བློ་བཟང་། ད་ཨ་མས་ཁྱེད་གཉིས་ལ་ཁ་བཏགས་རེ་རེ་སྒྲོན། འདི་ཡིས་ཨ་མས་ཁྱེད་གཉིས་ལ་ལམ་ཁ་ནས་བདེ་ལེགས་ཡོང་བ་དང་སོང་ས་ན་སྡུག་བསྔལ་མེད་པ་དང་། བསྡད་ས་རུ་དཀའ་ངལ་མེད་པ་ཞིག་ཡོང་རྒྱུར་ངས་དུས་རྒྱུན་དུ་ཁྱེད་གཉིས་གྱི་ཆེད་དུ་སྨོན་ལམ་འདེབས་ཆོག་ཟེར་ནས་ནུ་མོ་མཚོ་མོ་སྐྱིད་དང་། བློ་བཟང་གཉིས་ཀྱིས་སྐེ་རུ་ཁ་བཏགས་དཀར་པོ་རིང་བོ་རེ་རེ་སྐོན་ནས་མིག་ཆུ་འཕུད་རྩིས་བྱས་དུས་སུ། བློ་བཟང་གིས། ཨ་མ་ལགས། ངུ་མ་ཡོང་། ངེད་གཉིས་ས་ཐག་རིང་ཞིག་དུ་འགྲོ་བཞིན་ཡོད་ཀྱང་། བདེ་ས་ཞིག་དང་རང་དབང་ཡོད་ས་ཞིག་དུ་འགྲོ་བཞིན་ཡོད་པ་ལས། གཞན་གང་དུ་ཡང་འགྲོ་བཞིན་ཡོད་པ་མ་རེད།
མཚན་མོ་དེར་བློ་བཟང་གིས་རང་གི་དྲིན་ཆེན་ཕ་མ་གཉིས་དང་། རང་གི་ནུ་བོ་བཅས་ཀྱི་ལྷན་དུ་ཁ་བརྡ་བྱས་དེ་ཡུན་རིང་ཞིག་ལ་བསྡད་པ་དང་། ཚ་བོ་རྡོ་རྗེ་རྒྱལ་གྱིས་མིག་གིས་རིག་རིག་བྱེད་ཀྱིན་མི་ཉལ་བར། ང་རང་ཡང་ལྷ་ས་རུ་འགྲོ་རྒྱུ་ཡིན་ཟེར་ནས་སྐད་བརྒྱབ་དུས་སུ། བློ་བཟང་གིས་ཨ་ཅེ་མཚོ་མོ་སྐྱིད་ཁྱེད་རང་ཡང་ཨ་ཅེ་མཚོ་མོ་སྐྱིད་ལྟ་བུ་ཞིག་ཆགས་དུས། ང་ཕྱིར་ལེན་དུ་ཡོང་ཟེར་ནས་མགོ་ལ་ལག་པའི་ཕྱིལ་ཕྱིལ་ཞིག་བཏང་ནས་ད་ཁ་རོག་གེར་གཉིད་ཅེས་བཤད་དུས། ཚ་བོ་རྡོ་རྗེ་རྒྱལ་གྱིས་དངོས་ནས་བདེན་པ་རེད་འདུག་སྙམ་ནས་ཁ་རོག་གེར་ཉལ་ཐུལ་ནང་དུ་འཛུལ།
ཨ་མ་སྒྲོལ་མ་འཚོས། ནངས་དུས་ཁྱེད་ཚོ་ནམ་མ་བླངས་གོང་དུ་འགྲོ་རྒྱུ་བྱོས། སྡེ་བའི་ནང་གི་མི་མང་བོས་རིག་ན་ཡག་པོ་མེད་པ་རེད། ང་རང་ཡང་བསྐྱེལ་མ་བྱེད་དུ་མི་ཡོང་། དོ་ནུབ་ཁྱེད་གཉིས་ལ་བཤད་རྒྱུ་ཡོད་པ་ཚང་མ་བཤད་ཟིན་པ་ཡིན། ད་ཁྱེད་གཉིས་སོང་ས་ནས་ཤུ་རེ་བྱོས་ཤིག མཚོ་མོ་སྐྱིད། ཕུ་བོས་ཁ་ལ་ཉན་དགོས་པ་རེད། གོ་སོང་ངམ་ཟེར་ཞོར་དུ་ཁོང་ཚོ་ལ་བདེ་མོ་བཞག མཚོ་མོ་སྐྱིད་ཀྱིས་དོན་དངོས་ཐོག་རང་ཉིད་ལྷ་ས་རུ་འགྲོ་བཞིན་ཡོད་པ་ལས་དེ་ལས་རིང་བའི་ཡུལ་གྲུ་ཞིག་ལ་འགྲོ་བཞིན་ཡོད་པ་གཏན་ནས་ཤེས་ཀྱི་མེད་ལ། ལྷ་ས་ཡང་དོན་དངོས་ཐོག་ཅི་ཞིག་ཡིན་མིན་དེ་ནི་གཏན་ནས་ཤེས་ཀྱི་མེད།
ཞོགས་པ་སྔ་བོ་བློ་བཟང་དང་ཨ་རྒན་འཇིགས་གྲོལ། ནུ་བོ་ཀླུ་འབུམ་རྒྱལ། ནུ་མོ་མཚོ་མོ་སྐྱིད་བཅས་སྔ་བོ་ནམ་མ་གསལ་གོང་དུ་ཡར་བླངས་དུས། ཆར་བ་ཤུགས་ཆེན་པོ་ཞིག་འབབ་བཞིན་ཡོད་པ་རེད། དེ་དུས་བློ་བཟང་གིས་ཕ་རྒན་གྱིས། ཆར་བ་མཚམས་འཇོག་རེག་བར་དུ་སྒུག་དགོས་པ་མིན་འགྲོ་ཟེར་ནས་བློ་བཟང་ལ་བཤད་དུས། བློ་བཟང་གིས། ད་འགྲོ་ན་ཡག་གི་རེད། དེ་མིན་ཀ་ཅུའི་སུམ་མདོ་ནས་ཟི་ལུང་འགྲོ་བའི་རླངས་འཁོར་གྱི་རྗེས་ཟིན་ནི་མ་རེད་ཅེས་བཤད་པ་དང་། བློ་བཟང་རང་གི་ནུ་བོ་ལྷ་འབུམ་རྒྱལ་གྱི་སྤག་སྤག་གི་རྒྱབ་དུ་ཞོན། ནུ་མོ་ཕ་རྒན་འཇིགས་གྲོལ་གྱིས་འཕོང་དུ་ཞོན་ནས་ཆར་ཤུགས་ཆེ་ཡང་། ཁོང་ཚོ་རྫོང་གི་ཕྱོགས་སུ་ཤུར་སེ་བཏང་།
རྫོང་གི་ཉེ་ས་ནས་དགོན་འདབས་སུ་འབྱོར་མ་ཐག ཆར་བ་ཅུང་ཤུགས་ཆུང་དུ་ཕྱིན་ཡོད་མེད་ལ་མ་བལྟས་པར། བློ་བཟང་དང་ནུ་མོ་མཚོ་མོ་སྐྱིད་གཉིས་སྤག་སྤག་ལས་འབབ་དེ་དགོན་པའི་ཕྱོགས་སུ་ཕྱག་གཉིས་རེ་འཚལ་ནས་སྨོན་ལམ་རེ་བརྒྱབ་དེ། ནམ་ཞིག་རང་ཡུལ་དུ་སླེབས་པར་སྐྱབས་འཇུག་བྱས་རྗེས་སུ། སླར་ཡང་ཆར་བའི་ཁྲོད་ནས་རྫོང་རླངས་འཁོར་འབབ་ཚིགས་སུ་ཕྱིན། རྫོང་རླངས་འཁོར་འབབ་ཚིགས་སུ་འབྱོར་དུས། ཆེས་སྔ་ཤོས་ཀྱི་རླངས་འཁོར་འགྲོ་བའི་མགོ་རྩོམ་བཞིན་པ་དེར། ཕ་རྒན་འཇིགས་གྲོལ་སོང་ནས་སྔུན་བཀག དེ་ནས་བློ་བཟང་དང་ནུ་བོ་ཀླུ་འབུམ་རྒྱལ་གཉིས་ཀྱིས་ཅ་ལག་རླངས་འཁོར་ནང་དུ་བཞག
འགྲོ་ཁར་བདེ་མོ་བྱོས་ཟེར་ནས་ཁ་བརྡ་ཙམ་ཡང་བྱེད་ཁོམ་མ་བྱུང་བར་རླངས་འཁོར་ལམ་ལ་ཆས། བློ་བཟང་དང་ནུ་མོ་མཚོ་མོ་སྐྱིད་གཉིས་ཀྱིས་རླངས་འཁོར་གྱི་སྒེའུ་ཁུང་ལས་ལག་གཡུགས་བྱས་ཀྱང་། ཕ་རྒན་འཇིགས་གྲོལ་དང་ནུ་བོ་ལྷ་འབུམ་རྒྱལ་གཉིས་ཀྱིས་ཡག་པོ་མཐོང་གི་ཡོད་མེད་དེ་ནི་ཆར་སྨུག་གི་འཐིབ་ནས་མཐོང་ཐུབ་ཀྱི་མེད་པ་རེད།
བློ་བཟང་གིས་སླར་ཡང་རང་གི་ཕ་ཡུལ་དང་ཁ་གྱེས་ནས་འགྲོ་བཞིན་པ་དེར་སེམས་ཁོང་རུས་པའི་གཏིང་ནས་སྐྱོ་སྣང་ཞིག་སྐྱེ་ན་ཡང་། རང་གི་ནུ་མོའི་མ་འོངས་པའི་ཆེད་དུ་བསམ་ན་སྙམ་ནས་སེམས་པ་ཀུ་ཡང་དུ་ཕྱིན་ཡོད་པ་རེད། ནུ་མོ་མཚོ་མོ་སྐྱིད་ནི་དེ་སྔ་ས་ཐག་རིང་དེ་འདྲ་ཞིག་ལ་འགྲོ་མྱོང་མེད་ལ། ས་ཐག་རིང་དུ་འགྲོ་རྒྱུ་དེ་ནི་གཏན་ནས་ལས་སླ་བོ་ཞིག་མེད་པ་རེད། རླངས་འཁོར་མི་འཕྲོད་པ་དང་རླངས་འཁོར་ནས་སྐྱུག་མེར་ཡང་ཡང་བླངས་ཀྱི་ཡོད་པ་རེད།
ཀ་ཅུའི་སུམ་མདོ་ནས་བློ་བཟང་གིས་རང་གི་ནུ་མོ་དང་རླངས་འཁོར་ལས་འབབ་དེ་ཟི་ལུང་དུ་འགྲོ་བའི་རླངས་འཁོར་ལ་སྒུག་ནས་ཆུ་ཚོད་གཅིག་ལྷག་དུ་བསྡད་ཀྱང་། རླངས་འཁོར་གཏན་ནས་ཡོང་རྒྱུ་མ་བྱུང་སྟངས། ཉེ་ཁོར་དེ་ནས་ཟ་ཁང་ཆུང་ཆུང་ཞིག་ལ་སྐད་ཆ་དྲིས་དུས། ཟི་ལུང་དུ་འགྲོ་བའི་རླངས་འཁོར་ནི་སོང་ནས་ཆུ་ཚོད་གཅིག་ལྷག་འགྲོ་བཞིན་ཡོད་པ་བཤད་དུས། ད་ནི་བློ་བཟང་གིས་ཀ་ཅུ་རུ་མི་འགྲོ་ཐབས་མེད་ཆགས་འདུག་སྙམ་ནས། ཉེ་སྔོན་རང་ལ་ཕ་རྒན་གྱི་སྤྲད་པས་བན་སྡེ་འཚོས། ཁ་པར་ཨང་གྲངས་དེ། ས་ཁུལ་དེ་ནས་བེད་སྤྱོད་ཡོད་ན་ཐང་སྙམ་བཞིན་ཚོད་ལྟ་བྱས་ཀྱང་གཏན་ནས་མ་སོང་སྟབས། ད་ནི་ཆེད་དུ་ཐུག་འཕྲད་བྱེད་དུ་སོང་ནས་སྐད་ཆ་དྲང་མོ་བཤད་པ་ཡིན་ན། ངས་རང་གི་ནུ་མོ་འཁྲིད་དེ་འགྲོ་བཞིན་ཡོད་པ་འདི་ལ་བར་ཆད་འདྲ་འཕྲད་མི་སྲིད་པ་མ་རེད་སྙམ་པ་དང་། བསམ་བློ་འདྲ་མིན་སྣ་ཚོགས་ཤིག་གཏོང་བཞིན་དུ་སྔར་བྱུང་གི་ཉིན་མོ་དེར་སླར་ཡང་དྲན།
ལམ་ལ་མ་ཆས་པའི་ཉིན་མ་ཁ་ཤས་ཀྱི་སྔོན་དེར། བློ་བཟང་གིས་བན་སྡེ་འཚོ་ལ་ཁ་པར་ནང་ནས་འདི་ལྟར་བཤད་པ་རེད། ཉེ་སྔོན་ང་རང་དེ་རུ་ཡོང་དུས་བཤད་པ་ལྟར། ད་ནི་ང་རང་འབྲོག་ཕྱོགས་་ཤིག་དུ་འགྲོ་རྒྱུ་གཏན་འཁེལ་སོང་། གལ་སྲིད་། དེ་ནས་ལས་ཀ་བྱེད་ས་ཡག་པོ་དང་ཚོང་རྒྱག་ས་ཡག་པོ་ཞིག་ཡོད་མེད་ལ་ངས་བརྟག་དཔྱད་བྱེད་པ་དང་ས་ཁུལ་དེ་ནས་རྒྱུས་ལོན་ཞིག་བྱེད་པ་བཅས་ལ་བསམ་བློ་བཏང་བ་ཡིན་ན། ང་རང་ཕལ་ཆེར་ཟླ་གཅིག་ལྷག་ཞིག་གི་འགོར་འགྲོ་ན་ཐང་། དེ་ཡིན་དུས། ཟླ་བ་གཅིག་གི་རིང་ཙམ་ལ་ཁྱེད་རང་གིས་ང་ལ་ཁ་པར་མ་གཏོང་། གལ་སྲིད། ཁྱེད་རང་ལ་ཐད་ཀར་ཁ་པར་རྒྱག་སའི་ཁ་པར་ཨང་གྲངས་འདྲ་ཁྱེད་རང་གི་ལག་པར་རེག་སོང་བ་ཡིན་ན། ངེད་ཚང་གི་ཁ་པར་ཨང་གྲངས་ཁྱེད་རང་གིས་ཤེས་གསལ་ལྟར་རེད། དེ་ལ་ཁ་པར་བཏང་ནས་ངེད་ཚང་གི་མི་སུ་ཡིན་ན་འགྲིག་གི་རེད། ང་ལ་སྤྲོད་རོགས་ཟེར་ནས་ཤོད་དང་ང་ལ་སྤྲོད་ངེས་ཡིན། དེ་ནས་ངས་ཁྱེད་རང་འབྲེལ་བ་བྱེད་ཆོག་ཞེས་བཤད།
བན་སྡེ་འཚོས། བློ་བཟང་གིས་གང་བཤད་པ་དེར་ཡིད་ཆེས་བྱས་ཡོད་པ་དང་། ཁོ་མོས་བློ་བཟང་ཁོ་རང་ཕྱིར་ཡོང་རེག་བར་དུ་སྒུག་རྒྱུ་བྱས་ཡོད་པ་རེད། འོན་ཀྱང་། ཁོ་རང་ལམ་དུ་མ་ཆས་པའི་ཉིན་གཅིག་གི་སྔོན་དེར། བན་སྡེ་འཚོས་ཁོང་ཚང་གི་ནང་དུ་ཁ་པར་ཞིག་སླེབས་ཡོད་པ་དང་། དེ་ནི་བློ་བཟང་གི་ཕ་རྒན་གྱིས་བླངས་ཡོད་པ་རེད། བློ་བཟང་གི་ཕ་རྒན་གྱིས་བློ་བཟང་ལ། དེ་རིང་ཁྱེད་རང་མེད་ཤུལ་ནས་བུ་མོ་དེས་ཁ་པར་སླེབས་ནས་ཁ་པར་ཨང་གྲངས་འདི་ཁྱེད་རང་ལ་སྤྲོད་རོགས་ཟེར་གྱི་འདུག་ཞེས་བློ་བཟང་ལ་ཁ་པར་ཨང་གྲངས་ཤིག་སྤྲད་པ་དེ་ཡི་སྟེང་ནས་བློ་བཟང་གིས་དེ་རིང་ཚོད་ལྟ་ཐེངས་ཁ་ཤས་ཤིག་ལ་བྱས་ཀྱང་གཏན་ནས་མ་སོང་བ་རེད།
བློ་བཟང་གིས་བསམ་པར་གཅིག་བྱས་ན་ཉིན་མོ་དེར་རང་གི་ཕ་རྒན་གྱིས་འབྲི་ནོར་བྱས་པ་ཡིན་སྲིད་པ་རེད་སྙམ་བཞིན། རང་གི་ནུ་མོ་མཚོ་མོ་སྐྱིད་དང་ཅ་ལག་ཡོད་སར་སླེབས་ནས། ནུ་མོ་མཚོ་མོ་སྐྱིད་ལ། ད་འུ་གཉིས་འགྲོ རླངས་འཁོར་ཞིག་ཡོང་གི་འདུག ཀ་ཅུ་རུ་འགྲོ་ཞེས་བཤད། དངོས་ནས་བཤད་དུས་ཁོ་བོའི་ནུ་མོས་ཀ་ཅུ་ཟེར་ན་གང་རེད་ཟེར་མོད། འོན་ཀྱང་། ཕུ་བོའི་རྗེས་སུ་སྙེགས་ནས་རླངས་འཁོར་ནང་དུ་བུད།
བློ་བཟང་གིས་ལམ་བར་ནས་བན་སྡེ་འཚོ་དང་ཁོ་གཉིས་བསྡད་མྱོང་སའི་མགྲོན་ཁང་ཆེན་པོ་དེ་མཐོང་དུས་སུ་ལྷག་དུ་བན་སྡེ་འཚོ་སྐྱུར་ནས་ཁྲེལ་མེད་ཀྱི་ལས་ཤིག་བྱེད་ཀྱིན་འགྲོ་བཞིན་པ་དེར་བསམ་ནས་སྐྱོ་གདུང་དྲགས་པོས་རླངས་འཁོར་གྱི་སྒེའུ་ཁུང་ལས་ས་ཕྱོགས་དེར་ལྟ་ཞོར་དུ། བན་སྡེ་འཚོ། ཁྲེལ་གཞུང་མེད་པའི་ང་དང་འཕྲད་དེ་ཁྱེད་རང་གི་སེམས་ཁོང་དུ་སླར་ཡང་གསོས་མི་ཐུབ་པའི་རྨ་ཁ་ཞིག་བཞག་པ་དེར་དངོས་ནས་སེམས་ཁོང་རུས་པའི་གཏིང་ནས་དགོངས་དག་ཟེར་བཞིན། རང་གིས་ནུ་མོའི་མ་འོངས་པའི་ཆེད་དུ། བན་སྡེ་འཚོ་དང་བན་སྡེ་འཚོའི་གྲོད་ཁོག་ནང་དུ་ཡོད་སྲིད་པའི་བྱིས་པ་དེ་གཉིས་ལ་བློ་ཡུལ་ལས་འདས་པའི་ཁྲེལ་གཞུང་མེད་པའི་ལས་ཤིག་བྱས་པ་རེད།
ནུ་མོ་མཚོ་མོ་སྐྱིད་ཀྱིས། ཕུ་བོ་ལགས། འདི་ས་ཆ་གང་རེད། འདི་ནས་འུ་གཉིས་ལྷ་ས་ལ་ཉིན་མ་ག་ཚོད་ཅིག་འགྲོ་དགོས་པ་རེད་ཟེར་ནས་ལན་ཀྲུག་རླངས་འཁོར་འབབ་ཚིགས་སུ་འབྱོར་ནས་མེ་འཁོར་འབབ་ཚིགས་སུ་རྐང་ཐང་དུ་བསྐྱོད་ཀྱིན་པའི་སྐབས་ཤིག་ལ་ཁོ་མོས་དེ་ལྟར་དྲིས་པ་དང་། ཕར་ཚུར་གྱི་ཁང་བརྩེགས་མཐོན་པོ་དེ་དག་ལ་ལྟ་ཞོར་དུ། ནུ་མོ་མཚོ་མོ་སྐྱིད་མཚར་སྣང་དང་བཅས་ཕུ་བོའི་རྗེས་སུ་གང་མགྱོགས་ཤིག་ཡོང་གི་ཡོད་པ་དང་། རང་གིས་འཁྱོགས་ཚོད་ཀྱི་རྒྱབ་ཁུག་ཆེ་ཆུང་གཉིས་ཀྱང་ཁུར་ཡོད་པ་རེད། སྐབས་རེར་བློ་བཟང་གིས་ནུ་མོ་མཚོ་མོ་སྐྱིད་ལ་ཤུ་རེ་བྱོས་དང་། འུ་གཉིས་མེ་འཁོར་འབབ་ཚིགས་སུ་ཐོན་གྲབས་འདུག་ཞེབ་བཤད་པ་དང་མཉམ་དུ་དངོས་ནས་བཟང་གི བཟང་གི ད་མེ་འཁོར་འབབ་ཚིགས་སུ་སླེབས་ན། ཕུ་བོས་ཁྱེད་རང་ལ་རྔན་པ་ཉོ་ཆོག
བློ་བཟང་གིས། ནུ་མོ་ལ་རླངས་འཁོར་དང་མེ་འཁོར་བར་གྱི་ཁྱད་པར་གླེང་བ་དང་། ཁོ་མོ་ཡང་དགའ་ནས་ཕུ་བོའི་སྐད་ཆ་ལ་ཞིབ་དུ་ཉན་བཞིན་འཁྱག་པ་ཀ་ར་ཞིག་ཟ་བཞིན། ཕྱོགས་ཡར་མར་ནས་འཛོམ་ནས་འོང་བའི་རྒྱ་རྒྱ་མོ་མང་བོའི་ཁྲོད་དུ་ཡར་ལྟ་མར་ལྟ་རེ་བྱེད་ཀྱིན། རང་གི་ཕུ་བོ་བློ་བཟང་ལ་སྐད་ཆ་མི་ཉུང་ཞིག་འདྲི་བཞིན། ཁོ་གཉིས་མེ་འཁོར་འབབ་ཚིགས་ནས་ཆུ་ཚོད་ཁ་ཤས་ཤིག་ལ་སྒུག་དགོས་ཆགས་པ་རེད།
མུ་འགོད།
གཅན་བཟོད་རྒྱམ་དང་གྱེར་ནག་ཚང་། ཁྱེད་རྣམ་པ་གཉིས་ཕེབས་པ་དགའ་ཡོད། མུ་མཐུད་དུ་ཕེབས་པར་བལྟས་ནས་འདུག བསམ་ཚུལ་གང་ཡོད་ལྷུག་པོར་གསུང་རོགས་ཞུ།
དྲ་གྲོགས་ལ་བཀྲ་ཤིས་བདེ་ལེགས་དང་། བོད་ཀྱི་བདེན་མཐའ་གང་མྱུར་གསལ་བའི་སྨོན་ལམ་འདེབས།
མི་སྣའི་མིང་འདོགས་སྟངས་མང་ཆེ་བ་ཨ་མདོའི་མིང་འདོགས་སྟངས་རེད་འདུག་གཱ གང་ཡིན་ཟེར་ན་ཨ་མདོའི་མིང་འདོགས་སྐབས། ཀླུ་མོ་མཚོ་དང་ཆོས་མཚོ་སྐྱིད་ལྟ་བུ། སངས་རྒྱས་སྐྱབས་དང་གཅོད་པ་རྒྱལ་ལྟ་བུའི་གསུམ་རྐང་མང་ཆེ་གི ཞིན་ཏུ་ཀློག་ཁོམ་མི་འདུག
ཅོ་རི་ཉི་མ་ལགས། ག་ལེར་བློ་བཟང་གིས་བྱེད་སྟངས་ལ་དཔྱད་པ་རེ་བྱོས་ཤིག དེ་ནས་ག་ལེར་རང་གི་ཀློག་པའི་མྱོང་ཚོར་ཞིག་འབྲི་རོགས་ཞུ། དངོས་ནས་མི་ཡུལ་ན་བློ་བཟང་ལྟ་བུའི་མི་ནི་ཆེས་མི་ཉུང་བ་ཞིག་ཡོད་པ་ནི་བཤད་མི་དགོས་པ་ཡིན་དུས། མི་འདིའི་རིགས་ཀྱི་སྟེང་ནས་གཞན་ལ་ནོར་འཁྲལ་མི་ཡོང་བར་རེ་བ་ཞིག་ཀྱང་ཕན་ཐོག་ཡོང་བར་རེ་བ་ཡོད་ལགས།
ངོ་ཚ་མེད་པའི་བློ་བཟང་འདིས་བྱས་སྟངས་ལ་གཟིགས་དང།