ཁ་སང་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡེན་ཅིག་གིས་ན་གཞོན་བཞུགས་མོལ་ཚོགས་འདུའི་ཐོག ཐའེ་ཝན་ཁྲིམས་འཛིན་ལྷན་ཁང་གིས་ན་གཞོན་བློ་འདྲི་ཚོགས་པ་གསར་འཛུགས་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་འདུག
ཉེ་སྔོན་ཐའེ་ཝན་གྱི་མཐོ་རིམ་སློབ་མ་ཚོས་ཐའེ་རྒྱ་བར་གྱི་ཚོང་འབྲེལ་གྲོས་ཆོད་ཅིག་ལ་ངོ་རྒོལ་བྱས་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༠ ཉིན་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡེན་ཅིག་གིས་སྲིད་འཛིན་གྱི་ལས་འགན་འཁུར་ཏེ་ལོ་ངོ་ ༦ འཁོར་བའི་དུས་དྲན་གྱི་ཉིན་མོར། མཐོ་རིམ་སློབ་མ་ཚོར་ན་གཞོན་བཞུགས་མོལ་ཚོགས་འདུ་ཞིག་ཆེད་དུ་གོ་སྒྲིག་བྱས་ཏེ། སྲིད་འཛིན་མཱ་ཡེན་ཅིག་གིས་གཞོན་སྐྱེས་ཀྱི་གསར་གཏོད་ནུས་པ་ཧུར་ཐག་གིས་གསོ་སྐྱོང་དང་འཚོ་གནས་ཀྱི་སྙིང་པོ་མངོན་འགྱུར་བྱེད་པ། དྲང་ཕྱོགས་ནས་རང་དབང་ཚོང་འབྲེལ་བྱེད་པར་མོས་མཐུན་སོགས་གཞོན་སྐྱེས་ཀྱི་སྲིད་བྱུས་དོན་ཚན་ལྔ་ཁྱབ་བསྒྲགས་བྱས་ཡོད་པའི་ནང་། ཁྲིམས་འཛིན་ལྷན་ཁང་གིས་མ་འོངས་པར་ན་གཞོན་བློ་འདྲི་ཚོགས་པ་ཟེར་བ་ཞིག་གསར་འཛུགས་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་སྟབས། མཐོ་རིམ་སློབ་མ་གཙོས་ཐའེ་ཝན་མི་མང་གིས་གནས་ཚུལ་དེར་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་འདུག
ཚོགས་འདུའི་ཐོག་མཱ་ཡེན་ཅིག་གིས། “ན་གཞོན་བློ་འདྲི་ཚོགས་པའི་ནང་མ་འོངས་པར་གཞོན་སྐྱེས་ཀྱི་གྲོས་དོན་ལ་ཆེད་ལས་དང་བསམ་འཆར་ཡོད་པ། གསར་བརྗེའི་ལྷག་བསམ་ལྡན་པའི་རང་ལོ་ ༣༥ མན་གྱི་ན་གཞོན་གཙོ་བོར་བཟུང་ནས་བསྡུ་རྒྱུ་ཡིན་ལ། མ་འོངས་པར་བློ་འདྲི་ཚོགས་པས་ན་གཞོན་ཀྱི་གྲོས་དོན་ཁོ་ན་མ་ཡིན་པར་རྒྱལ་ཡོངས་ཀྱི་ཐུན་མོང་སྲིད་བྱུས་ཐོག་བསམ་འཆར་འདོན་ཐུབ་པའི་རེ་བ་ཡོད། ”ཅེས་བརྗོད་འདུག
གཞན་ཡང་། སྐབས་དེར་མཱ་ཡེན་ཅིག་གིས་ཉེ་སྔོན་གྱི་མཐོ་རིམ་སློབ་མའི་ངོ་རྒོལ་ཐད་བརྗོད་དོན། ད་རེས་ཀྱི་ངོ་རྒོལ་གྱིས་ན་གཞོན་ཁག་ཅིག་གི་ཐའེ་རྒྱ་བར་གྱི་དོགས་གཞི་མཚོན་ཡོད་ཀྱང་། རྒྱ་ནག་སྐམ་ས་ཆེན་མོ་འཛམ་གླིང་ཐོག་སྟོབས་འབྱོར་ཆེ་ཤོས་ཨང་གཉིས་པ་ཡིན་པ་ཐའེ་ཝན་གྱིས་མ་མཐོང་ཁུལ་དང་ཡ་མེད་བྱེད་ཐབས་མེད་པ་ངེས་པར་དུ་ཤེས་དགོས་པ་དང་། ཐའེ་ཝན་གཞུང་གིས་གོ་སྐབས་བཟང་ཞིང་ཉེན་སྐྱོན་ཆུང་བའི་བྱ་གཞག་འཚོལ་སྙེག་བྱེད་བཞིན་ཡོད་ལ། འདས་པའི་ལོ་ངོ་ ༦ རིང་ཐའེ་རྒྱ་ཕྱོགས་གཉིས་ཀྱིས་འདྲ་མཉམ་དང་ཁ་གསལ་གྱི་ཐོག་ནས་མཉམ་ལས་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག
བཞུགས་མོལ་ཚོགས་འདུ་གྲོལ་ཏེ་མཱ་ཡེན་ཅིག་ཕྱི་ལོགས་སུ་སླེབ་སྐབས། ཐའེ་ཝན་དཀྱིལ་དབུས་ཀྱི་སློབ་ཆེན་མང་པོའི་སློབ་མ་ཚོ་འདུ་འཛོམས་བྱས་ཏེ། མཱ་སྲིད་གཞུང་གིས་རྒྱལ་སྤྱིའི་སྨམ་བཅོས་ཀྱི་ལས་གཞིས་ས་གནས་མི་མང་གི་སྨན་བཅོས་ཁེ་དབང་ལ་གནོད་སྐྱོན་ཆེན་པོ་བཟོ་རྒྱུ་ཡིན་པའི་ངོ་རྒོལ་བྱས་ཡོད་པ་མ་ཟད། སྒེར་གཅོད་ལ་ངོ་རྒོལ་ཡོད། མཱ་ཡེན་ཅིག་གིས་རྩ་ཁྲིམས་གཏོར་བརླག་གཏོང་བཞིན་འདུག་ཅེས་སྐད་འབོད་བྱས་ཡོད་འདུག
གསར་འགོད་པ། པདྨ་མཚོ།