བློ་བཟང་གིས་དེ་སྔ་ལས་ཀ་བྱེད་སའི་ཟ་ཁང་ནང་དུ་ལས་ཀ་བྱེད་བཞིན་ཡོད་ལ། ཞོར་དུ་རང་གིས་གང་ཐུབ་ཅི་ཐུབ་ཀྱིས་དེབ་འདྲ་ཡང་ཀློག་ཁུལ་བྱེད་ཀྱི་ཡོད་པ་རེད་ལ། ཉིན་མ་མི་ཉུང་བ་ཞིག་ལ་མཚམས་སྐྱིད་དངོས་ནས་དྲང་གནས་ཀྱི་ཁོ་རང་ཡོད་སའི་ཟ་ཁང་དང་གྲོགས་པོ་དེ་ཡི་ནང་དུ་མ་ཡོང་བ་དེ་ནི་ཁོ་རང་ལ་མཚོན་ན་དངོས་ནས་ལྷོད་ལྷོད་ཅིག་ཆགས་ཡོད་པ་རེད།
བློ་བཟང་གིས་ལ་དྭགས་སུ་ཡོད་པའི་ཉི་མ་ལྷ་སྒྲོན་ལ་ཁ་པར་ཞིག་བཏང་བ་དང་། དེ་ཡི་རྗེས་སུ་དགའ་རོགས་བྱེད་རྒྱུའི་ཁ་ཆད་བཟོས་ཡོད་པའི་བུ་མོ་བདེ་འཚོ་ལ་ཁ་པར་བཏང་བ་རེད།
བདེ་འཚོས། ཁྱེད་རང་ལམ་བར་དུ་དཀའ་ངལ་འདྲ་འཕྲད་མ་སོང་ངམ། ལྷག་པར་དུ་བུ་མོ་མཚམས་སྐྱིད་ཟེར་བ་དེས་ཁྱེད་རང་སྒུག་ནས་བསྡད་འདུག་གམ། ཡོད་ན་ཁོ་མོས་ཁྱེད་རང་ལ་རྙོག་དྲ་བཟོ་བཞིན་འདུག་གམ།
བློ་བཟང་གིས། ཁྱེད་རང་གིས་དེ་ཡི་སྐོར་ལ་སེམས་ཁྲལ་མ་བྱེད། གཅིག་བྱས་ན། ཁོ་མོ་ད་ནི་དངོས་ནས་ང་རང་འཚོལ་དུ་མི་ཡོང་བ་འདྲ། ཡིན་ཡང་། ང་རང་ལ་གཏན་ནས་ཡིད་ཆེས་ཤིག་མེད། གཅིག་བྱས་ན་ཁོ་མོ་སླར་ཡང་ང་ལ་དཀའ་ངལ་འདྲ་བཟོ་རུ་ཡོང་སྲིད་པ་རེད། དེ་འདྲ་མ་བྱུང་བ་ཡིན་ན། ངས་ཁྱེད་རང་ལ་ངས་སླར་ཡང་ཁ་པར་གཏོང་ངེས་ཡིན། ཁྱེད་རང་གིས་ཨ་ཅག་གིས་ད་ལྟ་ང་རང་སྐོར་སླར་ཡང་གླེང་གི་འདུག་གམ།
བདེ་འཚོས། ཁྱེད་རང་ལ་དྭགས་སུ་ཡོད་དུས་སུ། ངེད་ཚང་དུ་ནུབ་མོ་དེར་བསྡད་པའི་སྐབས་སུ་ཁྱེད་རང་ཐད་ཀར་དྲི་བ་དྲིས་པ་དེ་ལས་གཞན་ང་རང་ལ་དམིགས་བསལ་གྱིས་གང་ཡང་ཟེར་གྱི་མི་འདུག་ན་ཡང་། ངའི་ནུ་མོ་པདྨ་སྒྲོལ་དཀར་གྱིས་ནམ་རྒྱུན་འུ་གཉིས་ཀྱི་སྐོར་གླེང་གི་འདུག ཁོ་མོས་ཁྱེད་རང་དངོས་ནས་ཕོ་གསར་ཡག་པོ་ཞིག་རེད་ཟེར་གྱི་འདུག ང་རང་གིས་རེ་བ་ལ་ཁྱེད་རང་ལ་དཀའ་ངལ་སླར་ཡང་མི་འཕྲད་པ་ཤོག ང་རང་ཡང་མི་འགོར་བར་དགུན་ཚོང་བྱེད་དུ་ལམ་ལ་ཆས་ངེས་ཡིན། ཁྱེད་རང་གིས་ང་ལ་གྲོགས་པོ་ཞིག་གི་ཁ་པར་ཨང་གྲངས་ཡོད་ན་དེ་སྤྲོད་དང་། ངས་ཁྱེད་རང་ལ་ཁ་པར་གཏོང་ཆོག
མཚམས་སྐྱིད་ཀྱི་བསམ་བློ་ནི་དངོས་ནས་དབྱར་ཁའི་གནམ་སྔོ་ལྟ་བུ་ཞིག་ཡིན་སྟབས། ཉིན་གྲངས་བཅོ་ལྔ་ཞིག་གི་རྗེས་སུ་བློ་བཟང་ནང་ནས་ཟ་ཁང་དུ་ཡོང་བཞིན་པའི་ལམ་བར་དུ་ཁོ་མོ་རྒྱུགས་མ་འདུར་གྱི་ངང་ཁོ་རང་འཚོལ་དུ་ཡོང་བ་དང་འཕྲད་པ་རེད།
མཚམས་སྐྱིད་ཀྱིས། དེ་རིང་ཡིན་ན། ཁྱེད་རང་ངས་མཉམ་དུ་འགྲོ་དགོས་ཀྱི་ཡོད། ངས་རང་གི་ཕྱོགས་ནས་མི་ཞིག་ཁྲིད་དེ་ཡོང་ཡོད། ཁྱེད་རང་གིས་ཀྱང་རང་གི་གྲོགས་པོ་ཡག་ཤོས་དེ་ཁྲིད་དེ་ཤོག ང་ཚོས་བར་ལ་མི་བཞག་ནས་གནས་ཚུལ་གཙང་མ་བཟོ་འདོད་འདུག དེ་མིན་རྗེས་ཕྱོགས་གང་ཡང་བཤད་རྒྱུ་མེད་ན་བཟང་གི་རེད།
བློ་བཟང་གིས། འགྲིག་གི་རེད། ང་ཚོ་གང་ནས་འཛོམ། དེ་ཡག་པོ་འདུག བར་དུ་མི་ཡོད་ན་གནས་ཚུལ་གསལ་བོ་ཆགས་ངེས་རེད།
སྣེ་ལེན་ཁང་གི་སྒང་དུ་འཛོམ་ན།
རེད། ཁྱེད་རང་དེ་རུ་སོང་དང་ང་སོང་ནས་རོགས་པ་ཁྲིད་དེ་འོང་།
མིན། ང་རང་ཡང་མཉམ་དུ་ཡོང་གི་ཡིན།
ཡ་་་འགྲིག་གི་རེད།
ཁོང་ཚོ་གསུམ་པོ་སྣེ་ལེན་ཁང་གི་ཁང་ཐོག་ལ་སླེབས་དུས། དེ་རུ་ཕོ་གསར་ཞིག་སྔ་ས་ནས་སླེབས་ཡོད་པ་དང་། དེ་ནི་ཁོ་མོའི་ཕ་ཡུལ་གཅིག་པ་དང་ཁོ་མོའི་ཕུ་བོའི་གྲོགས་པོ་ཞིག་ཀྱང་ཡིན་པ་ཁོ་མོས་ངོ་སྤྲོད་བྱས་པ་དང་། ཕོ་གསར་དེས་ཀྱང་བློ་བཟང་ལ་དེ་ལྟར་བཤད་པ་རེད།
ཕོ་གསར་དེས་བཤད་དོན། དངོས་ནས་བཤད་པ་ཡིན་ན། ངེད་གཉིས་ཀྱིས་ཁྱེད་གཉིས་ཀྱི་གནད་དོན་དངོས་དེ་ཤེས་ཀྱི་ཡོད་པ་མ་རེད། ཡིན་ཡང་། དེ་རིང་འདི་ནས་ཁོ་མོའི་རེ་འདོད་ལྟར། ང་ཚོ་འདི་རུ་འདུས་ནས་བར་དུ་མི་ཞིག་ཡོད་པའི་སྒོ་ནས་སྐད་ཆ་ཞིག་བཤད་པ་ཡིན་ན། ངས་ཀྱང་ཁོ་མོའི་ཕུ་བོ་ལ་སྐད་ཆ་བཤད་བདེ་བོ་ཡོད་པ་རེད། ཁྱེད་རང་གིས་ཕྱོགས་ནས་དངོས་ནས་ཁོ་མོ་དང་འགྲོག་འདོད་ཡོད་མེད་དང་མི་འདོད་པའི་རྒྱུ་མཚན་སོགས་ཞིབ་དུ་བཤད་རོགས། དེ་ནས་ང་ཚོས་ཐག་གཅོད་བྱེད་ཆོག་གི་རེད།
བློ་བཟང་གིས་ཁོ་གཉིས་ཀྱི་བར་དུ་བྱུང་བའི་སྔ་གཞུག་གི་ཐག་གཅོད་ཚང་མ་བཤད་པ་དང་། དེ་རིང་ཁྱེད་རང་ཡོད་ས་འདི་རེད། ངས་ཁོ་མོ་ལ་ཡང་སྔ་ས་ནས་བཤད་ཟིན་པ་ཡིན། ངེད་གཉིས་ལ་མི་ཚེ་གཅིག་གི་རེ་བ་གཏན་ནས་མི་འདུག དེ་ཡིན་དུས་ཁྱེད་རང་རང་གི་ཕུ་བོ་དང་འགྲོག་ནས་སོང་བ་ཡིན་ན་ཡག་པོ་ཡོད་པ་རེད་ཅེས་བཤད་ཀྱང་ཁོ་མོས་གཏན་ནས་མ་ཉན་པར་རང་གི་ཕུ་བོ་སྐྱག་རྫུན་བཤད་པ་དང་ཕུ་བོ་ཡང་ངའི་སྟེང་ལ་ཚུགས་པ་ཟ་ནས་ང་ལ་ཁ་པར་ནང་ནས་ཁྱེད་རང་གི་སྐད་ཆ་བརྫིག་པོ་མ་བཤད་ཅེས་བཤད་སོང་།
སྐབས་དེར། ཕོ་གསར་དེས་ད་དེ་འདྲ་ཡིན་ན། རྗེས་ཕྱོགས་ནས་ཕན་ཚུན་ལ་འབྲེལ་བ་མེད་ནི་བྱོས། ངས་དེ་རིང་ཕན་ཚུན་བར་གྱི་སྐད་ཆ་གསལ་བོ་གོ་སོང་། ངས་འདི་ལྟར་དུ་ཁོ་མོའི་ཕུ་བོས་ཁ་པར་འབྱོར་ན་བཤད་ཆོག ད་འགྲོ་ཟེར་ནས་མཚམས་སྐྱིད་ལ་བཤད་དུས། མཚམས་སྐྱིད་ཀྱིས་ཁྱེད་གཉིས་སོང་། ང་བློ་བཟང་ལ་སྐད་ཆ་ཁ་ཤས་ཤིག་བཤད་རྒྱུ་འདུག
ཕོ་གསར་དེས། ད་ཅི་ཞིག་བཤད། བློ་བཟང་གིས་ཐག་བཅད་ཚར་སོང་། ད་ཁྱེད་རང་གིས་ཨུ་ཚུགས་བྱོས་དེ་གང་བྱེད་ཅེས་བཤད་པའི་སྐབས་དེར། བློ་བཟང་གིས་རེད་རེད། ཁོ་མོས་རེ་བ་རེད། ག་རེ་བཤད་རྒྱུ་ཡོད་ན་འགྲིག་གི་རེད། ཁྱེད་གཉིས་སོང་ནས་འོག་དུ་སྒུག་རོགས།
མཚམས་སྐྱིད་ཀྱིས། ཁྱེད་རང་གིས་ང་རང་དགོང་མོ་དེར་ལྡི་ལུ་ནས་ངའི་ཕུ་བོ་བཞག་ནས་ཇི་ལྟར་རྡ་སར་བྲོས་ཡོང་བའི་སྐོར་ཉན་འདོད་འདུག་གམ།
ང་ལ་ཉན་འདོད་མེད་ཀི
དངོས་ནས་མེད་དམ།
ཁོང་ཁྲོ་མ་བླངས། དངོས་ནས་མེད། འུ་གཉིས་རང་རང་སོ་སོ་ཡིན།
དེས་ན་ང་རང་རྡ་ས་ནས་འདུག་རེག་བར་དུ་ཁྱེད་རང་གི་ནང་དུ་ཡོང་ཆོག་གམ།
མི་ཆོག
འུ་གཉིས་ངོ་ཤེས་བྱས་ན་འགྲིག་གི་རེད་དམ།
དེ་ངས་ཁྱེད་རང་སྔོན་ཆད་རྡེ་ར་སྒྲོང་དུ་འགྲོ་ཁར་བཤད་པ་ལྟར་ཡིན།
བློ་བཟང་ག་ལེར་ཡར་བླངས་དེ་ད་འགྲོ། དེ་མ་གཏོགས་ཁྱེད་རང་གི་ཕུ་བོའི་ངོ་ཤེས་དེ་ག་རེ་བསམ་ཡོང་མི་ཤེས། རྗེས་ཕྱོགས་འུ་གཉིས་སྲང་བར་ནས་ངོ་འདྲ་ཐུག་ན་ཕན་ཚུན་ལ་ཁ་གྲགས་རེས་ཙམ་ལས་གཞན་གང་ཡང་མེད། དེ་སེམས་ལ་བཟུང་། ང་རང་གི་ཕྱོགས་སུ་ད་ནས་བཟུང་གཏན་ནས་རེ་བ་རྒྱག་གི་མ་འདུག ང་རང་དངོས་ནས་དྲང་གནས་ཀྱི་ཁྱེད་རང་གི་ཕྱོགས་ནས་སེམས་ཤི་ཚར་ཡོད།
མུ་འགོད།