འགྲོ་བ་མིའི་བདག་དབང་ལས་མ་བརྒལ་བའི་ངའི་ཞི་བའི་འཐབ་རྩོད།
ངའི་དམིགས་ཡུལ་དང་ལངས་ཕྱོགས། དམ་བཅའ་དང་བློས་གཏོང་བཅས་ནི། འགྲོ་བ་མིའི་རིགས་ལ་ཞི་བདེ་ཡོང་བའི་སྲི་ཞུ་ཞིག་བྱེད་འདོད་པ་དེ་ཡིན་ལ། དེ་ལྟར་བྱེད་པར་ང་རང་ལ་ལམ་ཁ་གཅིག་རང་ཡོད་པ་དེ་ནི། རང་ཉིད་སྐྱེ་བའི་མི་རིགས་འདིའི་སྐད་དང་ཡི་གེ་གཉིས། རང་ཉིད་བོད་ཀྱི་ཡུལ་སྐད་ལ་བྱང་ཆ་ཡོད་པ་འདི་རྒྱུད་དེ། ཐོག་མར་རང་ཉིད་ཀྱི་མི་རིགས་འདི་ཞི་བདེའི་ལམ་དུ། ཇི་ལྟར་སྐྱོད་ཐུབ་མིན་ལ། རང་ཉིད་ནས་འགོ་བཙུགས་ཏེ། མིག་དཔེ་ཞིག་གམ་བག་ཆགས་ཤིག་འཇོག་ཐུབ་མིན་ལ་རེག་ལས་པར་ཡིད་ཆེས་ཀྱི་སྒོ་ནས། ཞི་བའི་འཐབ་རྩོད་འདིའི་སྔོན་འགྲོ་དང་འཆར་གཞི་ཡོངས་རྫོགས་རང་ངོས་ནས་དྭང་དུ་བླང་བ་ཡིན། ངའི་ཞི་བའི་འཐབ་རྩོད་འདིའི་བློས་གཏོང་གི་སྔ་གཞུག་ན། སྙིང་ནས་བྱམས་པའི་དྲིན་ཆེན་མ་ལོ་དང་ཕ་ལོའི་སེམས་སྡུག ཕ་མེད་དྭ་ཕྲུག་ཏུ་སྐྱུར་བའི་བྱིས་པ་གཉིས་ཀྱི་དྲན་གདུང་། ང་ལ་སྙིང་ནས་ཆགས་པའི་མཛའ་མོ་ཞིག་གི་ཚེ་གྲོགས་བོར་བའི་ན་ཟུག ཡུན་རིང་ཁ་བྲལ་དུ་གྱུར་བའི་སྤུན་ཉེ་རྣམས་ཀྱི་རེ་སྒུག་ལྷན་འཛོམས་ཀྱི་སྐྱོ་གདུང་བཅས་ཡོད། བརྗོད་ན་ཚར་མེད་པའི་གཏམ་རྒྱུད་ཆེས་མི་ཉུང་བ་ཞིག་ཡོད་ཀྱང་། མི་རིགས་ཤིག་གི་ལྷན་སྐྱེས་ཀྱི་བདག་དབང་། མི་རིགས་ཤིག་གི་བདེན་དོན་གྱི་འབོད་སྒྲ། རེ་བ། རྨི་ལམ། འཚེ་མེད་ཞི་བའི་གླིང་ཕྲན་ཞིག་གི་འཆི་གསོན་དང་བསྡུར་ཚེ། ང་ལྟ་བུའི་སྐྱེ་བོ་ཕལ་བ་ཁྲི་སྟོང་མང་བོའི་ཁྱིམ་ཚང་གི་སྐྱིད་སྡུག་ནི་མར་ནང་གི་སྤུ་ལས་ཆགས་མེད་པ་ཡིན། འགྲོ་བ་མིའི་རིགས་ཀྱི་ཞི་བདེའི་བརྟན་བརླིང་གི་ཆེད། སྲི་ཞུ་ཞིག་བྱེད་པ་ལ། ཕྱོགས་རེས་དང་ཕྲག་དོག ངན་སེམས་དང་འཁོན་ལན། རང་རྒྱལ་གཞན་ཕམ་བཅས་ཀྱི་ལྟ་ཚུལ་བཅས་ཡོད་མི་རུང་བ་ཡིན་དུས། ངས་བོད་མི་རིགས་ཀྱི་བདེན་དོན་སེལ་བའི་ཆེད་དུ། རྒྱ་མི་རིགས་ཀྱི་གཙོ་བའི་མི་རིགས་གཞན་སུ་ལའང་འཁོན་ལན་ལོག་རྒྱུའི་བསམ་པ་ཡེ་ནས་མེད་པ་འདི་ནི། ཞི་བའི་འཐབ་རྩོད་ཀྱི་ལྗིད་ཁོག་དང་འཚེ་མེད་ཞི་བའི་ལམ་ཕྲན། འགྲོ་བ་མིའི་འདྲ་མཉམ་གྱི་འདུ་ཤེས་ཡིན་པ་ལས། ཕྱི་མ་དོན་དུ་གཉེར་མཁན་གྱི་ནང་བའི་རྗེས་འཇུག་པ་ཞིག་གི་ནང་བའི་ལྟ་གྲུབ་དང་ཆོས་སེམས་མ་ཡིན་པར། འགྲོ་བ་མིའི་ཀུན་ཁྱབ་རང་བཞིན་གྱི་བསམ་བློ་དང་འགྲོ་བ་མིའི་བདག་དབང་རྩོད་པའི་འོས་འགན་ཞིག་ཡིན། ངས་ཞི་བའི་འཐབ་རྩོད་བྱེད་དོན་ནི། བོད་མི་རིགས་འདི་མི་རིགས་ཀུན་ལས་རྩ་ཆེ་བ་དང་ཀུན་ལས་རྒྱལ་བའི་ཧམ་སེམས་ཤིག་གཏན་ནས་མ་ཡིན་པར། མི་རིགས་གཞན་དག་ནང་བཞིན་རང་མི་རིགས་ཀྱི་ཁེ་དབང་དང་ཐོབ་ཐང་ལ་ལོངས་སུ་སྤྱོད་ཐུབ་མཁན་ཞིག་ལ་འགྱུར་ཆོག་པ་དང་གྱུར་ན་སྙམ་པ་དེ་ལས། མི་རིགས་གཞན་སུ་ཡང་ཕམ་ཁ་ཞིག་བྱུང་དེ་ང་ཚོ་རྒྱལ་ན་བསམ་བའི་ཀུན་སློང་དང་དམིགས་ཡུལ་ངན་པ་དེ་འདྲ་རྩ་བ་ནས་མེད་པ་ཡིན་དུས། ང་རང་ཞི་བའི་འཐབ་རྩོད་འདི་བྱེད་པར་སྤྲོ་སྣང་ཡོད་པ་ལས་སྐྱོ་སྣང་གང་ཡང་སླེབས་ཀྱི་མེད། དེ་ཡི་དོན་ནི་ངས་མིའི་རིགས་ཀྱི་གཏན་ལ་ཕབ་པའི་དྲང་བདེན་ཆེད། རང་གི་ལུས་ངག་ཡིད་གསུམ་ཕུལ་ནས་དྲང་བདེན་མཐའ་འཁྱོལ་བྱེད་རྒྱུར་དམ་བཅས་པ་ཡིན། མིའི་བསམ་བློའི་འདུ་ཤེས་ཀྱི་ཕྱི་ནང་གང་རུང་དུའང་། དྲང་བདེན་གྱི་གཞི་རྩ་ནི། གང་ཞིག་ལ་འབད་བརྩོན་བྱེད་པའི་བྱ་དངོས་ཆེ་ཆུང་གང་ཡིན་ཡང་། ཆེས་མེད་དུ་མི་རུང་བ་ནི་འབད་འབུངས་ལ་བརྟེན་པར་ཡིད་ཆེས་བྱེད་མཁན་ཀྱི་མི་ཆུང་ངས་ཞི་བའི་འཐབ་རྩོད་ཀྱི་གང་དུའང་། དྲང་བདེན་ལ་རྩོད་ལེན་བྱེད་པ་ལས་ལྡོག་མེད་ལ། དྲང་བདེན་དེ་ཡང་སྒེར་སེམས་དང་མི་རིགས་རང་ལུགས་ཀྱི་ལྟ་གྲུབ་ཕྱོགས་རེས་པ་གཙོར་བཟུང་གིས་རང་མི་རིགས་ལས་གཞན་གྱི་མི་རིགས་ཀྱི་འདྲ་མཉམ་དང་ཐོབ་ཐང་ལ་བརྩི་བཀུར་མི་བྱེད་པ་དེ་འདྲ་རྩ་བ་ནས་མིན་ལ། ངའི་ཞི་བའི་འཐབ་རྩོད་ཀྱི་རྒྱུད་རིམ་ལས་མངོན་ཡོད་ལ། མུ་མཐུད་དུ་ཇེ་གསལ་ལ་ཡོང་བར་བདག་གི་འཐབ་རྩོད་ཀྱི་རྒྱུད་རིམ་ལས་ཁ་གྲངས་ངེས་ཡིན། ངས་རྩོད་ལེན་བྱེད་པ་ནི་མི་རིགས་ཀྱི་འདྲ་མཉམ་གྱི་རང་དབང་ཞིག་དང་ངའི་འཐབ་རྩོད་ཀྱི་རྒྱུད་རིམ་ནི་འཚེ་བ་མེད་པའི་རང་གཞན་གཉིས་ཕན་གྱི་ཞི་བའི་འཐབ་རྩོད། ངའི་འདོད་པ་ནི་ཞི་བདེའི་མི་རིགས་ཤིག་ཤི་ལམ་དུ་འདེད་བཞིན་པའི་གདུག་རྩུབ་ཆེ་བའི་སྲིད་གཞུང་ངན་པ་ཞིག་གི་ལག་འོག་ནས་ཐར་ཐབས་བྱེད་རྒྱུ་དེ་ཡིན། སྲིད་གཞུང་ངན་པ་དེས་གཡོ་ཇུས་རྩ་གཏོར་གཏོང་བར་འགྲོ་བ་མིའི་སྲིད་གཞུང་ཚང་མར་འགན་ཡོད་པ་མ་ཟད། དམིགས་བསལ་གྱིས་དུས་རབས་ཉེར་གཅིག་གི་མདུན་བསྐྱོད་ཡར་ཐོན་ལ་ཁ་ཕྱོགས་བཞིན་པའི་བོད་རྒྱ་མི་རིགས་གཉིས་ཀྱི་ཤེས་ཡོན་པའི་མིང་དུ་འཚུད་པ་ཚང་མར་ལྡོག་མེད་ཀྱི་འགན་ཁུར་ཡོད་པ་ཡིན། རྒྱུ་འབྲས་ཟེར་བ་ནི་དམིགས་བསལ་གྱི་ནང་བའི་རྗེས་འཇུག་པ་དག་གི་ཡིད་ཆེས་བྱེད་ས་ཞིག་ཏུ་བརྩི་ཡང་། འཛམ་གླིང་གི་འགྲོ་བ་མི་མང་ཤོས་ཀྱི་རྒྱུ་འབྲས་མི་ཤེས་པ་ནས་ཁས་ལེན་ཉུང་ནའང་། འགྲོ་བ་མི་ཀུན་གྱི་གཅིག་གྱུར་གྱིས་ཁས་ལེན་བྱེད་པ་ནི། བཟང་ངན་གཉིས་ཡིན་ལ། བཟང་བོ་ཞིག་བྱེད་པ་དང་ལེགས་པ་ཞིག་འོང་བར་ཀུན་གྱིས་འདོད་མོས་ཡོད་པ་ལྟར། ངན་པ་དང་མི་ལེགས་པ་ཞིག་འོང་བར་སུས་ཀྱང་མི་འདོད་དེར་སྔོན་འགོག་བྱེད་རྒྱུར། འགྲོ་བ་མི་ཀུན་དང་དམིགས་ཀྱིས་རྒྱལ་ཁབ་སོ་སོའི་དབུ་ཁྲིད་ཀྱིས་ཟོལ་བྲལ་བཅོས་མེད་ཀྱི་ལྷག་བསམ་ཆེན་པོས་སྟོབས་ཤུགས་མཉམ་འབྲེལ་བྱས་ན། ད་གཟོད་འགྲོ་བ་མིའི་བཟང་ཆ་དང་ལེགས་པའི་གྲུབ་འབྲས་ཀྱིས་དུས་རབས་ཉེར་གཅིག་པའི་འཛམ་གླིང་འདིར་འོད་སྣང་དང་ཞི་བདེ་བསྐྲུན་ཐུབ་པ་མ་ཟད། འགྲོ་བ་མིའི་བུ་རབས་ཚ་རྒྱུད་དག བདེ་ཐང་དང་སྐྱིད་སྡུག་མཉམ་གནས་ཀྱི་འཛམ་གླིང་ལེགས་པོ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་གསར་བ་ཞིག་ཆགས་རྒྱུར་རེ་བ་ཆེན་པོ་ཡོད་པ་རེད། ངས་སྐད་ཆ་འདི་ལྟར་ཞུས་དེ་འོང་དུས་མི་རེ་ཟུང་གིས“འཛམ་གླིང་གཡུགས་ཞོག དེང་ཐོག་བོད་མི་རྣམས་རང་དབང་ཐོབ་པར་བརྩོན་པར་གྱིས”ཟེར་མཁན་ཡོང་སྲིད་པ་རེད། སྐད་ཆ་དེར་ཐད་ཀར་ཉན་དུས། མ་རེད་ཟེར་དཀའ་ནའང་། ད་ལྟའི་དུས་རབས་ཉེར་གཅིག་པ་ནི། གནའ་བོའི་དུས་རབས་དང་མི་འདྲ་བར། རྒྱལ་ཁབ་དང་མི་རིགས་གང་གི་གནད་དོན་ཡིན་ཡང་། འཛམ་གླིང་མི་མང་གི་བདེ་འཇགས་དང་འགན་འཁྲི་ལས་ལོགས་སུ་མེད་པར། འགྲོ་བ་མི་ཀུན་གྱི་གཅིག་གྱུར་རང་བཞིན་གྱི་གནད་དོན་ཞིག་ཆགས་ཡོད་སྟབས། གཅིག་ལ་གཅིག་གིས་གཉའ་གནོན་བྱེད་པར། མ་གོ་མ་ཐོས་ཁུལ་གྱི་སྡོད་ཐབས་མེད་པའི་འགྲོ་བ་མིའི་རིགས་ཀྱི་ཆེས་འཕྲིན་ལས་མྱུར་བའི་རྡུལ་ཕྲན་གྱི་དུས་རབས་ཤིག་ཆགས་ཡོད་པ་རེད། དེར་བརྟེན་རྒྱལ་ཁབ་གཅིག་གི་དཀའ་ངལ་འཛམ་གླིང་གི་དཀའ་ངལ་དང་། མི་རིགས་གཅིག་གི་སྡུག་བསྔལ་ནི་འཛམ་གླིང་མི་མང་གི་སྡུག་བསྔལ་ཆགས་ཡོད་སྟབས། ངས་གོང་ཞུས་ཀྱི་སྐད་ཆ་དེ་དག་ཡང་འགྲོ་བ་མི་ལ་ཞུས་པའི་སྐད་ཆ་ཞིག་ལས། ང་རང་ཉིད་སྐྱེ་ཁུངས་ཀྱི་སྒེར་གྱི་ཧམ་སེམས་ཤིག་མིན་པ་ར་སྤྲོད་བྱེད་ཐུབ་པ་ཡིན། འདི་ལྟར་ང་ཚོ་འགྲོ་བ་མིའི་རིགས་ཚང་མར་ཆེས་མེད་དུ་མི་རུང་བ་ནི། གཅིག་ཕན་གཅིག་གྲོགས། འགྲོ་བ་མིའི་ཀུན་ཤེས་ཀྱི་བསམ་བློ་དང་འགྲོ་བ་མིའི་ཀུན་ཁྱབ་ཀྱི་སེམས་ཁུར། འདྲ་མཉམ་ཀྱི་ཁེ་དབང་། གཅིག་གྱུར་གྱི་འདུ་ཤེས་དང་སྟོབས་ཤུགས། སྐྱིད་སྡུག་མཉམ་གནས་ཀྱི་འགན་འཁྲུ་འགྲོ་བ་མིའི་ལྷན་སྐྱེས་ཀྱི་བདག་དབང་སོགས་ནི། འགྲོ་བ་མིའི་འདས་སོང་དང་ད་ལྟ། འབྱུང་འགྱུར་བཅས་ལ་དཔག་ནའང་། འགྲོ་བ་མིའི་འཚོ་བའི་གོམ་གཤིས་ནང་། དུས་ནམ་ཡང་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡར་རྒྱས། ཡར་རྒྱས་ནས་མི་ཉམས་རྒྱུད་འཛིན་བྱས་པ་མ་ཟད། ཁེར་རྐྱང་ནས་མཉམ་གནས་ཀྱི་གནས་ཚད་མཐོ་རུ་བྱིན་པ་དང་། མི་ཉམས་རྒྱུད་འཛིན་བྱེད་པར་འགྲོ་བ་མིའི་རིགས་རུས་དང་ཤ་མདོག དབུ་ཕྱུག་དང་ཕོ་མོ་ལ་དབྱེ་བ་མེད་པར་འཁྲི་བའི་འགྲོ་བ་མིའི་སྨྲ་ཤེས་ཤིང་དོན་གོ་བའི་སེམས་བྱུང་གི་བདེ་སྡུག་སེམས་ཀྱི་འོད་སྣང་དང་འབྲལ་ཐབས་མེད་པའི་འགན་ཁུར་ཆགས་ཡོད་པ་རེད་ཅེས། འཛམ་གླིང་གི་སྤྱི་འབངས་ལ། ཉམ་ཆུང་བའི་མི་ཆུང་ངའི་ལག་ཟུང་བྲང་ཁར་བཞག་ནས། འགྲོ་བ་མིའི་རིགས་ཀྱི་དབུ་ཁྲིད་རྣམས་པའི་གཙོས་སྐྱེ་བོ་ཤེས་ལྡན་པ་ཡོངས་ལ་ཉམ་ཆུང་བའི་བོད་མི་མང་སྐྱོབས་རྒྱུ་དང་རྒྱ་བོད་ཞི་འགྲིག་ཡོང་བར་རོགས་སྐྱོར་ཁ་ཞེ་གཉིས་མེད་ཀྱིས་གནང་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན།། དྲུང་ཡིག་དོན་ལྡན་ནས།
ཨོ་་ད་དུང་དྲུང་ཡིག་ལགས་་་་་ཁོ་ལ་འདི་ལྟར་བལྟ་རྟོགས་དང་བདག་སྐྱོང་ཡག་པོ་བྱས་པར་སེམས་གཏིང་ནས་བཀའ་དྲིན་ཆེ་ཆེ་ཞུ།
དྲུང་ཡིག་པ་ལགས་། བཀའ་དྲིན་ཆེ་ཞེས་སྙིང་ཁོང་ནས་ཞུ་འདོད་ཕྱུང་།
ངས་་་ཤ་ཁྲག་ཁོས་གནས་སྟངས་ཞིག་མ་གོ་པར་འཕྲེང་ནས་ཡོད་་་་
ཡང་གཅིག་བཤད་ན་དོན་དག་ཞིག་གི་དབང་གིས་ང་དྲ་ཐོག་དུ་ཡོང་མ་ཐུབ་པར་ཡུན་རིང་འགོར་སོང་་་་དྲ་ཐོག་དུ་ཡོང་ནས་་་་ཤ་ཁྲག་ཁོས་གནས་སྟངས་ཞིག་ཨེ་གོ་པར་བཙལ་པ་ཡིན་དེ་རིང་འདི་ནས་མཐོང་སོང་པས་ཧ་ཅང་དགའ་སོང་་་་་ད་རྠེས་མ་ནས་ཐུགས་་་་ཤ་ཁྲག་ཁོ་དང་དྲུང་ཡིག་ཁྱེད་གཉིས་ལ་ཅི་བསམ་བྱ་པ་ཡོང་མྱུར་ཏུ་འགྲུབ་པས་སྨོན་འདུན་ཞུ་ཞུ་་་་་་་་་
བཀའ་དྲིན་ཆེ། དཔའ་བོ་གླིང་ཚའི་དོན་དམ་པའི་སྤུན་ཟླ་ཟེར་ན་འདྲ་གྲོགས་པོ་ཟེར་ན་འདྲ་ཁྱེད་ལྟ་བུ་དགོས་པ་རེད། ད་ངས་ཁ་ཡག་མི་བྱེད་། ངོ་མ་འོས་ནི་མ་རེད། ཡིན་ཡང་། ཐ་མལ་པ་ང་ལ་མཚོན་ན་ཁྱེད་ཀྱི་སྐུ་དྲིན་ནམ་ཡང་མི་བརྗེད་་་་་་་
གྲོགས་(ཨ)ལགས། དང་པོ། ཁོང་གི་ཉིན་རེའི་འཚོ་བ་དང་ཟས་གོས་སོགས་ཀྱི་ཐད་ནས་དཀའ་ངལ་གང་ཡང་མེད། གཟའ་འཁོར་གསུམ་རེའི་ནང་ནས་ཁོང་ལ་ཐུག་ཏུ་འགྲོ་གི་ཡོད། གཉིས། སྐུའི་འཕྲོད་བསྟེན་སྐོར་ཧ་ཅང་ཡག་པོ་འདུག སྔོན་མ་ངས་ཀྱང་དེའི་སྐོར་ལ་སེམས་ཁུར་བྱས་ནས། གཟུགས་པོ་བཀྲུ་ས་སོགས་ཉོས་ནས་སྤྲད་པ་ཡིན། ཁོང་གིས་བཙོན་ཁང་ནང་ནས་ཁོར་ཡུག་དང་འཕྲོད་བསྟེན་ཡག་པོ་འདུག་གསུང་སོང་། གསུམ། ཁོང་ལ་བཙོན་ཁང་ནས་སྟངས་འཛིན་བྱེད་ཕྱོགས་དང་བལ་གཞུང་གི་ལྟ་སྟངས་ཡག་པོ་མི་འདུག ཁོང་ལ་ཐུག་འཕྲད་བྱེད་དུ་འགྲོ་སྐབས་བཙོན་མི་གཞན་དང་མི་འདྲ་བར་འགན་འཁུར་མཁན་དང་ཁྲིམས་ཁང་གི་སྐུ་ངོ་སོགས་ཀྱིས་ཆོག་མཆན་མེད་ན་འགྲོ་ཐུབ་ཀྱི་མི་འདུག མི་མང་པོ་འགྲོ་བ་ཡིན་ན་ཁོང་ལ་ལྟ་སྟངས་སྡུག་ཏུ་འགྲོ་གི་འདུག བཞི། བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་གཙོའི་ཚོགས་པ་སྐྱིད་སྡུག་ཁག་དང་གནས་བཞུགས་བོད་མི་ཚོས་དོན་དག་གང་ཅིའི་ཐད་རྒྱབ་སྐྱོར་དང་རོགས་རམ་གང་ལེགས་བྱེད་ཀྱི་འདུག ལྔ། ཁོང་གི་ཕ་མ་གཉིས་དང་ནུ་མོ་རྡ་ས་ན་ཡོད་པ་རེད། ཁ་པར་སོགས་ནས་གོ་བ་ལྟར་ན་བདེ་མོ་རེད་ཟེར། ཁོང་གི་ཆུང་མ་དང་བྱིས་པ་གཉིས་བདེ་འཚམས་རེད་ལགས། སྐུ་ཉིད་ནས་ཁོང་གི་ཞི་བའི་འཐབ་རྩོད་སྐོར་ལ་རྩོམ་ཡིག་རེ་འབྲི་རྒྱུ་དང་གཞན་ལ་སྐུལ་མ་བྱེད་པར་ཐུགས་ལ་འཛིན་རོགས་ཞུ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱིས་ཁོང་བཙོན་གྲོལ་ཐོབ་པར་ཕྱག་ལས་གནང་དང་གནང་བཞིན་འདུག གལ་སྲིད་ནུས་པ་མ་ཐོན་པ་ཡིན་ན་ཁྲིམས་གཏུག་བྱེད་རྒྱུ་ཡིན་ལགས། དྲུང་ཡིག་ཁྲ་དོན་ལྡན་ནས།
སྟོན་པའི་ན་བཟའ་ཕྱི་རུ་བདག་བཟུང་ནས།།
དགོན་པའི་ནང་ན་དཀྱིལ་ཀྲུང་ཅན་པ་ངས།།
མི་ཚེའི་དམ་ཆོས་རྨི་ལམ་གཏོང་བཞིན་དུ།།
སེམས་ཀྱི་ཨ་ཅོ་དྲན་པའི་དྲི་བ་ཡིན།།
ཤེས་རྒྱ་དང་ལྷག་བསམ་ཅན་གྱི་དྲུང་ཡིག་པ་ལགས། བདག་གིས་རྩ་བ་ནས་མི་ཤེས་ཤིང་ཁྱེད་ཀྱིས་ཐད་ཀར་འམ་བརྒྱུད་ནས་ཤེས་སྲིད་པའི་དཔའ་བོ་གླིང་ཚའི་སྐོར་གྱི་དོན་དག་འགའ་བདག་ལ་འདྲི་རྒྱུ་འདུག གཅིག དེང་སྐབས་དཔའ་བོ་ཁོང་གི་ཉིན་རེའི་འཚོ་བའི་ཐད་ཀྱི་ཟས་གོས་ཕྱོགས་ནས་ག་འདྲ་འདུག གཉིས། དེ་བཞིན་སྐུའི་འཕྲོད་བསྟེན་སྐོར་ནས་ཅི་འདྲ་འདུག གསུམ། ཁོང་ལ་བཙོན་ཁང་ནས་སྟངས་འཛིན་བྱེད་སྟངས་དང་དེ་ཀའི་སྲིད་གཞུང་གིས་ཡག་ཉེས་ལྟ་སྟངས་སོགས་ཀྱང་ག་འདྲ་འདུག བཞི། ཁོང་ལ་དོན་དག་ཆེ་ཆུང་གང་ཅིའི་ཐད་ནས་རྒྱབ་སྐྱོར་དང་རོགས་རམ་བྱེད་མཁན་ཡང་ཅི་ཙམ་འདུག ལྔ། དཔའ་བོ་ཁོང་གི་བརྩེ་བའི་ཡུམ་ཆེན་དང་ནུ་མོ་དེ་མིན་སྐུ་ཟླ་ལགས་དང་ད་དུང་ཤ་ཁྲག་ལས་ཆད་པའི་བུ་ཕྲུག་ཚོའི་གཙོས་ནང་མི་ལྷན་རྒྱས་བདེ་མོ་ཨེ་རེད།།
གཞན་ཡང་། བོད་ཀྱི་ཚད་ལྡན་ཤེས་ཡོན་པ་དང་འུ་ཚོའི་རང་དབང་ཅན་གྱི་ཚོགས་སྡེའི་(དེབ་པར་སྐྲུན་ཁང་)གི་བྱེད་པོ་རྣམས་ཀྱིས་ཀྱང་། རང་རེའི་སྤྱི་ཚོགས་ལ་ཆབ་སྲིད་གོ་རྟོགས་སྤེལ་སླད་དང་ལོ་རྒྱུས་ཀྱི་དྲན་རྟེན་ཆེན་པོ་ཞིག་བཞེང་ཕྱིར། ངེས་པར་དུ་དཔའ་བོ་གླིང་ཚ་དང་ཁོང་གི་ཞི་བའི་འཐབ་རྩོད་ད་དུང་དེ་གཉིས་ཀྱི་མཚོན་དོན་རང་བཞིན་ལས་གྲུབ་པའི་དཔའ་བོ་གླིང་ཚའི་གསུང་རྩོམ་སོགས་ལ་ཐུགས་འགན་གནང་གལ་ཤིན་ཏུ་འང་ཆེ་བར་སྣང་ངོ་།།
དེ་མིན་འུ་ཚོའི་ཆབ་སྲིད་ཚོགས་སྡེ་དག་གིས་ཀྱང་། དཔའ་བོ་གླིང་ཚ་ཆབ་སྲིད་ལམ་དུ་འཁྱེར་སྟངས་ཤེས་པའི་སྟེང་ནས་ཁོང་གི་ཞི་བའི་འཐབ་རྩོད་དང་ད་ལྟའི་ཁོང་གི་གནས་ཚུལ་སོགས། ད་དུང་ཀུན་ལས་གལ་ཆེ་བ། དཔའ་བོ་ཁོང་གི་(མི་རིགས་རྩ་དོན་གྱི་ཞི་བའི་འཐབ་རྩོད)་འདིའི་ནང་དོན་དང་མངོན་འདོད་ཇི་མ་ཇི་བཞིན་མཚོན་ཐུབ་པའི་ཁོང་གི་གསུང་རྩོམ་གྱི་གཙོས། མདོར་ན་དཔའ་བོ་ཁོང་གི་ཡོད་ཚད་། ས་སྒང་ཐོག་གི་བོད་དོན་རྒྱབ་སྐྱོར་པ་གང་ཡོད་ལ་སྐབས་དང་བསྟུན་ཏེ་(འཆད་སྒྲོག་སྤྲོད་གསུམ་)གནང་རྒྱུ་ནི་བོད་པའི་རྩ་དོན་རྩོད་ཐབས་བླ་ན་མེད་པ་ཞིག་ཏུ་སྣང་ངོ་།།
དོན་དམ་དུ་མི་རིགས་ལ་ཤ་ཞེན་དང་ད་ལྟའི་མི་རིགས་ཛ་དྲག་གི་གནད་དོན་ལ་གོ་རྟོགས་ཡོད་མཁན་གྱི་རང་རེའི་དབྱིན་རྒྱ་སྐད་གཉིས་སྨྲ་བའི་ལོ་ཙྭ་བ་ཞིག་ལ་མཚོན་ན། དཔའ་བོ་གླིང་ཚའི་ཐེངས་འདིའི་རྩོམ་(ངའི་ཞི་བའི་འཐབ་རྩོད་)ཀྱི་གཙོས་དཔའ་བོ་ཁོང་གི་ཞི་བའི་འཐབ་རྩོད་དང་འབྲེལ་བ་ཡོད་པའི་ཁོང་གི་གསུང་རྩོམ་ཐམས་ཅད། ཅིས་ཀྱང་རང་གི་ཁྱད་ཡོན་བེད་སྤྱད་ནས་གཞན་གྱི་སྐད་ཡིག་ནང་འཇོག་ཐུབ་པ་བྱ་རྒྱུ། ངོ་མ་ཁ་ཚ་དགོས་གཏུགས་ཅིག་རེད་འདོད་དོ།།
རྣམ་པ་ཚོ་ཕེབས་པར་ཐུགས་རྗེ་ཆེ། མུ་མཐུད་དུ་བསམ་ཚུལ་དང་དྲི་བ་ཅི་ཡོད་གསུང་རོགས་ཞུ། དྲུང་ཡིག་ཁྲ་དོན་ལྡན་ནས།
ཤ་ཁྲག་རུས་གསུམ་ལགས། ཟིན་ཐོ་འདི་མགོ་ནས་མཇུག་བར་ཞིབ་ཀློག་ཐེངས་གཅིག་བྱས་པ་ཡིན། མ་གཞི་ཁྱེད་ཀྱིས་བློས་གཏོང་དང་ལས་འཆར་ལ་མ་རེད་ཞུ་བ་དང་བསམ་ཚུལ་འདོན་པའི་འོས་བབས་བདག་ལ་མེད་ཀྱང་། ཁྱོད་ཀྱི་ཟིན་རྩོམ་དག་ལ་བཀླགས་ཀྱིན་བཀླགས་ཀྱིན་སེམས་ཚོར་ཞིག་སྐྱེ་འོང་བ་ནི། ཁྱོད་ཀྱི་འཐབ་རྩོད་ཀྱི་ཕུག་འདུན་འདི་རབ་རིབ་ནས་མག་མོག་ཏུ་འགྱུར་གྱིན་མེད་དམ་བསམ་པ་འདི་རེད་ལ། དེ་བས་བོད་ཀྱི་ཁ་དཔེར་”རྒྱ་ཆེ་ས་ནས་དཀྱིལ་བུག”ཅེས་པ་དང་འདྲ་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཞིག་ཀྱང་ཡོང་གིན་འདུག གང་ལྟར་ད་དུང་ཁྱོད་ལ་རེ་བ་ཞིག་ཡོད་པ་ནི་དམིགས་ཡུལ་གྱི་འཐབ་རྩོད་གཅིག་ལ་རིག་པ་སྒྲིམ་རོགས་ཞེས་པ་འདི་ཡིན།
ད་དུང་རེ་སྐུལ་ཞིག་ལ། ཟིན་ཐོ་སྤེལ་དུས་ཡི་གེ་ཅུང་ཆེ་རུ་གཏོ་རོགས།
འགྲོ་བ་མིའི་རིགས་ཀྱི་དབུ་ཁྲིད་རྣམ་པ་དང་ཤེས་ལྡན་པ་ཡོངས་ལ་སྐུ་ཉིད་ཀྱིས་ཞུས་པའི་འབོད་སྐུལ་འདི་ལ་བལྟས་ཟིན་པ་ཡིན།
ཉིད་ཀྱི་འཇིག་རྟེན་ཡོངས་ཁྱབ་ཀྱི་དགོངས་པ་བཞེས་ཕྱོགས་འདི་ལའང་བརྩི་བཀུར་ཞུ་རྒྱུ་ཡིན། འཇིག་རྟེན་བདེ་ཐབས་སུ་མི་རིགས་དབྱེ་འབྱེད་མི་བྱེད་པའང་བརྩི་བཀུར་བྱེད་ཀྱི་ཡིན།
ད་དུང་བཙོན་ཁང་དུ་སྐུ་ལས་ཁེགས་པོ་འདུག་གམ། ཟེར་ནས་འཚམས་འདྲི་ཕན་ཐོགས་པ་མེད་པ་ཞིག་ཀྱང་ཞུ་རྒྱུ་ཡིན། མགྱོགས་ནས་མྱུང་དུ་ཉིད་ཀྱི་ཞི་བའི་འཐབ་རྩོད་རྒྱ་ཇེ་ཆེ་གཏིང་ཆེ་ཟབ་ཏུ་འགྲོ་བར་སྨོན། གུས་པས་ཕུལ།