བོད་ནང་དུ་མེ་ལྕེ་མཆེད་པའི་རླབས་ཤུགས་ནི། ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ལ། བོད་མི་ང་དང་འདྲ་བ་ཆེས་མི་ཉུང་བ་ཞིག་ཕྱི་ཡུལ་དུ་བསྡད་ནས། དྲ་ཚིགས་དག་ནས་འདི་ལྟར་བོད་ནང་གི་གནས་སྟངས་ཉིན་རེ་ཉིན་རེ་སྡུག་དུ་འགྲོ་བའི་རྣམ་པ་དང་བོད་མི་དག་གི་ཚེ་སྲོག་ལ་གོད་ཆག་དང་མནར་གཅོད། མི་སྤྱོད་ལས་འདས་པའི་ཡ་ང་བའི་སྐྱོ་གར་བློ་ཡུལ་དུ་མི་གཤོང་བ་ཆེས་མང་བོ་ཞིག རང་ས་རང་ཡུལ་ནས་མྱོང་བཞིན་པའི་ཡིད་སྐྱོ་བའི་གནས་ཚུལ་དག་ཀློག་ཐེངས་རེར། ང་དང་འདྲ་བར་བོད་མི་དག དམིགས་སུ་བཀར་ནས་རྒྱ་ཆེ་བོད་མི་ཕྱི་བསྡོད་པ་དག ག་དུས་ཤིག་ལ་རང་གི་ལྟོ་གོས་ཙམ་ལ་འགོ་འཁོར་བའི་ལས་འདི་ལས། རང་མི་རིགས་འདི་ཉིད་ཀྱི་འཆི་གསོན་ལ་འགན་འཁྲི་ཡོད་པའི་བོད་མི་ཞིག་བྱེད་པར་གྲྭ་སྒྲིག་བྱེད་སྲིད་དམ།
རང་ཉིད་ཀྱང་བོད་མི་ཞིག་དང་བོད་མི་རིགས་ཀྱི་ཤ་རུས་རྐང་གསུམ་ཡོད་པའི་མི་ཞིག་ཡིན་པའི་དངོས་ནས་བོད་གཞིས་ལུས་པའི་སྙིང་སྟོབས་ཀྱི་མེ་ལྕེ། བདེན་པའི་མེ་ལྕེ། ཞུམ་མེད་ཀྱི་མེ་ལྕེ། མདུན་བསྐྱོད་ཀྱི་མེ་ལྕེ། སྡུག་བསྔལ་ལས་ཐར་བར་བྱེད་པར་སྐུལ་བའི་ཤེས་རབ་ཀྱི་མེ་ལྕེ། མི་རིགས་ཤིག་གཉིད་ལས་སངས་པར་སྒྲོག་པའི་མེ་ལྕེ་ཡི་ཅོང་སྒྲ འཛམ་གླིང་མི་མང་ལ་ཚེ་སྲོག་ལས་གལ་ཆེ་བ་ཞིག་མེད་པ་དེ་ཉིད་བདེན་དབུང་བྱེད་པའི་མེ་ལྕེ། འདི་ཉིད་བཞུར་སྟངས་ཀྱི་སྔ་གཞུག་ཀུན་ལ། ཉིན་དང་མཚན་ལ་བསམ་བློ་འཁོར་ནས་འོང་དུས། ད་ལྟའི་འཆར་འཛམ་གླིང་འདི་ན་དངོས་ནས་མི་རིགས་ཤིག་གི་འཇིག་ཉེན་དང་མནར་གཅོད། གདུག་རྩུབ་བཅས་ལ་རྒོལ་ལན་སྤྲོད་པའི་ཞི་བདེ་ལ་ཁ་ཕྱོགས་པའི་སྲིད་གཞུང་གང་ཞིག་མཆིས་སམ་སྙམ་ཞོར་དུ། རང་མི་རིགས་ང་དང་འདྲ་བ་དག དུས་རྒྱུན་དུ་ཁ་སྤོམ་པོ་བཤད་རྒྱུར་དགའ་བ་དང་། ཆིག་སྒྲིལ། སྟོབས་ཤུགས། སྙིང་སྟོབས། ལ་རྒྱ་སོགས་གླེང་བར་སྤྲོ་བ་ལས། དོན་དངོས་ཐོག རང་གི་བྱེས་བསྡོད་བོད་མིའི་སྒྲིག་འཛུགས་འདི་ཉིད་ཀྱང་བོད་མི་གཞིས་ལུས་མི་མང་གི་མགྲིན་ཚབ་དང་སྐུ་ཚབ་ཡིན་པའི་བརྡ་སྐུལ་བྱེད་ཐུབ་ཀྱི་མེད་པ་བཅས་ལ་བསམ་དུས། བོད་མི་ག་ཚོད་ཅིག་གིས་རང་ལུས་མེ་བསྲེག་བཏང་རྗེས་སུ། བྱེས་ཀྱི་མི་མང་དང་བྱེས་ཀྱི་བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་ལུས་མི་མང་གི་མངོན་འདོད་དངོས་ཀྱི་སྟེང་ནས་དབའ་ངར་ཞུམ་མེད་ཀྱི་བདེན་པའི་ཆིག་སྒྲིལ་གྱིས་ཡར་བླངས་དེ། བོད་གཞིས་ལུས་མི་མང་སྡུག་བསྔལ་གྱི་གཡང་ལས་མ་ཐར་བར་དུ་ལས་འགུལ་དོན་སྙིང་ལྡན་པ་ཞིག་བྱེད་སྲིད་དམ།
ང་རང་མི་སྒེར་ངོས་ནས་སྐད་ཆ་ཐད་ཀར་བཤད་པ་ཡིན་ན། བྱེས་བོད་མིའི་སྒྲིག་འཛུགས་ཀྱིས་༢།༨ཉིན་གྱི་ཉིན་བརྒྱ་དུས་གཅིག་གི་ལས་འགུལ་ཟེར་བ་དེ་ནི་དངོས་ནས་དེ་འདྲའི་གྲུབ་འབྲས་ཡོད་པ་དང་བོད་གཞིས་ལུས་མི་མང་གི་མངོན་འདོད་ལ་རྒྱལ་ཁ་དང་སེམས་ཤུགས་ལ་ཡི་རུང་ཐུབ་པའི་ལས་འགུལ་ཞིག་དུ་མཐོང་མ་སོང་། མི་རིགས་ཤིག་གི་ལས་འགུལ་ཟེར་བ་དེ་ནི། ཉིན་གཅིག་གཉིས་ཤིག་དང་ཚོགས་ཐོག་གཅིག་གཉིས་ཤིག་ནས་གཏམ་བཤད་དང་། སྐར་ཆ་གཅིག་གཉིས་ཤིག་གི་རིང་དུ་གུས་འདུད་མྱ་ངན་བྱེད་པ། མཆོད་འབུལ་སྨོན་ལམ་བྱེད་པ་ཙམ་གྱིས་འགྲུབ་ཀྱི་ཡོད་པ་དེ་འདྲ་ཞིག དེ་སྔ་རང་དབང་ཤོར་བའི་རྒྱལ་ཁབ་གང་གི་ལོ་རྒྱུས་ཁྲོད་དུ་བྱུང་མྱོང་མེད་པ་ཞིག་དང་། ཕྱིས་སུ་ཡང་འབྱུང་མི་སྲིད་པ་ཞིག་ཡིན་པར་སེམས་ཐག་བཅད་དེ་བཤད་ཐུབ་པ་ཞིག་ཡིན་དུས། ང་ཚོ་བོད་མི་ཉུང་བའི་སྐྱོན་དུ་འདོད་མཁན་དག་གིས་བསམ་བློ་ཞིབ་མོ་ཞིག་གཏོང་དགོས་པ་ནི། ཉུང་བའི་སྐྱོན་ནི་མ་ཡིན་པར། ད་ལྟའི་བར་དུ་གཞུང་གི་སྒྲིག་འཛུགས་དང་ཚོགས་སྒེར་གང་གིས་ཀྱང་ཐར་སོན་པའི་ལས་འགུལ་དང་། མི་མང་ཡིད་ཆེས་འཕེར་བ་དང་མི་མང་གིས་མིག་དཔེར་བྱེད་འོས་པའི་ལས་འགུལ་གང་ཡང་སྤེལ་ཐུབ་མེད་པ་དེས། བོད་གཞིས་ལུས་མི་མང་གི་ཉིན་རེ་ཡི་འཚོ་བསྡོད་ཀྱི་རང་དབང་དང་ཐ་ན་གསོན་གནས་ཀྱི་རང་དབང་བཅས་ལ་ཉིན་རེ་བཞིན་སྡུག་དུ་འགྲོ་བའི་འགན་ཡོངས་སུ་རྫོགས་པ་བྱེས་སུ་བཅར་བའི་བོད་མིའི་སྒྲིག་འཛུགས་གཞུང་དང་ཚོགས་པ་སྤྱི་སྒེར་སོགས་ལ་འཁྲི་བའི་ངེས་པ་ཟབ་མོ་རྙེད་དགོས་ཀྱི་ཡོད། ད་ལྟ་ནི་བོད་གཞིས་ལུས་མི་མང་གི་སྙིང་སྟོབས་ཀྱི་མེ་ལྕེ་མཆེད་སྟངས་འདི་ནི་རྒྱལ་ཁབ་སུ་ཞིག་གི་ལོ་རྒྱུས་ཁྲོད་དུའང་བྱུང་མ་མྱོང་བའི་ཆེས་མང་བའི་རང་ལུས་མེ་བསྲེག་གི་དོན་རྐྱེན་ཡིན་ཡང་། ད་ལྟའི་བར་དུ་གྲུབ་འབྲས་ཤིག་སོན་གྱི་མེད་དོན་གང་ལ་ཐུག་ཡོད་དམ། སྤུན་ཟླ་ཚོ། སྡར་མ་བདག་གིས་སྙིང་ཆུང་གཟེར་ནས་དབུགས་ཀྱི་རྒྱུ་བ་ནི་མ་འགག་ཙམ་ཞིག་དུ་འཚོ་ཡོད་ཀྱང་། བོད་ལ་སྐྱེ་བའི་འགན་འཁུར་བྱེད་མ་ཐུབ་པའི་མི་གཟུགས་སྲུང་བའི་བོད་མི་ཞིག་དུ་གྱུར་ཡོད་པ་འདི་ལ་དངོས་ནས་བློ་ཕམ་བྱུང་གི་ཡོད་པ་བཞིན། སྤུན་ཟླ་ཁྱེད་ཅག་ལ་ཡང་ཚོར་བ་དེ་འདྲ་ཏན་ཏན་ཡོང་གི་ཡོད་ངེས་རེད། དེ་ཡིན་དུས། ད་ནི་འུ་ཅག་གིས་རང་གི་ངོ་གདོང་འདི་གསལ་བོ་དག་པོ་ཞིག་མཐོང་རན་རེད་འདུག
དབྱར་ཁབ་ཀུན་བཟང་ལགས། གཞིས་ལུས་བོད་མིའི་རང་ལུས་མེ་བསྲེག་གི་ལས་འགུལ་མཚམས་འཇོག་དགོས་ནས། བྱེས་ཀྱི་སྒྲིག་འཛུགས་དང་ཚོགས་སྡེ་ཁག བྱེས་བསྡོད་བོད་མི་ཡོངས་ལ་འགུལ་སྐྱོམས་ཆེན་པོ་ཞིག་རྒྱགས་དགོས་ཀྱི་ཡོད་པ་རེད།
ད་ནི་བསམ་བློ་ག་འདྲའི་ཞིག་བཏང་ན་ཡང་བོད་མིའི་རང་ལུས་མེ་བསྲེགས་བཏང་མི་དགོས་པའི་ཐབས་གཞན་ཞིག་འཚོལ་རྒྱུ་དེ་གལ་ཆེ་རེད་འདུག་་་་
ཕེབས་པ་དགའ་ཡོད། བསམ་ཚུལ་གསུང་ཡོད་རྒྱུ་ན། དེ་བས་དགའ་ས་རེད་ལགས།
བཀླགས་ཟིན།