དངོས་ནས་བཤད་ན། ངས་ཁྱེད་རང་ནམ་ཡང་ཁོང་ཁྲོ་ཟ་རུ་འཇུག་འདོད་མེད་ལ། ཁྱེད་རང་གི་ཡིད་ཐང་ཆད་པའི་ལས་དེ་འདྲ་དེ་བས་ཀྱང་བྱེད་འདོད་མེད། འོན་ཀྱང་། འཇོན་ཐང་མེད་པའི་ངས་ཁྱེད་ཀྱི་སེམས་པ་སྐྱོ་རུ་བཅུགས། རེ་བ་དེ་ཡང་སྒྲུབ་མ་ཐུབ། དེ་ནས་བཟུང་། ཁྱེད་ཀྱིས་ང་ལ་ཡང་དང་བསྐྱར་དུ་ལམ་ཁ་བསྟན། ངས་ཀྱང་ཁྱེད་ཀྱི་ལམ་ཁ་དེ་མི་ཀུན་ལ་བསྒྲགས། རང་གིས་དུས་རྒྱུན་དུ་ངག་ནས་ཡང་དང་བསྐྱར་དུ་སྐྱོར། ཁྱེད་རང་ངོ་ཤེས་པའི་ཉི་མ་དེ་ནི་དངོས་ནས་བརྗེད་ཐབས་མེད། ང་དངོས་ནས་ལོ་ན་ཆུང་ཆུང་ཡིན་མོད། ངའི་མིག་ཆུ་ལྷོག་ལྷོག་བཞུར་ཞོར་དུ། ཁྱེད་ཀྱི་འདྲ་དཔར་གྱི་གམ་ནས་ཁྱེད་རང་ཁོ་ན་ཡིད་ཆེས་བཅོལ་བ་ཡིན། ཡིད་ཆེས་དེ་ལ་བརྟེན་ནས། ངའི་གཅེས་པའི་སྲོག་ཡང་འབེན་དུ་བཞག་མྱོང་།
ཁྱེད་ལ་ཡིད་ཆེས་བྱས་པའི་ལོ་ཟླ་དེ་དག་གི་ནང་དུ་ང་ལ་སེམས་ན་དཀའ་སྡུག་མེད། སྐྱིད་སྣང་ཁོ་ན་ཡིན། གང་ཐུབ་ཅི་ཐུབ་ཀྱི་ཁྱེད་རང་ཁོ་ན་དྲན། ཉིན་ཞག་གྲངས་མེད་ཀྱི་ལྟོགས་སྐོམ་ནི་སྐད་ཅིག་མའི་རྨི་ལམ་ལྟ་བུར་གྱུར། དེ་དུས་གཞི་ནས་ཁྱེད་རང་ཐོག་མར་མི་ཚེ་ནང་དུ་རིག་པ་ཡིན། རིག་མ་ཐག་པའི་ཁྱེད་ཀྱི་གམ་དུ་ངའི་སླར་ཡང་འགོག་དུ་མེད་པའི་མཆི་མའི་ཐིགས་པ་ངོ་གདོང་རྒྱུད་ནས་ཤུགས་ཀྱིས་བཞུར། དོན་དངོས་ཐོག ངས་ང་རང་ཅིའི་ཕྱིར་ངུ་དོན་ཡང་གསལ་བོ་ཞིག་གཏན་ནས་ཤེས་མ་མྱོང་། དེང་སང་ཞིབ་དུ་བསམ་ན་སེམས་ཁོང་གི་ཁྱེད་རང་དྲན་པའི་སྡུག་ཡས་ཚང་མ། ཁྱེད་ཉིད་དངོས་སུ་མཐོང་མ་ཐག མིག་ཆུའི་གཟུགས་སུ་གྲུབ་པ་ཞིག་ཡིན་ཚོད་རེད།
ལོ་ཟླ་དེ་དག་གི་གོ་རིམ་ནི་རིམ་བཞིན་འགྱུར་འགོ་བཙུགས། ང་རང་ཁྱེད་ཀྱི་གམ་དུ་ཡོད། ཁྱེད་ཀྱི་སྐད་ཆ་ཐོས། ཁྱེད་ཀྱི་སྐུ་གཟུགས་དངོས་སུ་མཐོང་། ཁྱེད་ཀྱི་ཞི་དུལ་གྱི་སྤྱོད་པ་དང་མཛད་མེད་ཀྱི་རེ་བཞག་སོགས། ངས་ཞིབ་དུ་རིག ངས་ཞིབ་དུ་ཉན། ངས་ཞིབ་དུ་བསམ་གཞིག་བྱས། དེ་ལྟར་བྱེད་བཞིན་པའི་ང་རང་ནི། མི་ལོ་དུ་མའི་སྔོན་གྱི་མི་དེ་ནི་མིན་པར་གྱུར། བསམ་རྒྱུ་མང་དུ་བྱིན། དཀའ་ངལ་མང་བོ་འཕྲད། རང་ཁྱིམ་མེད་པའི་སྡུག་ཡས། ཕ་མ་དང་བྲལ་་བའི་དཀའ་ངལ། ཕ་ཡུལ་དང་གྱེས་པའི་གདུང་བ། དགའ་མ་ཤོར་བའི་སེམས་སྡུག གྲོགས་པོ་དྲན་པའི་སྐྱོ་སྣང་། འདི་དག་གིས་ང་རང་ག་ལེར་ཁྱེད་དང་ཁ་ཐག་རིང་དུ་བཏང་། དེ་ནས་བཟུང་། ངས་ཁྱེད་ཀྱི་རེ་བ་ག་ལེར་བོར། ཁྱེད་ཀྱི་སྐད་ཆ་དངོས་སུ་ཐོས་པར་བར་ཐག་རིང་དུ་བྱིན། ཁྱེད་ཀྱི་སྐུ་གཟུགས་དངོས་སུ་རིག་པར་ཉུང་དུ་བྱིན།
དོན་དངོས་ཐོག ང་རང་ཁྱེད་ཀྱི་ཁོར་ཡུག་དུ་ཡོད། ལེའུ་ཁ་ཤས་ཀྱི་ཕར་རོལ་ཚུར་རོལ་ཡིན། དུས་ཚོད་ཀྱི་ཁོམ་ལོང་མེད་པར་གྱུར། འཚོ་བའི་དཀའ་སྡུག་གིས་བཙུར་ནས་འོང་། མྱི་ཁའི་རླབས་རྒྱུན་གྱི་དེད་ནས་འོང་། ཕ་མ་ཉེ་རིང་དུ་རེ་བ་གཞན་ཞིག་གིས་ཡང་ཡང་སྐུལ། ང་ལ་དེ་ལྟར་ན་ཟུག་གཞན་ཞིག་གི་ལམ་དུ་བྱིན། དེ་ནས་བཟུང་། ངས་ཁྱེད་དང་ཁྱེད་ཀྱི་སྐད་ཆ་གློ་བུར་བ་ཞིག་གི་ངང་ཚུལ་ལྟ་བུར་གྱུར་ནས། ངས་ཁོར་ཡུག་གི་ནད་ཚའི་བཟུང་བའི་རང་གི་ནད་ཚ་དེ་སྐྱོབས་པའི་ཐབས་ཤེས་ཤིག་ཡོད་པ་དེ་ནི། ཁྱེད་དང་ཐག་རིང་ཐག་རིང་ཞིག་དུ་ཆས་རྒྱུ་དེ་ཡིན་པ་ཤེས་སོང་། དེ་ནས་ང་རང་ག་ལེར་ལམ་དུ་ཆས། ལམ་ཁ་དེ་ནས་ངས་ཁྱེད་རང་ལ་ཕྱིར་མིག་ཁོ་ན་འཕངས་ཀྱང་། ངས་ཁྱེད་ཀྱི་སྐད་ཆ་མ་ཉན། ངས་ཁྱེད་ཀྱི་རེ་བ་མ་འགྲུབ། ངས་ཁྱེད་ཀྱི་བསླབ་བྱ་སྣང་མེད་དུ་སྐྱུར་དགོས་བྱུང་། དེ་རིང་ང་ཐག་རིང་གི་ཡུལ་ཞིག་དུ་ཡོད་ཀྱང་། ངས་ཁྱེད་ལ་དགོངས་དག་ཞིག་ཞུ། སེམས་ཁོང་རུས་པའི་གཏིང་ནས་དགོངས་དག་ཞུ། དགོངས་དག་ཞུས་དེ་དག་འགྲོ་བ་མེད་མོད། ངས་རང་གི་སེམས་ངལ་གསོ་ཕྱིར་་དུ། ང་ད་དུང་ཡང་། ཚད་གང་ལ་ཐུག་ཡང་ཤི་རེག་བར་དུ་ངས་ཁྱེད་ལ་ཡིད་ཆེས་ནམ་ཡང་འདོར་མི་སྲིད།
ནམ་ཞིག ཚེ་ཡི་འདུ་བྱེད་ཀྱི་བསྟན་པ་དར་སོང་ན། ངས་ཁྱེད་ཀྱི་སྐད་ཆ་དེ་དག་སེམས་སུ་བཟུང་ནས། ལས་ཀ་ཞིག་བྱེད་འདོད་ཡོད་ལ། ཁྱེད་ཀྱི་སྐད་ཆ་དེ་དག ཁྱེད་ཀྱི་རེ་བཞག་དེ་དག ཁྱེད་ཀྱི་རྨི་ལམ་དེ་དག ཁྱེད་ཀྱི་མདུན་པ་དེ་དག གང་ལྟར། ངས་གང་ཞིག་ནས་འགོ་འཛུགས་སོང་བའི་ཉི་མོ་དེར། ཁྱེད་ཀྱི་སླར་ཡང་ང་ལ་སྐད་ཆ་ཞིག་ཤོད། བསླབ་བྱ་ཞིག་གནོངས། ད་ལྟ་འདིར། དུས་ཐོག་འདིར། དུས་ཚོད་འདི་ལ། སྐར་མ་འདི་ལ། སྐར་ཆ་འདི་དག་གི་རིང་ལ། ངའི་སེམས་ཁོང་རུས་པའི་གཏིང་ནས་ཁྱེད་རང་དྲན་བཞིན་ཡོད། དྲན་སྟངས་འདིས་ཁྱེད་ཀྱི་སྐད་ཆ་དག་ཕྱིར་དྲན་བྱེད་དུ་བཅུགས་སོང་། ཁྱེད་ཀྱི་སྐུ་གཟུགས་ཀྱང་མིག་ལམ་དུ་ཤར། འདི་འདྲའི་སྣང་བ་ཞིག་རྒྱུན་དུ་ཡོད་ན་ཨ་་་་
སྤུན་ཟླ་ཁྱེད་ཅག་ག་ལེར་ཕེབས་ནས་རང་རང་གི་བསམ་ཚུལ་ལྷུག་པོར་གསུངས་པ་དེར་དགའ་གུས་ཚད་མེད་ཞུ། རྗེས་ཕྱོགས་ཀྱང་ཕེབས་རྐྱང་བྱོས། སྤུན་ཟླ་ཁྱེད་ཅག་གི་བསླབ་་བྱ་སེམས་ཁོང་དུ་སྟིག་སེ་ལྷུང་ནས་ཡོད་དོ།
ཁྱེད་ཀྱིས་དངོས་སུ་མྱངས་བའི་ཚོར་བ་དེ་ཚོ་བདག་གིས་ཀྱང་མྱོང་དགོས་བྱུང་།
མཐར་མ་མཚོའི་ཨ་མ་ལ་ཁྱེད་རང་གི་བརྩེ་བ་ཕངས་སེམས་མེད་པར་སྤྲོད་ཞིག
ད་ཁྱོད་ཅི་ལྟར་དྲན་རུང་ཇི་ལྟར་བསམ་རུང་ཕྱིས་འདུག འདས་ཟིན་པའི་འཚོ་བར་ཕྱི་མིག་ཞིག་བལྟ་སྐབས་ཁྱེད་ལ་དགོད་རྒྱུ་ལས་ངུ་རྒྱུ་མང་བ་འདུག ཡིན་ན་ཡང་ཡིད་མ་ཕམ་སེམས་ཁོང་གི་སྡུག་བསྔལ་བསངས་པའི་ཆེད་དུ་ངུས་ཤིག ཤུགས་ཆེ་ཙམ་བྱས་ནས་ངུས་ཤིག ཡག་པོ་ཞིག་ངུས་ཤིག དེ་ནས་ཁྱོད་ཀྱི་ཡིད་ལ་སྔར་མེད་ཀྱི་བློ་སྟོབས་ཤིག་སྐྱེ་བར་ངེས། ད་དགའ་རུང་སྐྱོ་རུང་རང་གི་བཟའ་ཟླའི་བློ་དང་བསྟུན། མཐར་མ་ཚོའི་མདུན་ལམ་ལ་ལྟོས། བློ་མ་མང་བཅོས་མིན་གྱི་བརྩེ་བ་མཐར་མ་ཚོའི་ཨ་མ་ཕངས་སེམས་མེད་པར་སྤྲོད་ཤིག
ཤ་ཁྲག་གིས་ཚོར་བའི་གཏིང་རིམ་ནས་སྐད་ཆ་ཞིག་བྲིས་འདུག ཐུགས་རྗེ་ཆེ།
བོད། ཤ་ཁྲག་རུས་གསུམ་ལགས།
མགོ་ནས་མཇུག་བར་དུ་ཐེངས་གཅིག་ཀློག་པ་ཡིན། ཡག་པོ་བྲིས་འདུག་མོད། མིང་འབོད་མི་ཐུབ་པའི་ཁྱོད་དེ་སུ་ནམ་སྙམ་པའི་དོགས་པ་ཞིག་ངང་གིས་སྐྱེས་སོང་།