བོད་ཀྱི་གཞོན་ནུ་ལྷན་ཚོགས་ནང་ཁུལ་ལྟ་གྲུབ་དང་ལངས་ཕྱོགས་མ་མཐུན་པ་བྱུང་སྟེ། ལ་དྭགས་ས་གནས་གཞོན་ནུ་གཙོས་པའི་དབུ་མའི་ལམ་གྱི་ལྟ་གྲུབ་འཛིན་མཁན་གྱི་ས་གནས་ཁག་བརྒྱད་དང་། བུད་མེད་ལྷན་ཚོགས་དབུས་ས་གཉིས་བཅས་ཀྱིས་དུས་དབང་གོ་སྒྲིག་ཚོགས་ཆུང་ལ་མཉམ་རུབ་བྱས་ཏེ་སྤྱི་ཚོགས་ཞབས་ཞུ་བསྒྲུབ་ཀྱི་ཡོད་འདུག
ཟླ་འདིའི་ཚེས་ ༢༥ ཉིན་ནས་བཟུང་ལ་དྭགས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོཊ་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས། དབུས་བུད་མེད་ལྷན་ཚོགས། གཞོན་ནུའི་ས་གནས་ཁག་བརྒྱད་ཀྱི་འཐུས་མི་བཅས་ཀྱིས་དུས་དབང་གོ་སྒྲིག་ཚོགས་ཆུང་ལ་མཉམ་རུབ་ཀྱིས་སྤྱི་ཚོགས་ཞབས་ཞུའི་ལས་ཀ་བྱེད་ཀྱི་ཡོད་འདུག དེའི་ཐད་ཀོ་ལི་གྷལ་དང་ཧོན་སུར། མོན་གྷོ། སྦེང་ལོར། སྦེལ་ཀོབ། ཌལ་ཧོར། པན་ཊོ། ལ་དྭགས་བཅས་ས་གནས་ཁག་བརྒྱད་ཀྱི་གཞོན་ནུའི་ཚོཊ་གཙོ་ཚེ་རིང་ལྷ་སྐྱབས་ལགས་ཀྱིས་བརྗོད་དོན་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ནས་བཟུང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་དང་། དབུས་བུད་མེད་ལྷན་ཚོགས། ས་གནས་ཁག་བརྒྱད་ཀྱི་གཞོན་ནུའི་ཚོགས་མི་བཅས་མི་ ༣༡༠ ལྷག་གིས་ལྕོག་ལམ་སའི་ཟམ་པ་དང་སླེ་རླངས་འཁོར་ས་ཚིགས་གསར་པ། གཞིས་ཆགས་ལས་ཁུངས་མདུན། བ་ཀུ་ལ་གནམ་ཐང་བཅས་ས་གནས་ཁག་བཞིར་ཆུ་ཚོད་ ༢༤ རིང་ཆོས་ཞུ་བར་སྣེ་ལེན་བྱེད་བཞིན་པར་མ་ཟད། ༸གོང་ས་མཆོག་གི་བཀའ་སློབ་དང་། བདེ་སྲུང་ལས་ཁུངས་ཀྱི་ལམ་སྟོན། ལ་དྭགས་དགོན་ཚོགས་དང་ནང་ཚོགས་བཅས་ཀྱིས་རེ་སྐུལ་ལྟར། མི་ ༤ ཆེད་གཏོང་གིས་བོད་ནས་ཕེབས་པའི་ཆོས་ཞུ་བ་ཚོར་སྐད་བསྒྱུར་དང་ཡར་སྐྱེལ་མར་ལེན་བཅས་གནང་གི་ཡོད་འདུག
སང་ཉིན་ཕྱི་ཚེས་ ༣ ཉིན་ནས་བཟུང་གསལ་བསྒྲགས་ཁང་བཙུགས་ཏེ། མི་མང་ལ་དུས་དབང་གི་ཉིན་རེའི་ལས་རིམ་གསལ་བསྒྲགས། ཅ་དངོས་བོར་བརླག མི་བརྩད་གཅོད་བཅས་དང་། བུད་མེད་ཀྱི་བདེ་སྡུག སྐུའི་སྲུང་སྐྱོབ། ཁོར་ཡུག་གཙང་བཟོ། སྒྲིག་འཛུགས་ལྟ་རྟོག སྨན་བཅོས་ལྟ་སྐྱོང་། མི་འདས་གྲོངས་གཙོས་པའི་ཛ་དྲག་གི་གནས་ཚུལ་རིགས། གསུང་ཆོས་རྭ་བའི་སྒོ་ ༨ ཀྱི་ནང་ལུས་བཤེར་བཅས་ཀྱི་ལས་དོན་བསྒྲུབ་འཆར་ཡོད་འདུག
གསར་འགོད་པས་ཚེ་རིང་ལྷ་སྐྱབས་ལགས་སུ། ཐེངས་འདིའི་དུས་དབང་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ཕེབས་མེད་པའི་རྒྱུ་རྐྱེན་གང་ཡིན་དྲིས་པར་ཁོང་གིས། ད་རེབ་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་མ་ཕེབས་པ་དེ་སྤྱི་ཚོགས་ཞབས་ཞུའི་ལས་ཀ་བསྒྲུབ་མ་འདོད་པ་མིན་པར། ལངས་ཕྱོགས་དང་ལྟ་གྲུབ་མ་མཐུན་པའི་དབང་གིས་ཡོང་མེད་སྐོར་བརྗོད་དེ། ༢༠༡༣ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་ཆེན་ཐོག ལངས་ཕྱོགས་དང་ལྟ་གྲུབ་ཀྱི་དབང་གིས་ས་གནས་ཁག་ ༨ ཚོགས་འདུ་ལས་ཕྱིར་ཐོན་དགོས་ཆགས་ཡོད་པ་དང་། དེ་ཡང་གཙོ་བོ་༸གོང་ས་མཆོག་གི་བཀའ་སློབ་སྔ་རྗེས་དང་། དམིགས་བསལ་ ༢༠༡༣ ཟླ་ ༣ ཚེས་ ༢༩ ཉིན་ས་ལི་སྒར་དུ་གནང་བའི་བཀའ་སློབ་ཐོག་ས་གནས་ཁག་ཏུ་ཚོགས་མི་མཉམ་གྲོས་བསྡུར་སྦྱང་བཤད་དང་། ཉམས་ཞིབ་བཅས་བྱས་ཏེ་ཚོགས་མི་སྤྱི་མོས་ཐོག་གཞོན་ནུའི་ལངས་ཕྱོགས་ལམ་དབུ་མར་མ་བསྒྱུར་ཚེ། ཚོགས་མི་ཚང་མ་རྩ་དགོངས་ཞུ་རྒྱུ་ཡིན་ཞེས་བཤད་ཀྱང་། སྐབས་དེའི་ཚོགས་ཆེན་གྱི་ལས་རིམ་ཐོག་གོ་སྐབས་མ་རག་པ་སོགས་ཀྱི་གནས་ཚུལ་བྱུང་སྟབས། ཚོགས་ཆེན་ནས་ཕྱིར་ཐོན་ དགོས་བྱུང་ཡོད་སྐོར་སོཊ་བརྗོད་བྱུང་།
སྔར་ལོའི་ཚོགས་ཆེན་གྲུབ་རྗེས་དབུས་ས་གཉིས་བར་གྱི་འབྲེལ་ལམ་ཐད་ཁོང་གིས། དམིགས་སུ་བཀར་ནས་ང་ཚོར་འབྲེལ་བ་གང་ཡང་མེད། སྔར་ལོའི་ཚོགས་ཆེན་ཐོག་ང་ཚོ་ཕྱིར་ཐོན་སྐབས། ཕྱི་གསལ་ནང་གསལ་བྱས་ནས་ཐོན་པ་རེད། སྐབས་དེའི་ཚོགས་ཆེན་ཐོག་ཚོགས་འདུ་གཙོ་སྐྱོང་གནང་མཁན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་ཚོགས་བཅར་བ་ཡོངས་ཀྱི་མཚན་ཐོག་ལ་ང་ཚོས་ཡིག་ཐོག་སྙན་ཞུ་ཕུལ་བ་རེད། དེའི་ནང་འདས་པའི་ལོ་ ༤༠ ལྷག་གི་རིང་གཞོན་ནུའི་སྒྲིག་འཛུཊ་ནང་ལྷག་བསམ་རྣམ་དག་གིས་ལས་ཀ་བྱས་པ་ཡིན། བར་ལམ་༸གོང་ས་མཆོག་གི་བཀའ་སློབ་ལ་བརྟེན་ནས་མང་ཚོགས་ཀྱི་མངོན་འདོད་དང་། གཙོ་ཆེ་ཤོས་ས་གནས་ཚོགས་མིའི་མངོན་འདོད་ལ་བརྟེན་ནས་ང་ཚོ་ཕྱིར་འཐེན་བྱེད་དགོས་ཆགས་པ་རེད། ཡིན་ནའང་། ང་ཚོའི་ངོས་ནས་ད་རེབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ལམ་ལྷོང་ཡོང་བའི་སྨོན་འདུན་དང་། ལྷན་ཚོགས་ཀྱི་སྒྲིག་འཛུཊ་ལ་བརྩི་མཐོང་བྱེད་ཀྱི་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོཊ་ལམ་དབུ་མར་བསྒྱུར་བའི་ཉིན་མོར་ང་ཚོ་ས་གནས་ཁག་བརྒྱད་རང་བཞིན་གྱིས་ཡར་འཛུལ་རྒྱུ་ཡིན། ད་ལྟ་ང་ཚོ་ལངས་ཕྱོགས་དང་ལྟ་གྲུབ་ཐོག་ནས་མ་གཏོགས། གཞན་པའི་གནད་དོན་མེད་ཅེས་འཁོད་ཡོད། ང་ཚོས་ལས་ཀ་གང་བྱས་པ་དེ་ཕྱི་གསལ་ནང་གསལ་བཟོས་ཡོད་སྟབས། ང་ཚོ་སྒྲིག་འཛུཊ་གཉིས་བར་ལྟ་གྲུབ་རང་ལས་གཞན་འགལ་ཟླ་གང་ཡང་མེད། ཅེས་བརྗོད་བྱུང་།
ཐེངས་འདིའི་ལས་འགུལ་སྐོར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཤེས་ཀྱི་ཡོད་མེད་དྲིས་པར་ཁོང་གིས། “ ང་ཚོར་དེའི་སྐོར་ཅི་ཡང་བཤད་ཀྱི་མེད། ང་ཚོ་ས་གནས་ཁག་བརྒྱད་འདིར་ཐོན་པ་དེ་ད་རེབ་དུས་དབང་གནང་སའི་ཡུལ་ལ་དྭགས་ཁེལ་ཡོད་པའི་དབང་གིས་མཉམ་རུབ་ཆགས་ཡོད་པ་ལས། དེ་ལས་གཞན་པའི་དམིགས་ཡུལ་གང་ཡང་མེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ ༢༠༡༣ ཕྱི་ཟླ་ ༡༡ ལ་འདིར་ཐེངས་གཅིག་ཕེབས་པ་རེད། འདི་ལོའི་ཕྱི་ཟླ་ ༥ བར་འདིར་ཕེབས་ཏེ་ལ་དྭགས་ས་གནས་གཞོན་ནུ་མཉམ་གོ་བསྡུར་གྱིས་མཉམ་དུ་ལས་ཀ་བྱེད་རྒྱུའི་སྐད་ཆ་བྱུང་ཡོད་ཀྱང་། ལྟ་གྲུབ་ཀྱི་ཐོག་ནས་འགྲིག་གི་མི་འདུག་ཅེས་སྐད་ཆ་བྱུང་བ་རེད། ང་ཚོའི་ངོས་ནས་ལས་ཀ་སུས་བྱེད་པ་ཡིན་ན། བྱེད་མཁན་ངོ་འཕྲོད་དགོས་བའི་དབང་གིས་སྒྲིག་ཆས་ཐོག་ས་གནས་ཁག་བརྒྱད་ཅེས་བྲིས་པ་རེད། རྗེས་སུ་སྤྱི་ཁྱབ་རྒྱུན་ལས་ཁང་གིས་དེ་ལྟར་བྲིས་ན་ཏག་ཏག་བསྡད་ཀྱི་མི་འདུག་ལབ་སྐབས་ང་ཚོས་གུ་ཡངས་པོ་བྱས་པ་རེད། ད་ལྟ་སླེ་བྱང་བོད་ཀྱི་གཞོན་ནུ་ལྷན་ཚོཊ་མ་གཏོགས་མིང་བྲིས་ཡོད་མ་རེད། དེ་ཚོའི་ཐོག་ཕར་ཚུར་སྐད་ཆ་བཤད་པ་ཡིན་ན་མ་འགྲིག་པ་ཡོད་མ་རེད། དེ་འདྲའི་གནས་སྟངས་ཆགས་པ་རེད། དེ་དག་ང་ཚོའི་ངོས་ནས་འཐབ་རྩོད་བྱས་པ་མ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ད་ལྟའི་བར་སྤྱི་ཚོགས་ཞབས་ཞུ་བསྒྲུབས་པ་རེད། ད་ལྟའང་ཞུ་བཞིན་པ་རེད། གནང་གི་མི་འདུག་ཅེས་སྐྱོན་འཛུཊ་གནང་གི་མེད། གནང་རྒྱུའི་འདུན་པ་ཡོད་ཀྱང་། ལྟ་གྲུབ་ཀྱི་ཐོག་ནས་མ་འགྲིག་པ་རེད། ”ཅེས་བརྗོད་བྱུང་།
ཁོང་ལ་དུས་དབང་སྐབས་དམིགས་བསལ་གྱི་ལས་འགུལ་གང་ཡོད་དྲིས་པར། “ ད་རེབ་ཀྱི་དུས་དབང་ཐོག་ང་ཚོར་ ལས་འགུལ་ཅི་ཡང་མེད། ཉེ་ལམ་ང་ཚོས་མང་ཚོགས་ལ་ད་རེབ་ས་གནས་གཞོན་ནུ་ཁག་བརྒྱད་བསླེབས་ཡོད་ཀྱང་། གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་ད་ལྟའང་ཆེ་མཐོང་དང་བརྩི་བཀུར་ཡོད། ཅེས་གསལ་བོར་ཞུས་ཡོད། ང་ཚོ་ས་གནས་ཁག་བརྒྱད་ཡོང་དགོས་དོན། ང་ཚོའི་ནང་ལ་དྭགས་ས་གནས་ཡོད་རེད། ང་ཚོའི་ཁྲོད་ཀྱི་འགན་འཁུར་མཁན་གཙོ་བོ་ལ་དྭགས་ས་གནས་དང་ས་གནས་བུད་མེད་ཆགས་ཡོད། དབུས་བུད་མེད་ལྷན་ཚོགས་དང་ང་ཚོ་མཉམ་རུབ་རང་ཆགས་ཡོད། ང་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མཚན་མཐོང་མར་དམའ་རུ་གཏོང་ཆེད་དང་། ང་ཚོ་རྒྱས་རྒྱུའི་ཀུན་སློང་རྩ་བ་ནས་མེད། ད་རེབ་ང་ཚོ་སྤྱི་ཚོགས་ཞབས་ཞུ་རང་ཡིན། ང་ཚོ་མཉམ་དུ་ལས་འགུལ་སྤེལ་མ་ཐུབ་པ་དེ་ལྟ་གྲུབ་དང་ལངས་ཕྱོགས་ཀྱི་རྐྱེན་པས་རེད་མ་གཏོགས། དེ་ལས་གྲོལ་པའི་འགལ་ཟླ་གང་ཡང་མེད། དབུས་རྒྱུན་ལས་ལ་ང་ཚོས་འགྲིག་མ་སོང་ཞེས་རྩ་བ་ཉིད་ཞུ་རྒྱུ་མེད།” ཅེས་བརྗོད་བྱུང་།
མ་འོངས་པར་དབུས་ས་གཉིས་ལངས་ཕྱོཊ་དང་ལྟ་གྲུབ་གཅིག་གྱུར་ཐོག་བོད་ཀྱི་རྩ་དོན་འཐབ་རྩོད་ལ་ཞབས་ཞུ་བསྒྲུབ་རྒྱུའི་རེ་བ་ཡོད་མེད་དྲིས་པར་ཁོང་གིས། “ ང་ཚོ་གོམ་པ་མདུན་སྤོས་ཤུགས་ཆེར་རྒྱག་བཞིན་ཕྱིར་མངོན་གསལ་གྱི་བཏོན་དགོས་དོན་རེ་བ་དེ་ག་རང་རེད། ང་ཚོར་མཚོན་ན་དབུ་ཁྲིད་༸གོང་ས་མཆོག་རེད། ཁོང་གིས་ད་ལྟའི་བར་བཀའ་སློབ་རིམ་པ་ཕེབས་ཡོད་པ་རེད། དཔེ་མཚོན་ས་ལི་སྒར་གྱི་བཀའ་སློབ་རེད། ང་ཚོ་བོད་མི་ཙམ་མིན་པར་འཛམ་གླིང་སྤྱིའི་བརྩི་བཀུར་ཞུ་ཡུལ་དང་དུས་གསུམ་གསལ་གཟིགས་ཀྱི་དབུ་ཁྲིད་ཅིག་ཆགས་བསྡད་ཡོད་པ་རེད། ཁོང་གི་བཀའ་སློབ་གང་ཕེབས་པ་དེར་ངེས་པ་རྙེད་པའི་ཐོག་འགྲོ་བཞིན་པ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོཊ་ཀྱང་དབུ་མའི་ལམ་རེད། ད་ལྟའི་དུས་འདིར་ང་ཚོས་གང་ནས་བལྟས་ཀྱང་ལམ་དབུ་མ་ལས་མེད་སྟབས། ང་ཚོའི་ངོས་ནས་རེ་བ་དེ་ག་རང་བརྒྱབ་བསྡད་ཀྱི་ཡོད། ” ཅེས་བརྗོད་བྱུང་།
གསར་འགོད་པ་དོན་གོས་ལ་དྭགས་རྒྱལ་ས་སླེ་ནས།
ཧ་ཧ་ཧ་ཧ་ཧ་ཧ་་་ག་རེ་སྨྱོས་བཤད་བྱེད་ཀྱིན་ཡོད་པ་རེད། གཞོན་ནུ་དབུས་ས་གཉིས་ཀྱི་ལྟ་གྲུབ་མ་མཐུན་ན་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཕ་ལ་འབྲེལ་བ་ག་རེད་ཡོད་རེད། སྤྱི་ཞབས་ཞུ་སྒྲུབ་པ་ལ་ཆབ་སྲིད་ཀྱི་ལས་འགུལ་ནི་སྤེལ་དགོས་དོན་མེད། ངུ་མོས་དང་ཡིད་ཕྱ་བ་གཉམ་དུ་ལག་པ་ཕྱིས་ས་ཞིག་བཙལ་བསྡད་པ་མ་གཏོགས་རྒྱུ་མཚན་གང་ང་མི་འདུག །
ད་དེང་སང་དབུ་མའི་ལམ་ཞེས་པའི་ལམ་ཡིག་དེ་མེད་ན་འགྲོ་ས་ཞིག་དཀའ་གི་ཡ། སྔོན་མ་དུས་དབང་ནམ་སྩལ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྤེལ་ནས་ཆོས་ཞུ་བ་མི་མང་ཚོས་དགའ་བསུ་ཐོབ་ཡོད་པ་དང་། ལྷག་པར་བོད་ནས་ཕེབས་པའི་སྤུན་ཟླ་ཚོས་གཞོན་ལྷན་གྱི་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་ལ་བསྔགས་བརྗོད་ཀྱི་མེད་ཏོག་བཏོར་བ་དང་མིག་ཆུའི་འཕྲེང་བ་ས་ལ་ལྷུང་ཡོད། འོན་ཀྱང་ད་ལྟ་ཆོས་བཤད་ས་ལ་ཡང་ཆབ་སྲིད་ཀྱི་ལྟ་གྲུབ་མཐུན་མིན་དང་། སྤྱི་ཚོགས་ཞབས་ཞུའི་ལས་ཀ་བྱེད་ས་ལ་ཡང་ཆབ་སྲིད་ཀྱི་ལྟ་གྲུབ་མཐུན་མིན་བརྗོད་པ་འདིས་ང་ཚོ་མི་རབ་གསར་པ་རྣམས་ལ་ངོ་ཞེ་མེར་བའི་འཚོར་བ་ཞིག་སྤྲོད་ཀྱི་འདུག མ་གཞི་ནས་ལས་སྟངས་འདི་རིགས་ནི་དོན་དངོས་ཐོག་བོད་པའི་སྤྱི་ཚོགས་ནང་དོན་མེད་སྙོག་དྲ་དང་ཁ་ཏོར་གཏོང་རྒྱུའི་ངན་ཇུས་ཤིག་རེད། གཞོན་ལྷན་དབུ་མར་བསྒྱུར་བ་ལས་ས་གནས་ཁག་བརྒྱད་དེ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འོག་ལ་མགོ་རྟགས་ཞུས་ནས་མིང་བྱང་བརྗེ་བོ་རྒྱབ་ན་ཏག་ཏག་རེད། གཞན་ང་ཚོར་གཞོན་ལྷན་གཅིག་ལས་གཉིས་དགོས་པ་མེད་ལ་བོད་ནང་ཡོད་པའི་སྤུན་ཟླ་ཚོ་ལ་ཡང་གཞོན་ལྷན་གཅིག་ལས་གཉིས་དགོས་ཀྱི་མེད་པ་གསལ་པོ་རེད། ད་བྱ་ཉལ་ཟེར་བ་དེ་ས་གནས་ཁག་བརྒྱད་ཀྱི་ཚོགས་གཙོ་ཡིན་ས་རེད། ས་གནས་ཁག་བརྒྱད་དེ་གང་མགྱོགས་བསྡུ་གསོག་རྒྱབ་ན་ཏག་ཏག་རེད། བྱ་ཉལ་གང་མགྱོགས་དབུ་མའི་ལམ་མི་མང་ལས་འགུལ་གི་ཚོགས་གཙོར་འདེམས་ནས་ཏག་ཏག་རེད།
དབུ་མའི་ལམ་དུ་ཕེབས་མཁན་དབུས་བོད་མི་སྒྲིག་འཛུགས་ལས་ལྷག་ཅིག་མེད་པའི་གཞན་ཚོགས་པ་དང་གཞན་སྒྲིག་འཛུགས་ཟེར་བ་དེ་ཚོ་ཕན་ཐོག་མེད་པའི་བརྙོག་དྲག་ཡོང་གཞི་ཡི་རྒྱུ་ཞིག་རེད། དེ་ཐམས་ཅད་མེད་པ་བཟོ་སྟེ་བོད་མི་སྒྲིག་འཛུགས་ཁོ་ནའི་འོག་ཏུ་འགྲོ་ན་ནུས་པ་ཡང་ཆེ་རེ་འགྲོ་སྲིད།
ངས་སེམས་གཏིང་གིས་རེ་བ་ཞིག་ཞུ་རྒྱུ་ཡོད །གཞོན་ནུ་ཚོགས་པའི་ལས་ཀྱི་སྣེ་མོ་བ་ཚོས་མདོ་སྟོད་མི་མང་ནང་བཞིན་གྱི་གཞོན་ནུ་གསར་པ་དང་རྙིང་བ་ཟེར་བའི་ཁ་གཉིས་སུ་ཆགས་མི་པའི་རེ་བ་ཡོད།
ད་དུང་ངས་བོད་མི་ཡོངས་ལ་རེ་བ་ཆེན་པོ་ཞིག་ཡོད །མི་མང་ཚོས་ཆོས་དང་ཆབ་སྲིད །བླ་མ་དང་དཔོན་པོ་སོགས་དབྱེར་བ་ཕྱེ་ཤེས་ན་ཡག་པོ་རེད།དེ་མ་ཤེས་ན་ཁ་རོག་སྡོད་ན་ཡག་ཤོས་རེད་ཅེས་ཞུ་རྒྱུ་ཡིན།
ད་ཡག་པོ་རེད། བཙན་བྱོལ་ནང་འདི་ལྟར་འཐོར་སོང་ན། བོད་ནང་དེ་ལས་ཀྱང་ནུས་ཤུགས་གཅིག་སྒྲིལ་ཡོང་པར་ཕན་ཐོགས་ཡོད་ས་རེད།
གཞོན་ནུ་དབུས་ས་གཉིས་ལྟ་གྲུབ་མ་མཐུན་ཡིན་ཟེར། རྐུབ་བགད་མོ་ཤོར་ཡས་སྐད་ཆ་རེད། དུས་འཁོར་དབང་ཆེན་ཞེས་པ་དེ་ཆོས་ཀྱི་བྱ་བ་ཞིག་རེད་དམ་ཆབ་སྲིད་ཀྱི་ལས་འགུལ་ཞིག་རེད། གལ་སྲིད་དུས་འཁོར་དབང་ཆེན་དེ་ཉིད་དབུ་མའི་ལྟ་གྲུབ་དང་ལྡན་པའི་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཡིན་ན་ཐང་། དེ་མིན་མི་མང་འདུ་འཛོམ་ཆེ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ངེས་གཏན་ཡིན་ཚེ་དེར་མི་མང་ལ་ཞབས་ཞུ་བྱེད་ཡག་ལ་ཆབ་སྲིད་ལྟ་གྲུབ་ལང་ཕྱོགས་ལ་ཁྱད་པར་ཅི་ལ་ཡོད། གལ་སྲིད་གཞོན་ནུ་ལྷན་ཚོགས་དབུས་ས་ཡོངས་རྫོགས་དབུ་མར་རྒྱུར་བ་ཡིན་ཚེ་གཞོན་ནུ་ཚོགས་པ་ཟེར་བ་ཞིག་ཟུར་དུ་དགོས་པ་གང་ཡང་མི་འདུག མདོར་ནས་བཤད་ན་ད་ལྟའི་ཆར་བཙན་བྱོལ་བོད་མི་སྦར་མོ་གང་པོ་འདི་ཁ་ཐོར་དགུ་ཐོར་མ་སོང་པའི་ཐོག་ནས་ཁ་གཏད་ས་དེ་དགྲ་བོ་རྒྱ་དམར་ལ་གཏད་དགོས་པ་ལས། ནང་ཕན་ཚུན་གྲུབ་འབྲས་གང་ཡང་མེད་པའི་ལྟ་གྲུབ་ལ་ཁ་གཡར་ནས་དགྲ་དགའ་གཉེན་སྡུག་གི་ལས་ཀ་དེ་ཚོ་ཁ་ཡོད་ལག་ཡོད་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་རྩོད་མཁན་གཞིས་ལུས་རྒྱ་ཆེ་མི་མང་སེམས་ཕམ་གྱི་གནས་ལས་མ་འདས་སོ། །
གཞོན་ནུ་དང་བུད་མེད་མཉམ་རུབ་ཐོག་ད་རེས་དུས་འཁོར་དབང་ཆེན་སྐབས་མི་མང་ལ་ཞབས་ཞུ་དབུ་འཛུགས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། སྔར་གྱི་དུས་འཁོར་དབང་ཆེན་རིམ་པའི་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་གནང་སྟེ་མི་མང་ལ་སྐད་གྲགས་ཆོད་ཡོད། འོན་ཀྱང་སྤྱི་ལོ་ ༢༠༡༢ ལོའི་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་སྐབས་གཞོན་ནུའི་ལས་ཀྱི་སྣེ་མོ་རེ་ཟུང་གིས་བཅའ་ཉེས་སྤྱོད་ལོག་བྱས་པ་ལ་བརྟེན་ཏེ་ད་རེས་མི་མང་ཆོས་ཞུ་བ་རྣམས་ལ་ཞབས་ཞུ་ལས་ཀ་བྱེད་མཁན་མེད་པའི་གནས་སྟངས་ལ་གྱར་པ་རེད། ཁྱེད་ཅག་གིས་མུ་མཐུད་དུ་ཕྱོགས་ཡོངས་ནས་འབད་བརྩོན་གནང་རོགས་གནང་། མང་ཚོགས་རྒྱབ་ཏུ་ཡོད་ཡོད་པ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་དུམ་བུ་གཉིས་སུ་གཏོང་མཁན་དེ་གཞོན་ནུའི་དབུ་རྒྱུན་སྐབས་སྔོན་མ་དེ་ཚོ་རེད། ངས་འདི་ནས་མིང་སྨོས་རྒྱུ་མིན། ཐ་ཤལ་གྱི་བྱ་སྤྱོད་དང་གནས་ཚུལ་དེ་རིང་ཡང་དང་བསྐྱར་དུ་གླེང་ཡོང་ན་ཡག་པོ་མི་འདུག ཁོང་ཅག་གིས་ཐལ་སྤྱོད་དང་ཧམ་བཤད་མང་པོ་བྱས་ཏེ་བཙན་བྱོལ་སྤྱི་ཚོགས་ཕུ་དཀྲུག་མདའ་དཀྲུག་བྱས་པ་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་རྒྱ་ཆེ་ས་ནས་བོད་བསྟན་པ་ཆབ་སྲིད་དང་རྒྱ་ཆུང་ས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཞབས་ཞུ་ཚུན་ལ་ཕྱག་རྗེས་དང་མཚན་མཐོང་ཆེན་པོ་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྐད་གྲགས་ཆེན་པོ་དེའི་གུས་བརྩི་ཆེ་མཐོང་ཡོངས་རྫོགས་རྩ་བརླགས་སུ་བཏང་སྟེ། བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མིང་འཆལ་དང་ནག་ཉེས་མང་པོ་ཞིག་བྱུང་བཅུག་ཡོད། མཐའ་མ་དེ་ལ་ཚོགས་པ་རྩ་མེད་གཏོང་གྲབས་བཟོས་ཚོགས་པ་དུམ་བུ་གཉིས་སུ་བཏང་སོང་། ད་ལྟ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དཀའ་ངལ་ལ་ཐུག་ཡོད་ཀྱང་ན་གཞོན་ལྷག་བསམ་དང་ཤེས་འཇོན་ཅན་དག་གིས་འབད་བརྩོན་ལ་བརྟེན་ཏེ་མུ་མཐུད་གནས་ཐུབ་པ་དང་མཚན་མཐོང་སླར་གསོ། སྤྱི་ཚོགས་ནང་ཕྱག་ལས་མང་པོ་ཞིག་གནང་དང་གནང་བཞིན་ཡོད་པར་གུས་བཀུར་ཡོད།
འདིར་སྐད་ཆ་མང་པོ་མི་བཤད་མ་འོངས་པར་གཞོན་ནུ་ནང་འགྲིག་ཡོང་ཐབས་བྱས་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཟེར་ན་གཅིག་ལས་གཉིས་མེད་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད། གནས་ཚུལ་འདི་མི་བྱ་བྲག་པ་ཞིག་དང་ཚོགས་པ་བྱེ་བྲག་པ་ཞིག་གི་གནད་དོན་མ་རེད་བོད་སྤྱི་བའི་གནད་དོན་དང་བཙན་བྱོལ་བོད་མི་ཡོངས་ཀྱི་ཁེ་གྱོང་དང་འབྲེལ་བ་ཡོད་པ་ཞིག་རེད།
༢༠༡༤།༧།༢༢
༈ལྟ་བ་དང་ལངས་ཕྱོགས་མི་མཐུན་པ་དབང་གི་ནུས་པ་སྤྱི་སྤུངས་མེད་ན་དེ་ནི་འཇུག་འབྲས་སྡུག་ཤོས་དང་ཐུས་ཤོར་ཐབས་སྡུག་ཞིག་ཡོང་རྒྱུ་དོན་མི་ཟ་པ་རེད