སྒྲོལ་མ་ལྷ་སྐྱིད་ནི་དངོས་ནས་བུད་མེད་དྲང་མོ་ཞིག་དང་རང་ཉིད་ལ་དགའ་ས་དེ་ཡི་འདོད་བློ་དང་ཧ་ཅང་བསྟུན་མཁས་པོ་ཞིག་ཡིན་སྟབས། བློ་བཟང་དང་ཁོ་གཉིས་ཉིན་མ་ཉི་ཤུ་ལྷག་གི་རིང་དུ་ལྷན་དུ་སྐྱིད་པོ་བྱས་པ་དང་། ཉིན་མ་ཉི་ཤུའི་རྗེས་སུ་ཁོ་མོ་ནི་གནས་མཇལ་དུ་འགྲོ་རྒྱུའི་སྐད་ཆ་བཤད་དུས། བློ་བཟང་གིས་དེ་ནི་དངོས་ནས་ཡག་པོ་རེད། ངས་ཁྱེད་རང་ལ་དངོས་ནས་བཀའ་དྲིན་ཆེ་ཟེར་ན་འདོད། བུ་ཞིག་ལ་མཚོན་ན་རང་ཉིད་དང་ལྷན་དུ་ཡུན་རིང་འགྲོག་འདྲིས་བྱེད་པར་ཁས་ལེན་བྱེད་མཁན་མང་ན་ཡང་། ཡུན་ཐུང་གི་རིང་དུ་ཕན་ཚུན་གྱི་འདོད་བརྩེ་ལ་ཁས་ལེན་བྱེད་མཁན་དངོས་ནས་དཀོན་པོ་ཡིན་ལ། ད་དུང་། ཡོད་སྲིད་ཀྱང་ལུས་པོ་འདྲིས་པའི་ཐད་དུ་བཀག་རྒྱ་མང་བོ་ཞིག་ཡོད་པ་རེད། ཁྱེད་རང་གིས་ང་ལ་བཀག་རྒྱ་གང་ཡང་མ་བྱས་པར་འུ་གཉིས་འདི་ལྟར་འགྲོག་པ་དེ་ལ་དངོས་ནས་དགའ་བོ་བྱུང་།
སྒྲོལ་མ་ལྷ་སྐྱིད་ཀྱིས་བློ་བཟང་གི་སྐད་ཆ་ལ་མུ་མཐུད་དུ་ཉན་ནས་བསྡོད་པ་ལས། སྐད་ཆ་བཤད་མང་བོ་ཞིག་གཏན་མི་བཤད་པར། མཇུག་མཐར་བློ་བཟང་གིས་ཁྱེད་རང་གནས་མཇལ་འགྲུབ་རྗེས་སུ་ཕ་ཡུལ་དུ་བདེ་བར་འབྱོར་ནས་རང་གི་དྲིན་ཆེན་མ་ལ་བདག་སྐྱོང་ཡག་པོ་ཞིག་བྱེད་ཐུབ་པས་ཡིད་ཆེས་ཡོད་ལ། ཁྱེད་རང་ཆུང་དུས་ནས་བཟུང་དེ་སློབ་གྲྭ་འགྲིམ་མ་མྱོང་སྟབས། འདི་ནས་སློབ་སྤྱོང་གི་གོ་སྐབས་ཐོབ་ཀྱང་དེ་ཡི་མཇུག་སྐྱོང་མ་ཐུབ་པ་དེ་ནི་ཁྱེད་རང་ལ་ཆུང་དུས་ནས་གོམ་གཤིས་མེད་པ་དེ་ཡིན་པ་ལས། ཁྱེད་རང་ལས་ངན་སོང་བ་དེ་འདྲ་རྩ་ནས་མིན། དངོས་ནས་བོད་དུ་ཕྱིར་ལོག་པ་ཡིན་ན་བརྩེ་སེམས་ལྡན་པའི་ཉེ་རིང་དང་སྤུན་ཟླ་ཡོད་ལ། མཛེས་སྡུག་ལྡན་པའི་རྩྭ་ཐང་དང་གཙང་བོ་སོགས་ཡོད་པ་རེད། འདི་ཁུལ་ན་དངོས་ནས་ཆགས་ནས་འདུག་ས་ཞིག་ཡོད་པ་༧རྒྱལ་བ་རིན་པོ་ཆེ་ལས་གང་ཡང་མེད་པ་རེད།
བློ་བཟང་གིས་སྔར་རྒྱུན་བཞིན་ཟ་ཁང་དེ་རུ་ལས་བྱེད་ཀྱི་ཡོད་ལ། རང་གི་ནུ་མོ་མཚོ་མོ་སྐྱིད་ཀྱང་ལོ་སར་ལ་སློབ་གྲྭ་རུ་བསྡོད་དགོས་པར་བཤད་དེ་ཚུར་མ་བླངས་པ་དང་། སྤུན་མཆེད་བཀྲ་ཤིས་དོན་འགྲུབ་སློབ་གྲྭ་ནས་ཕྱིར་འཕུད་འདོད་ཡོད་རབས་མང་བོ་ཞིག་བཤད་ན་ཡང་། ཁོ་བོས་གཏན་ནས་ཁས་ལེན་མ་བྱས་པར་མཐར་ཚོད་ལྟ་ཞིག་བྱེད་རྒྱུའི་ཆེད་དུ་རང་གི་གྲོགས་པོ་ལ་བཤད་དེ་ལོ་སར་གྱི་ཟླ་གཅིག་གི་རིང་དུ་ཁོའི་ཟ་ཁང་དུ་ལས་ཀ་བྱེད་དུ་བླངས་པ་རེད།
ལོ་སར་བ་དང་སྤུན་མཆེད་བཀྲ་ཤིས་དོན་འགྲུབ་ཀྱིས་ཀྱང་ལས་ཀ་དཀའ་རབས་མང་བོ་ཞིག་བཤད་དེ་འོང་དུས། བློ་བཟང་གིས། ད་དེ་རེད། ངས་ཁྱེད་རང་གི་ཁ་ནས་དེ་ཐོས་ན་འདོད་དེ་ཁྱེད་རང་འདི་རུ་བླངས་པ་ཡིན། སྤྱིར་ན་ངས་ཉིན་མ་སུམ་བརྒྱ་དྲུག་བཅུའི་རིང་དུ་འདི་ལྟར་ཉིན་མ་འཕུད་ཀྱི་ཡོད་པ་རེད། ཁྱེད་རང་གིས་རྗེས་ཕྱོགས་དེ་འདྲའི་དཀའ་ལས་ཤིག་མྱོང་མ་དགོས་ན་བསམ་ནས་སློབ་གྲྭ་ནས་གོ་སྐབས་དམ་འཛིན་གྱིས་སློབ་སྤྱོང་ཞིག་བྱེད་རོགས་ཟེར་དོན་དེ་ཡིན།
སྤུན་མཆེད་བཀྲ་ཤིས་དོན་འགྲུབ་ཀྱིས། ལས་ཀ་དེ་འདྲའི་དཀའ་ལས་ཁེགས་པོ་མི་འདུག ཡིན་ཡང་། ལས་ཀ་ག་ཚོད་བྱས་ཀྱང་ཁོང་ཚོས་ད་དུང་ངོས་ཟིན་གྱི་མི་འདུག་ལ། ལས་ཀ་བྱེད་མཁན་སུ་བཟང་དང་སུ་ངན་ཡང་གཏན་ནས་ཤེས་ཀྱི་མི་འདུག་པ་དེ་དག་མཐོང་དུས་སེམས་པ་མ་སྐྱིད་པར་བཤད་པ་ཡིན།
བློ་བཟང་གིས། གང་ལྟར་ཁྱེད་རང་གིས་ཟླ་ངོ་གཅིག་གི་རིང་དུ་ཉམ་མྱོང་ཕྲན་པུ་ཞིག་བསགས་པ་དེ་ནི་ཁྱེད་རང་ལ་ཐོབ་པའི་ཧིན་སྒོར་གཅིག་སྟོང་དེ་ལས་ཀྱང་རྩ་ཆེན་པོ་ཡིན་པ་སེམས་ལ་བཟུང་དེ་སློབ་གྲྭར་སོང་ནས་ཤུ་རེ་བྱོས། ང་རང་གྲོད་ཁོག་མ་ལྟོགས་པ་ཡིན་ན་ཁྱེད་རང་ལ་ཡང་དཀའ་ངལ་འཕྲད་མི་ཡོང་། གཅིག་བྱས་ན་ང་རང་ས་ཆ་གཞན་ཞིག་དུ་ཟ་ཁང་འཛིན་དུ་འགྲོ་ན་ཐང་། དེ་རུ་སོང་ནས་ཚོང་འདྲ་ཡག དེ་འདྲ་བྱས་ན་ད་གཟོད་ཁྱེད་རང་སློབ་གྲྭ་ནས་སྒོ་འབུད་ཀྱང་འབུད་ས་ཞིག་ཡོད་པ་རེད།
ལོ་སར་ནས་ཉིན་མ་མང་བོ་ཞིག་སོང་མེད་པའི་སྐབས་དེ་འདྲ་ཞིག་ལ་བློ་བཟང་ལ་ལྷོ་ཕྱོགས་ནས་གྲོགས་པོའི་ཁ་པར་སྟེང་ལ་བུད་མེད་ཅིག་གི་ཁ་པར་སླེབས་འདུག་ཟེར་ནས་ཁོ་ལ་སྤྲད་དུས། ཁོས་བུད་མེད་དེ་ནི་སུ་ཡིན་ནམ་སྙམ་ཞོར།
ཨ་རོགས་སུ་ཡིན།
ང་ཡིན། སྒྲོལ་མ་ལྷ་སྐྱིད།
ཨོ་་ ཁྱེད་རང་བདེ་མོ་ཡིན་ནམ།
ཡིན་་་་
སྒྲོལ་མ་ལྷ་སྐྱིད་ཀྱིས་རང་ཉིད་གནས་སྐོར་ཆ་ཚང་བྱས་ཟིན་པ་དང་། དེ་ནས་ཕ་ཡུལ་གཅིག་པའི་གྲྭ་བ་ཉེ་ས་ཁ་ཤས་ཤིག་གི་མགྲོན་འབོད་བྱས་པ་ལྟར་ལྷོ་ཕྱོགས་གདན་ས་རུ་ལོ་སར་བཏང་བ་དང་། ད་ནི་ཁྱེད་རང་ལ་སྐད་ཆ་ཞིག་འདྲི་རྒྱུ་ཡོད། དེ་ནི་ངའི་སེམས་ནང་གི་རེ་བ་མཐའ་མ་ཡང་ཡིན། གལ་སྲིད་ཁྱེད་རང་གིས་ངའི་རེ་བ་དང་ལེན་མ་བྱས་པ་ཡིན་ན་ང་རང་མི་རིང་བར་བོད་དུ་འགྲོ་རྒྱུ་ཡིན། གལ་ཏེ་དང་ལེན་བྱས་པ་ཡིན་ན་ང་རང་ཕྱིར་རྡ་སར་ཡོང་ནས་ཁྱེད་རང་དང་ལྷན་དུ་ལས་ཀ་བྱེད་ཀྱི་ཡིན།
བློ་བཟང་གིས། ཁྱེད་རང་གིས་ང་ལ་བཅིངས་པའི་རེ་བ་གང་ཡིན། གསལ་བོ་ཤོད་དང་། ངས་སྒྲུབ་ཐུབ་པ་ཞིག་དང་སྒྲུབ་འོས་པ་ཞིག་ཡིན་ན་ཁས་ལེན་བྱེད་ཆོག དེ་འདྲ་མིན་ན་དངོས་ནས་ཁྱེད་རང་དགོངས་པ་མ་ཚོམ།
སྒྲོལ་མ་ལྷ་སྐྱིད་ཀྱིས། ང་རང་དངོས་ནས་ཁྱེད་རང་གི་ལྷན་དུ་མི་ཚེ་བསྐྱེལ་འདོད་འདུག ཁྱེད་རང་གིས་ཁས་ལེན་བྱས་པ་ཡིན་ན་ང་རང་དངོས་ནས་ཁྱེད་དང་ལྷན་དུ་དཀའ་སྡུག་ཅི་ལ་འཕྲད་ཀྱང་བློ་འགྱོད་མེད།
བློ་བཟང་གིས། སྒྲོལ་མ་ལྷ་སྐྱིད། དེ་ལ་དངོས་ནས་དགོངས་པ་མ་ཚོམ། ངས་ཁྱེད་རང་རྡ་ས་ནས་ཁ་གྱེས་དེར་འགྲོ་ཁར་བཤད་པ་དེ་ལས་གཞན་གང་ཡང་མེད། ངས་རེ་བ་ལ་ཁྱེད་རང་བོད་དུ་སོང་ནས་རང་གི་དྲིན་ཆེན་མ་ལ་བདག་པོ་བརྒྱབ་ན་ཡག་ཤོས་དེ་རེད། ང་རང་ལ་ད་ལྟ་དངོས་ནས་དྲང་གནས་ཀྱི་སྔོན་ཆད་ཁྱེད་ལ་བཤད་པའི་སྐད་ཆ་དེ་ཡི་སྟེང་དུ་བསྡད་ཡོད། བདེ་མོ་བྱོས། ངས་ཁྱེད་རང་གི་མི་ཚེ་ལ་སྨོན་འདུན་ཞུ།
སྒྲོལ་མ་ལྷ་སྐྱིད་ཀྱིས། ཡ་ཡ་། དངོས་ནས་ཁྱེད་རང་ལ་ད་དུང་བཟའ་ཚང་དང་དགའ་རོགས་ཀྱི་ཐད་དུ་བསམ་བློ་གཏོང་འདོད་མེད་ན། ངས་ཁྱེད་རང་ལ་ད་ནས་བཟུང་སུན་སྣང་བཟོ་མི་སྲིད་ལ། ཁྱེད་ཀྱིས་བཤད་པ་དེ་སེམས་ལ་བཟུང་ནས་ང་རང་བོད་དུ་ལོག་ཆོག བདེ་མོ་བྱོས།
བློ་བཟང་གིས་ཁ་པར་དེ་རང་གི་གྲོགས་པོ་དེར་སྤྲད་རྗེས་ག་ལེར་ཟ་ཁང་གི་སྒེའུ་ཁུངས་འགྲམ་དུ་སོང་ནས་ཐ་མག་རྐང་གཅིག་ལ་མེ་སྒྲོན་ནས་རྔུབ་འཐེན་བྱེད་ཞོར་དུ་འོག་གི་ཚོང་ཁང་དེ་ཡི་འགྲམ་ནས་གྱེས་བརྡ་གཏོང་སའི་བུ་མོ་ཞིག་གཟུགས་བརྙན་མིག་ལམ་ཤར་ཞོར་དབུགས་རིང་དུ་བ་ལྷན་དུ་ཕྱི་རུ་འཕུད་པ་རེད།
མུ་འགོད།