུན་ལགས། ཉིད་ཀྱི་བསམ་ཚུལ་འདི་ཡང་ཧ་ཅང་ལེགས། ང་ཚོས་དྲ་ཐོག་ནས་ཚིག་གསུམ་བཤད་པ་ཚུན་གྱི་འགན་འཁྱེར་ཏེ་བཟང་སྤྱོད་ལྡན་པའི་མི་རིགས་ཤིག་ཡིན་པ་མངོན་ཐུབ་བྱ་རྒྱུ་ནི་གལ་ཆེ།
གྲོགས་པོ་ལགས།སྔོན་མ་ནས་ཁྱོད་ཀྱིས་དེ་ལྟར་རང་གི་ཡིག་ནོར་དག་རྒྱང་ཕུད་དུ་གཏོང་རྒྱུའི་ཆོད་སེམས་བཟུང་བ་ལེགས།ཡིན་ནའང་སྔར་ཁྱོད་ལ་དེ་རིང་བཤད་ན་སང་ཉིན་མེད་སྟབས་བསེ་རུ་ཡང་སུན་སོང་བ་འདྲ།གནད་དོན་དེ་རེད།དེ་རིང་དག་པ་ཞིག་འབྲི་བཞིན་ཡོད་ན།སང་ཉིན་ནོར་བ་ཞིག་བྲིས་ནས་ཡོང་གི་འདུགདེ་ནི་ཁྱོད་ཀྱི་ཞན་ཆ་གཙོ་བོ་དེ་རེད།གཞན་གྱིས་ག་འདྲ་བྱས་ནས་བྲིས་འདུགདེ་ལ་དཔག་ནས་རང་གིས་ཇི་ལྟར་འབྲི་དགོས་པའི་སྐོར་ལ་བསམ་བློ་མི་གཏོང་བར་ཤར་མར་ཁོག་ལ་གང་ཤར་སྒྲ་གདངས་ཐོན་ཙམ་གྱིས་འབྲི་བ་ནི་ཁྱོད་ཀྱི་སྐྱོན་ཆ་རེད།རྗེས་མ་ནས་གང་བྲིས་པ་ཚང་མའི་སྟེང་ལ་རང་གིས་གདེང་ཚོད་ལྡན་པའི་སྒོས་བྲིས་ན་ལེགས་སྙམ།གྲོགས་པོ་ཁྱོད་ལ་ཡར་རྒྱས་མེད་པ་གཏན་ནས་མ་རེད།ཁྱོད་ལ་དོ་སྣང་མེད་པ་དངོས་གནས་རེད།
སྔར་བསེ་རུས་ཁྱོད་ལ་དེ་རིང་བཤད་པ་སང་ཉིན་ཡང་བསྐྱར་ནོར་གྱི་ཡོད་སྟབས།བསེ་རུ་ཡང་སུན་སོང་བ་རེད།མུ་མཐུད་དུ་ཤུགས་རྒྱོབས་དང་ང་རང་གཙོ་བྱས་ནས་ཁྱོད་ལ་རོགས་པ་བྱེད་མཁན་ནི་ཡོད་དོ།།
ཁྱོད་ལ་ཡིག་ནོར་མང་བཟང་སྤྱོད་ལྡན་པ་ཞིག་རེད། ཡིག་ནོར་བཅོས་པ་གལ་ཆེ་བ་ནང་བཞིན་ཚིག་རྩུབ་དང་དམའ་འབེབ་བྱེད་མཁན་གྱི་ཀུན་སྤྱོད་བཅོས་མཁན་ཡོད་ན་ཡག་པོ་རེད། བཟང་སྤྱོད་ཀྱི་རྨང་གཞི་མེད་པ་ཞིག་ལ་དག་ཆ་དང་སྡེབ་སྦྱོར་ཅི་ཙམ་ཡག་པོ་ཡོད་ཀྱང་དེ་ལ་དུད་ཐུབ་ཀྱི་མི་འདུག
འཛུབ་མོ་ལ་མཛུབ་མོ་ཞེས་ཕྲིས།
མགོ་བརྩམས་རྒྱུ་ལ་མགོ་བརྩམ་རྒྱུ་ཞེས་ཕྲིས།
ད་མང་པོ་བྲིས་ན་རང་ལ་ཡང་དག་ནོར་ཤོར་ཉེན་ཆེ་བས་མི་འབྲི།