བཙོན་གླུ།
གླུ་ཚིག
ང་དང་རྨི་ལམ་བོད་ཀྱི་བདེ་སྐྱིད་རེད།།
ང་དང་རེ་བ་རྒྱ་བོད་ཞི་འགྲིག་རེད།།
བོད་ཀྱི་བདེ་སྐྱིད་བོད་མིའི་ཁེ་དབང་རེད།།
རྒྱ་བོད་ཞི་འགྲིག་འཛམ་གླིང་ཞི་བདེ་རེད།།
ང་དང་ཕ་མ་མ་ཤི་གསོན་བྲལ་རེད།།
ང་དང་བུ་ཕྲུག་སྐྱེ་བ་སྔ་ཕྱི་རེད།།
མ་ཤི་གསོན་བྲལ་སྔོན་བསགས་ལས་དབང་རེད།།
སྐྱེ་བ་སྔ་ཕྱི་ལས་འབྲས་བསླུ་མེད་རེད།།
ང་དང་བཙོན་རྭ་ཡུ་མོ་ཁེར་འགྲོ་རེད།།
ང་དང་སྐད་ཆ་བདེན་པ་རྩོད་བྱེད་རེད།།
ཡུ་མོ་ཁེར་འགྲོ་ནམ་འཆི་ཆ་མེད་རེད།།
བདེན་པ་རྩོད་ཡུལ་བྱང་ཐང་སྐྱ་བོ་རེད།།
ང་དང་བརྩེ་བ་ནམ་ཟླའི་འཁྱག་རོམ་རེད།།
ང་དང་དུང་བ་སྐྱི་སེར་རླུང་བུ་རེད།།
ནམ་ཟླའི་འཁྱག་རོམ་དགུན་ཁའི་གྲང་ངར་རེད།།
སྐྱི་སེར་རླུང་བུ་མི་ཁའི་མདའ་མོ་རེད།།
གླུ་བ་གླུ་མ་སུས་ལེན་ཐུབ་ན་དེ་ལ་སྤྲད་པ་ཡིན།བལ་ཡུལ་བཙོན་ཁང་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས། དྲུང་ཡིག་དོན་ལྡན།
མི་ཡི་སྙིང་ལ་རུས་པ་ཡོད་ས་ན།།
མི་ཡི་བུ་ཆུང་ལྷ་ཡི་སྲས་དང་འདྲ།།
མི་ཡི་བདེ་སྡུག་དེ་ཡིས་གླུ་རུ་ལེན།།
མི་ཡི་དབང་ཐང་དེ་ཡིས་བསྐྲུན་ལ་འབད།།
ཁེར་རྐྱང་བཙོན་ན་ལྷགས་ཀྱང་ཁེར་རྐྱང་མིན།།
བོད་ཀྱི་ཕུ་ནུའི་ཚེ་སྲོག་ལྷན་དུ་གནས།།
བོད་ཀྱི་ལ་རྒྱའི་དབུ་འཕང་དགུང་ལ་གཏད།།།
དགུང་གི་ཉི་ཟླ་ཉིད་ཀྱིས་གཙུག་ཏུ་བསྣམས།།
ཀ་ཁའི་དབྱངས་རྟ་ཉིན་དང་མཚན་ལ་གྱེར།།
དེས་ན་གནས་བ་མེས་པོའི་བླ་སྲོག་ཡིན།།
གངས་ལྗོངས་ཁུ་སིམ་མིན་པའི་དངངས་འཚབ་ཁྲོད།།
སེམས་ཀྱི་ཞི་བདེ་འབོད་པའི་ཕོ་ཉ་ཡིན།
ཁྱེད་དང་བདེན་པ་ལྷ་མོའི་མཛེས་སྡུག་རེད།
ཁྱེད་དང་སྙིང་སྟོབས་མི་ཡི་གཟི་བརྗིད་རེད།
ཁྱེད་དང་ལ་རྒྱ་བོད་པའི་དྲན་རྟེན་རེད།
ཁྱེད་དང་རྒྱལ་ཁ་རྨི་ལམ་གསོན་པོ་རེད།