བློ་བཟང་དང་ཁོ་རང་གི་ནུ་མོ་མཚོ་མོ་སྐྱིད། སྤུན་མཆེད་བཀྲ་ཤིས་དོན་འགྲུབ། གྲྭ་བ་ཤེས་རབ་རྒྱ་མཚོ། རྡོར་སྐྱབས་བཅས་ཁོང་ཚོ་མི་ལྔའི་གྲུབ་པའི་ཚོགས་པ་ཆུང་ཆུང་དེ་ཉི་མ་ལྷ་ས་དང་ཁ་གྱེས་ནས་རྒྱང་རིང་གི་ཡུལ་གྲུ་རྒྱ་གར་དམིགས་ཡུལ་དུ་བཟང་ནས་ལམ་དུ་ཆས།
ཁོང་ཚོ་གཤིས་ཀ་རྩེ་རུ་འབྱོར་ནས་བློ་བཟང་གི་གྲོགས་པོ་ཞིག་དང་འཕྲད་པ་དེ་ཡིས་ཀྱང་བློ་བཟང་ཕྱིར་རྒྱ་གར་དུ་འགྲོ་བཞིན་ཡོད་པ་མ་ཤེས་པར། བློ་བཟང་ལ་ཁྱེད་རང་ཕ་ཡུལ་ནས་མ་བསྡད་པར་འདི་རུ་ཡོང་བ་ཏག་ཏག་རེད། ད་འདི་ནས་ཚོང་ཞིག་བརྒྱབ་པ་ཡིན་ན། ཁྱེད་རང་དངོས་ནས་ཉམ་མྱོང་ཡོད་སྟབས་གྱོང་མི་རེག་ཁོ་ཐག་ཡིན་པ་རེད། འདི་ཁུལ་ན་ང་རང་ལ་ཡང་ངོ་ཤེས་མི་ཉུང་བ་ཞིག་ཡོད། ལྷག་པར་དུ་ཡུལ་ཕྱོགས་གཅིག་པ་རྐྱང་རྐྱང་རེད་སོགས་སྐད་ཆ་མི་ཉུང་བ་ཞིག་གླེང་དུས་སུ། བློ་བཟང་གིས་སྐབས་དེར་སྲང་བར་ནས་སྐད་ཆ་མང་བོ་ཞིག་མ་བཤད་པ་དང་ཁོང་ཚོ་གང་དུ་བསྡད་ཡོད་པའི་མགྲོན་ཁང་དེ་ཡི་མིང་བཤད་ནས་དགོང་མོ་དེར་ཐུག་འཕྲད་བྱེད་རྒྱུ་བྱས་པ་རེད།
དགོང་མོ་དེར་བློ་བཟང་གི་གྲོགས་པོ་རྙིང་བ་དེས་ཁོ་རང་ལ་མགྲོན་འབོད་བྱས་དེ་མཚན་ཚོགས་ཞབས་བྲོ་ཁང་ཞིག་ལ་སྐད་བཏང་ནས་སྣེ་ལེན་བྱས་པ་དང་སྤི་རེག་འཐུང་ནས་ཞབས་ཞུ་མ་བོད་རིགས་མ་དེ་དག་རྣམ་འགྱུར་དང་ཞབས་བྲོའི་སྟངས་སྟབས་ཁྲོད་དུ་བཟི་ཟིན་པའི་བོད་རྒྱ་འདྲེས་མའི་ན་གཞོན་དེ་དག་ལ་ལྟ་བཞིན་འཇིག་རྟེན་གཞན་ཞིག་གི་སྣང་བརྙན་རུམ་ནས་ཁ་བརྡ་བྱེད་སྐབས་སུ། བློ་བཟང་གི་སེམས་ཁོང་དུ་ན་ཟུག་ཞིག་སླེབས་པ་དེ་ནི། བོད་རིགས་གཞོན་སྐྱེས་དག་གི་རང་རང་གི་མི་ཚེ་འདུན་མ་འདི་ལྟར་ཆང་དང་རྣམ་གཡེང་གི་ཁྲོད་དུ་བསྐྱེལ་བཞིན་པ་དེ་ཡིན་ཡང་། སྐད་ཤུགས་ཆེན་པོས་སྒོ་ནས་དེ་ཡི་སྐོར་ལ་ཁ་བརྡ་བྱེད་ས་ཞིག་གང་དུ་ཡོད། མེད་ཀྱང་། མཚན་མོ་དེར་བློ་བཟང་གི་གྲོགས་པོ་རྙིང་བ་དེས་ཁོ་རང་གྲོགས་པོ་མི་ཉུང་བ་ཞིག་མཚན་ཚོགས་ཞབས་བྲོ་ཁང་དེ་ཡི་ནང་གི་ཞབས་བྲོ་བ་དང་གཞས་པ་ཡིན་པ་དེ་དག་ལ། བློ་བཟང་ཡར་ནས་ཡོང་བ་རེད་ཅེས་བཤད་མ་ཐག ཁོང་ཚོས་ཚང་མས་དགའ་སྣང་ཆེན་པོས་སྒོ་ནས་བློ་བཟང་ལ་ཁ་བཏགས་སྒྲོན་པ་དང་སྤི་རེག་བཏེགས་དུས་སུ། བློ་བཟང་གིས། ཁོང་ཚོ་ལ་ད་དེ་འདྲ་མ་བྱེད་རོགས། གྲོགས་པོ་གཞན་དག་ལ་མ་བཤད། འདི་ནས་དེ་འདྲའི་རྣམ་པ་ཆེ་རུ་ཕྱིན་པ་ཡིན་ན་ཡག་པོ་ཡོད་པ་མ་རེད་ཅེས་འབོད་སྐུལ་ཞུས་པ་ལྟར། གྲོགས་པོ་རྙིང་བ་དེ་ཡི་གྲོགས་པོ་དེ་དག་གིས་ཀྱང་ཁས་ལེན་བྱས།
བློ་བཟང་རང་གི་གྲོགས་པོ་རྙིང་བ་དེ་དང་འགྲོག་ནས་མཚན་དཀྱིལ་གཡོལ་ནས་ཕྱིར་གྲོགས་པོ་རྙིང་བ་དེ་ཡི་བསྡོད་ས་རུ་བསྐྱོད་བཞིན་པའི་ལམ་ཁར། བློ་བཟང་གིས་རང་ཉིད་གཤིས་ཀ་རྩེ་རུ་སླེབས་དོན་སོགས་གྲོགས་པོ་རྙིང་བ་དེར་ཞིབ་དུ་བཤད་དུས་སུ། གྲོགས་པོ་རྙིང་བ་དེ་ཡིས་དེ་ནི་དངོས་ནས་དེང་སང་ཉེན་ཁ་ཆེན་པོ་ཆགས་ཡོད་རབས་དང་། ཉེ་བའི་སྔོན་དེར་ཁོ་རང་གི་ངོ་ཤེས་ཁ་ཤས་ཤིག་ཀྱང་འཛིན་བཟུང་བྱས་ཡོད་རབས་དང་། དེ་ལས་ཅུང་ཙམ་སྒུག་ནས་ས་མཚམས་བར་དུ་བསྐྱོད་ཆོག་པའི་ཐོངས་ཆེན་ཞིག་བཟོ་ཐབས་བྱས་དེ་སོང་ན་དགའ་རབས་བཤད་དུས་སུ། བློ་བཟང་གིས་ད་ནི་དེ་ལྟར་བྱས་དེ་འདུག་ཁོམ་མེད་པ་དང་། རང་ཉིད་ཀྱི་ལྷན་དུ་ནུ་མོ་མཚོ་མོ་སྐྱིད་དང་སྤུན་མཆེད་བཀྲ་ཤིས་དོན་འགྲུབ། ད་དུང་། གྲོགས་པོ་གཞན་གཉིས་བཅས་ཡོད་རབས་གླེང་དེ་སེམས་ཐག་བཅད་ཟིན་སྐོར་ཁོ་རང་ལ་བཤད་དེ་སང་ཉིན་གཞིས་ཀ་རྩེ་ནས་ལྷ་རྩེ་རྫོང་བར་དུ་འགྲོ་བའི་རླངས་འཁོར་ཆུ་ཚོད་ག་ཚོད་ལ་ཡིན་མིན་སོགས་གླེང་དེ་ཉལ་བ་རེད།
ཕྱིར་ཉིན་བློ་བཟང་སྔ་བོ་ནས་རང་གི་ནུ་མོ་དང་སྤུན་མཆེད། གྲོགས་པོ་གཞན་གཉིས་བཅས་ཡོད་སའི་མགྲོན་ཁང་ནང་དུ་སོང་ནས། ཁོང་ཚོ་ལ་དེ་རིང་ང་ཚོ་འགྲོ་ཐུབ་ས་མ་རེད། ཕལ་ཆེར་འཕྱི་བོ་ཆགས་ཡོད་ས་རེད། སང་ཉིན་གྱི་རླངས་འཁོར་འཛིན་བྱང་ག་དུས་བཙོང་གི་ཡོད་མེད་སྐོར་ང་སོང་ནས་གསལ་བོ་ཞིག་དྲིས་དེ་འོང་། དེ་ནས་ང་ཚོ་སང་ཉིན་ལྷ་རྩེ་རུ་ལམ་དུ་ཆས་ཆོག གལ་སྲིད་ང་ཚོ་འདི་ནས་མི་འདྲ་མིན་གྱི་སྐད་ཆ་འདྲ་དྲིས་པ་ཡིན་ན། མཇལ་བ་ཡིན་ཟེར་ནས་བཤད་དགོས་པ་དང་དེ་འདྲ་མ་བྱས་པ་ཡིན་ན། ངའི་གྲོགས་པོ་དེ་ཡི་བཤད་པ་ཡིན་ན་འདི་ཁུལ་དུ་དངོས་ནས་ཉེན་ཁ་ཆེན་པོ་ཡོད་རབས་ཤིག་ཟེར་ཞེས་ཚང་མ་ལ་བཤད།
ཉིན་དེ་ཡི་མཚན་མོ་བློ་བཟང་དང་ཁོ་རང་གི་སྤུན་མཆེད་བཀྲ་ཤིས་དོན་འགྲུབ། རྡོར་སྐྱབས་ཀྱིས་ཟ་རྒྱུ་ཞིག་ཉོ་རུ་སོང་ནས་ཕྱིར་མགྲོན་ཁང་དུ་ཡོང་བའི་ལམ་ཁར་བློ་བཟང་གིས་ཁོ་རང་གི་སྡེ་བ་གཅིག་པ་ཡིན་པའི་ཕོ་གསར་ཞིག་མཐོང་ནས། སྤུན་མཆེད་བཀྲ་ཤིས་དོན་འགྲུབ་ལ། ཁོ་རང་ང་ཚོས་ལྷན་དུ་ཁྲིད་དེ་འགྲོ་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག ཁོ་རང་ལ་ནང་མི་གཅིག་ཀྱང་མེད་པར་ད་ཕྲུག་དུ་ལུས་ཡོད་པ་ཡིན་དུས། འདི་ན་སེམས་ཐོག་ས་འདྲ་ཅུང་མེད་པ་རེད་ཅེས་བཤད་དུས་སུ། སྤུན་མཆེད་བཀྲ་ཤིས་དོན་འགྲུབ་ཀྱིས་ཁོ་རང་ལ་གཏན་ནས་འབྲེལ་བ་མ་བྱས་པ་ཡིན་ན་ཡག་རབས་དང་། མི་དེ་ཡི་རོགས་པ་མང་ཤོས་ཤིག་འདི་ཁུལ་དུ་འཁྱམ་རྐུན་སོགས་ཀྱི་ལས་ཁོ་ན་བྱོས་དེ་འཚོ་བཞིན་འདུག་ཟེར་ནས་ང་རང་ལྷ་ས་རུ་ཡོད་དུས་ངོ་ཤེས་ཤིག་གིས་གསལ་བོ་བཤད་སོང་། དེ་ཡིན་དུས། འདི་ཁུལ་ན་དེང་སང་མགོ་བོ་གནམ་ལ་ཟུག་ནས་བསྡད་ཡོད་པ་རེད། ཁྱེད་རང་གིས་ཕར་སེམས་བཟང་བྱས་ཀྱང་། ཚུར་ངོ་ཤེས་པ་ལས་ལྡོག་ནས་ང་ཚོ་ལ་བར་ཆད་འདྲ་བྱུང་ན་ག་རེ་བྱེད་ཅེས་བཤད་པ་དེས་བློ་བཟང་གིས་ཀྱང་རང་གི་ནུ་མོ་ཕ་མ་གཉིས་ལ་ཁས་ལེན་བྱས་དེ་འཁྲིད་ཡོད་པ་དེར་བསམ་བློ་བཏང་ནས་ཁ་རོག་གེར་ཁོང་ཚོ་མགྲོན་ཁང་དུ་ཕྱིན་པ་རེད།
མུ་འགོད།
མཆན་མ་བྲིས་པ་མ་གཏོགས་་་་་་ ཀློག་གི་ལ་ཡོད་ཨ་རོ
དེང་སང་དྲ་ཐོག་ན་མི་མང་པོ་མེད་པ་འདྲ་ཨེ་ན། ཁྱོད་ཚང་ལ་འགྲོན་པོ་ཡང་ཇེ་ཉུང་དུ་སོང་འདུག་གཱ དྲག་ནི་རེད། རང་གིས་ཤུ་རེ་བྱོས་ཨེ་གོ མུ་མཐུད་དུ་ཕྲིས་དང་ཅིག་ལ་རིག་འགྲོ་གི་རེད་ཡ། ང་ལའང་ཞིབ་ཏུ་ཀློག་ཁོམ་མི་འདུག་སྟེ། ཁྱོད་ཚང་ལ་སྐོར་རེ་རྒྱག་གི་འདུག་ནི་རེད།