ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོར་སི་ཁྲོན་ཞིང་ཆེན་ཡཱས་པིན་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་གི་ནང་འབར་གད་ཀྱི་དོན་རྐྱེན་བྱུང་སྟེ། མི་གཅིག་རྐྱེན་འདས་དང་མི་ ༧༧ ལ་རྨས་སྐྱོན་ཕོག་ཡོད་འདུག
ཕྱི་ལོ་ ༢༠༠༨ ལོའི་བུན་ཁྲན་ས་ཡོམ་བྱུང་སྟེ་ལོ་ངོ་ ༦ འཁོར་བའི་ཉིན་མོ་དེ། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོ་པེ་ཅིན་གྱི་ཆུ་ཚོད་ ༤ །༥༠ ཡས་མས་སུ། སི་ཁྲོན་ཞིང་ཆེན་ཡཱས་པིན་གྲོང་ཁྱེར་གྱི་གཞུང་ལམ་ཨང་ ༡༤ པའི་སྤྱི་སྤྱོད་རླངས་འཁོར་ཞིག་གི་ནང་འབར་གད་དོན་རྐྱེན་བྱུང་སྟེ། མི་གཅིག་སྤྱི་སྤྱོད་རླངས་འཁོར་ནང་རྐྱེན་འདས་སུ་གྱུར་ཡོད་པ་དང་། མི་ ༡༢ ལ་རྨས་སྐྱོན་ཚབས་ཆེན་ཕོག་པ་སོགས་མི་གྲངས་ ༧༧ ལ་རྨས་སྐྱོན་བཟོས་ཡོད་འདུག
ཁ་སང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས། ཉེན་རྟོག་ཕྱོགས་ནས་ད་རེས་ཀྱི་དོན་རྐྱེན་དེ། འབར་གད་ཁྲོད་རྐྱེན་འདས་སུ་གྱུར་བའི་ཡཱས་ཡེ་ཧེ་ཟེར་བ་དེས་བཟོས་པ་གཏན་འཁེལ་ཡོད་ཀྱང་། ཁོ་བོས་འབར་གད་ཀྱི་དོན་རྐྱེན་སློང་དགོས་པའི་རྒྱུ་མཚན་གསལ་བོ་ཤེས་ཀྱི་མེད་ལུགས་བརྗོད་ཡོད་པ་མ་ཟད། ཡཱས་ཡེ་ཧེ་ནི་རང་ལོ་ ༥༡ ཡིན་ཞིང་། སི་ཁྲོན་ལིས་ཅང་ནས་ཡིན་པ་དང་། ལོ་ངོ་ ༢༠ གོང་དུ་ཁོ་བོ་ས་གནས་ཀྱི་དམའ་འབྲིང་དགེ་རྒན་ཞིག་ཡིན་སྐོར་སོགས་བསྒྲགས་འདུག
ཐེངས་འདིའི་དོན་རྐྱེན་དེ། རྒྱ་ནག་ནང་འདས་པའི་ཟླ་ཤས་རིང་བྱུང་བའི་སྤྱི་སྤྱོད་རླངས་འཁོར་འབར་གད་ཀྱི་དོན་རྐྱེན་ཐེངས་གསུམ་པ་ཡིན་ལ། འདས་ལོའི་ཕྱི་ཟླ་ ༦ ཚེས་ ༧ ཉིན། རྒྱ་ནག་ཧྥོའུ་ཅན་ཞིང་ཆེན་ཤཱ་མེན་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་ལ་གློ་བུར་དུ་མེ་འབར་ཏེ། མི་ ༤༧ རྐྱེན་འདས་དང་མི་ ༣༤ རྨས་སྐྱོན་ཕོག ད་ལོའི་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་རྒྱ་ནག་ཀེ་ཀྲུའུ་ཞིང་ཆེན་ཀེ་ཡཱང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་ལ་འབར་གད་བྱུང་སྟེ། མི་ ༦ ལ་སྲོག་སྐྱོན་དང་མི་ ༣༥ ལ་རྨས་སྐྱོན་བཟོས་པ་སོགས་འགྲུལ་སྐྱེལ་རླངས་འཁོར་ནང་དོན་རྐྱེན་བསྟུད་མར་བྱུང་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡ ཉིན་ཁུན་མེན་རླངས་འཁོར་འབབ་ཚིགས་དང་། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཝོའུ་རོམ་ཆི་རླངས་འཁོར་འབབ་ཚིགས་སོགས་སུ་དམར་གསོད་ཀྱི་དོན་རྐྱེན་རིམ་པར་བྱུང་སྟབས། འགྲུལ་བཞུད་པ་ཚོར་འཇིགས་སྣང་ཆེན་པོ་བསླངས་ཡོད་འདུག
རྒྱ་ནག་ནང་བསྟུན་མར་བྱུང་བའི་དོན་རྐྱེན་དག་གི་རྒྱུ་རྐྱེན་ཐད་སི་ཁྲོན་གྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཕོའུ་ཧྥེ་ཡིས། ཤི་རྨས་ཀྱི་དོན་རྐྱེན་དེ་དག་གི་འབྱུང་རྐྱེན་གཙོ་བོ་ནི། རྒྱ་གཞུང་གིས་སྤྱི་ཚོགས་ལ་དྲག་གནོན་བྱེད་བཞིན་པ་ཚད་ལས་བརྒལ་བ་དང་། སྲིད་གཞུང་གི་ལས་བྱེད་སོགས་རིམ་པ་འདྲ་མིན་གྱི་མི་ཚང་མར་རང་ཉིད་ཀྱི་དཀའ་ངལ་བཤད་པའི་ཐོབ་ཐང་མེད་པའི་རྐྱེན་གྱིས་རེད། འདི་ལྟར་དམ་དྲག་གི་སྲིད་བྱུས་ཡུན་རིང་ལག་བསྟར་བྱས་པ་ཡིན་ན། དོན་རྐྱེན་འདི་རིགས་སྔར་ལས་ཇེ་མང་དུ་འགྲོ་བ་ལས་ཇེ་ཉུང་དུ་འགྲོ་མི་སྲིད་སྟབས། དོན་རྐྱེན་གྱི་འགན་ཡོད་ཚད་རྒྱ་ནག་གཞུང་ལ་ཡོད་སྐོར་བརྗོད་འདུག
གསར་འགོད་པ། པདྨ་མཚོ།