དེ་ནས་བཟུང་ ཁྱེད་རང་ཁོ་ན་ལ་ཡིད་ཆེས་བྱས
ཁྱེད་ཉིད་ཁོ་ན་སེམས་ཁོང་གི་བརྩི་མཐོང་ཆེ་ཤོས་ཡིན
གཞན་ཡུལ་ནས་གཞན་ཡུལ་ག་ཚོད་རྒྱུད་ཀྱང་
ད་དུང་ བརྩིགས་ངོས་ཀྱི་ཁྱེད་རང་ལ་ཁ་གྲགས་རྒྱུ་མི་འདུག
ངས་ཀྱང་ དེ་འདྲ་ཞིག་ཡིན་སྣང་གིས་ཡིད་ཆེས་བྱས
རེ་སྨོན་བཅོལ ཡོད་ཚད་ཁྱེད་ལ་བཞག
ཁྱེད་ཀྱི་དྲུང་དུ་སྤུངས
ཤ་རྐང་གཉིས་ཀ་བཙུར་ནས
ལུས་ངག་ཡིད་གསུམ་བཙག་ནས
ཐམས་ཅད་ཁྱེད་ལ་ཞུས
མི་ལོ་སྟོང་ཕྲག་འགའ ཁྱེད་ལ་དེ་ལྟར་དགའ་གུས་ཁོ་ན་བྱས
དེ་རིང་ཡང་ གཅིག་མཚུངས་ཀྱིས་བཞུད་ཀྱིན་ཡོད
དོན་དངོས་སུ ལན་པ་དེ་ཁྱོད་ལ་ཡོད་སྲིད་དམ
ཁྱེད་ཀྱིས་ངེད་ཅག་ལ་དེ་ལྟར་གསུངས་ཡོད་དམ
ཁྱེད་ཀྱིས་ངེད་ཅག་ལ་རྨི་ལམ་དེ་འདྲ་ཞིག་བཞེངས་མྱོང་ངམ
ཐལ་བ་བཞིན་ཐོར་ཆོག་ཆོག་གི་མི་ཚོགས་འདིས
བརྩིགས་ངོས་ཀྱི་ཁྱེད་རང་ འདྲ་དཔར་ཁྱོད་ལ
དངོས་ནས་ལུས་ངག་ཡིད་གསུམ་གྱིས་དུངས་པ་སྐྱེ་བཞིན་ཡོད་སྲིད་དམ
ནམ་ཡང་ ངག་མི་གྲོལ་བའི་འདྲ་དཔར་ཁྱེད་
ང་དང་ཁ་གཏད་དུ་ཡོད་ལ
ངའི་མི་རིགས་འདིའི་ཁ་གཏད་དུའང་ཡོད
ལོ་རྒྱུས་ཀྱི་བརྩིགས་ངོས་དེ་ནས
ཁྱེད་རང་དེ་ལྟར་ཞི་དུལ་ངང་བཞུགས་དུས
ལོ་རྒྱུས་དེ་ནག་པོ་བཟོ་འཕོད་པའི་སྙིང་སྟོབས་ཤིག་སུ་ལ་ཡོད
རྟོགས་བཟོའི་རྨི་ལམ་ཞིག་དཀྲོགས་ཐུབ་མཁན་གྱི་མི་ཞིག་གང་ནས་རྙེད
དོན་དངོས་ལ་བརྡར་བྱ་གཅོད་པའི་རིགས་པའི་ཁྱུ་ཞིག་གང་ནས་འཚར
གཅིག་བྱས་ན སྐད་ཆ་དང་རླུང་དང་འགྲོགས་ན
འདྲ་དཔར་ཁྱེད་ཀྱི་ཆེད་དུ
ངའི་སྨྲ་ལྕེ་དུམ་པར་གཏོང་མཁན་ཡང་ཡོད་སྲིད
གནམ་ལྕགས་ལགས། ཉིད་རང་ཕེབས་ནས་རང་གི་བསམ་ཚུལ་ལྷུག་པོར་སྨྲས་པ་དེར་དགའ་ནས་ཡོད། བརྩིགས་ངོས་ཀྱི་འདྲ་དཔར་འདི་འདྲ་ཞིག་ཁྱེད་དང་ང་ཡི་ཁོར་ཡུག་ན་ཡོད་ལ། ངེད་ཀྱི་བརྩིགས་ངོས་ནས་ང་རང་མ་ཤི་བར་བསྡོད་ངེས་རེད། དེ་དུས་སུས་ང་ལ་བརྩིགས་ངོས་ཀྱི་འདྲ་དཔར་འདིའི་གཏམ་རྒྱུད་ཅིག་བཤད་སྲིད།
ཨ་རོགས། ཁྱོད་ཀྱི་བརྩིགས་ངོས་ན་འདྲེ་མོ་ལྕགས་ཀྱི་མཆུ་ཏོ་ཅན་ཞིག་ཡོད་ནི་མིན་ན། གལ་སྲིད་དེ་འདྲ་ཞིག་ཡོད་ན། ནམ་གུང་འཇལ་ནས་སྐད་ཆ་བཤད་གི་རེད།
སྙན་ངག་འདི་ཡོངས་སུ་བཀླགས་ན། འདྲེ་མོ་ཞིག་ཀྱང་མིན་པ་འདྲ། གང་ལྟར་ཀྱང་ཁྱོད་ཀྱི་ཁོག་ན་ཁྲག་འཐིམ་ཞིག་གམ་རྣག་འཐིམ་ཞིག་ཡོད་པ་འདྲ། ད་དེ་ལྟར་སྐོར་ནས་བཤད་པ་ལས་ཁ་གཏུགས་ཀྱིས་བཤད་དེ་ཁྲག་དང་རྣག་གི་འཐིམ་བུ་དེ་རལ་ན་ཡག་གི་རེད་ཡ། གྲོགས་པོ།