སེམས་དང་རྩ་བ་ཐུག་སའི་ཉེ་ས་ཞིག་ཡོད་ན།།
ལུས་དང་གྲིབ་མ་འཁེན་སའི་ཚེ་གྲོགས་ཤིག་ཡོད་ན།།
སྐྱིད་སྡུག་མཉམ་མྱོང་བྱེད་སའི་མི་རིགས་ཤིག་བྱུང་ན།།
སྐྱེ་བ་བོད་ལུས་བླངས་པ་དོན་གོ་ཞིག་འབྱུང་ངེས།།
ཁ་དང་ཁོག་པ་བསྲེས་སའི་གྲོགས་པོ་འདྲ་ཡོད་ན།།
གཅིག་ཕན་གཅིག་གྲོགས་བྱེད་པའི་བསམ་ཤེས་རེ་ཡོད་ན།།
མདུན་དང་རྒྱབ་ནས་སྐྱོར་བའི་ཕུ་ནུ་རེ་ཡོད་ན།།
མི་རིགས་ཡར་ལ་འདྲེན་པའི་ལམ་ན་དེ་ཟིན་ངེས།།
འཚོལ་དང་དཔྱོད་ལ་སྙེགས་པའི་ཤེས་ལྡན་རེ་ཡོད་ན།།
བསམ་དང་འདུན་པ་གཅིག་པའི་འཐབ་མོ་རེ་ཡོད་ན།།
རིགས་དང་རུས་པ་གཙང་མའི་མི་རྒྱུད་ཅིག་ཡོད་ན།།
མི་རིགས་རླབས་ཆེན་ཞིག་གི་ཤུལ་རྗེས་ནི་འཛིན་ངེས།།
ཤེས་རབ་གད་རྒྱངས་སྒྲོག་པའི་སྨྱུག་ཐོག་རེ་ཡོད་ན།།
དམ་ཆོས་ཚུལ་བཞིན་སྲུང་བའི་བཙུན་པ་རེ་ཡོད་ན།།
རྒན་བཀུར་ཆུང་བྱམས་བྱེད་པའི་འབངས་མི་རེ་ཡོད་ན།།
མ་འོངས་བོད་པ་ཟེར་ན་རེ་བ་ཞིག་ཡོད་ངེས།།
དགོངས་དག མཆན་གཅིག་ཐེངས་གཉིས་ཤོར་སོང་།
མིག་ཤེས་འདི་ལ་མངོན་ཤེས་འཕྲལ་འཁྲུལ་ཞིག་ཡོད་ན། །
རྣམ་ཤེས་འདི་ལ་མཁྱེན་པ་སབ་གསོབ་རེ་ཡོད་ན། །
སྣང་སྟོང་འཇིག་རྟེན་འདི་ཡི་དཀྱིལ་འཁོར་ནས་ལངས་ཏེ། །
འདོད་དགུའི་ལོངས་སྤྱོད་གསར་བའི་དགའ་སྟོན་ལ་རོལ་ཆོག །
དེང་གནས་དངོས་ལ་དཔྱོད་པའི་སེམས་ཤེས་རེ་ཡོད་ན། །
མ་འོངས་ཕུགས་ལ་ལྟ་བའི་མཁས་པ་རེ་ཡོད་ན། །
མདུན་ལམ་ཤར་གྱིས་སྙེགས་པའི་སློབ་མ་རེ་ཡོད་ན། །
བོད་པ་འདི་ལ་རེ་བ་ལྷག་མ་རེ་བྱེད་ཆོག །
དེང་གནས་དངོས་ལ་དཔྱོད་པའི་སེམས་ཤེས་རེ་ཡོད་ན། །
མ་འོངས་ཕུགས་ལ་ལྟ་བའི་མཁས་པ་རེ་ཡོད་ན། །
མདུན་ལམ་ཤར་གྱིས་སྙེགས་པའི་སློབ་མ་རེ་ཡོད་ན། །
བོད་པ་འདི་ལ་རེ་བ་ལྷག་མ་རེ་བྱེད་ཆོག །