ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་སོ་སོའི་རྩོམ་ཡིག་ཕྱོགས་བསྒྲིཊ་ཀྱི་དཔེ་དེབ་དབུ་འབྱེད་དང་འབྲེལ་ཉེ་ལམ་རྒྱ་གཞུང་ལ་ཡིག་འབྲེལ་བྱས་ཏེ་བཙན་བྱོལ་ནང་གི་རྩོམ་པ་པོ་སྐོར་ཞིག་བོད་ནང་གི་སློབ་ཆེན་ཁག་ནང་ལྟ་སྐོར་དུ་བསྐྱོད་ཆོག་རྒྱུའི་སྙན་ཞུ་ཕུལ་ཡོད་ཟེར།
ཁ་སང་ཕྱི་དྲོའི་ཆུ་ཚོད་ ༦།༢༠ སྟེང་དྷ་ས་མེག་གྷན་ཌི་རོམ་སི་ཌེ་ཁུ་ཟ་ཁང་ (Drum Stick Restaurant) དུ་ན་གཞོན་རྩོམ་པ་པོ་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་བརྩམས་པའི་༼སྟག་ཤར་གཞོན་པས་བོད་རྒྱའི་དཀའ་རྙོག་གླེང་བ།༽ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་པདྨ་འབྱུང་གནས་ལགས་དང་མདོ་སྨད་དབུས་སྤྱི་ཁབ་རྒྱུན་ལས་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་གཉིས་དང་། སྤྱི་འཐུས་ཟླ་བ་ཚེ་རིང་ལགས། སྤྱི་འཐུས་རྒྱ་རིག་ཐར་ལགས། ཉམས་ཞིབ་པ་ལྷ་ལུང་རྒྱལ་དང་གཡང་མཁོ་རྒྱལ། དེ་བཞིན་གཞོན་སྐྱེས་རྩོམ་པ་པོ་ཁག་ཅིག་བཅས་འཛོམས་སོང་།
དཔེ་དེབ་དབུ་འབྱེད་དང་འབྲེལ་ནས་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་ཀྱིས། རྩོམ་པ་པོ་ཁོ་རང་ལ་མཚོན་ན་སྐྱབས་བཅོལ་དུ་འབྱོར་བ་ནས་བཟུང་དཀའ་ངལ་ལ་མ་འཛེམས་པར། བཤད་པ་དང་བསྒྲུབ་པའི་ནུས་པ་དང་གདེང་ཚོད་གཉིས་ཀ་ཡོད་མཁན་ཞིག་དང་། བོད་པའི་སྐད་ཡིག་རིག་གཞུང་ཐོག་དུས་རྒྱུན་ལས་ཀ་བྱེད་མཁན་ཞིག་ལ་མཐོང་གི་ཡོད། ང་ཚོའི་སྤྱི་ཚོགས་ནང་ཆབ་སྲིད་ལངས་ཕྱོགས་མང་པོ་ཡོད་པ་ལྟར། རྩོམ་པ་པོ་རང་ཉིད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ལ་རྩོམ་ཡིག་དང་གཏམ་བཤད་སོགས་བརྒྱུད་ནས་ཤར་སྐྱོད་བྱེད་ཀྱི་ཡོད། དེར་བརྟེན། ངས་ཁོ་རང་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཤར་སྐྱོད་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། མ་འོངས་པར་ཡང་མུ་མཐུད་ནས་འབད་བརྩོན་ཞུ་རྒྱུ་མདོ་སྨད་དབུས་རྒྱུན་ཚོགས་གཙོའི་མིང་ཐོག་ནས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བརྗོད་སོང་།
དཔེ་དེབ་དབུ་འབྱེད་སྐོར་ལ་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས། དེབ་འདི་སྡོམ་བརྒྱབ་ནས་ཞུས་ན་གུས་པ་སྐྱབས་བཅོལ་དུ་འབྱོར་ནས་དབུ་མའི་ལམ་གྱི་ཉམས་ལེན་པ་རྣལ་མ་ཞིག་ཇི་ལྟར་བྱ་རྒྱུའི་སྟ་གོན་སྐབས་མཐོང་ཐོས་མྱོང་གསུམ་ཡོངས་བསྒྲགས་བྱས་པ་རྣམས་ལྷན་སྡེབ་བྱས་པ་ཞིག་ཡིན། བསྟོད་བསྔགས་མི་ལ་གཏོང་དུ་ཆུགས། རང་སྐྱོན་རང་གིས་ཤོད་ཅེས་པའི་བཀའ་སློབ་གནད་བསྡུས་འདི་རྩ་དོན་དུ་བཟུང་སྟེ། ང་ཚོའི་ཆོས་སྲིད་གཉིས་ཐོག་འཐུས་ཤོར་གང་ནས་ཕྱིན་མིན་དང་། འབད་བརྩོན་ཅི་ལ་མ་བྱས་པ། མདོར་ན་བོད་ཀྱི་རྩ་དོན་ལ་དོན་དམ་གྱིས་ཤ་ཞེན་ཡོད་མེད། ལོ་རྒྱུས་ཀྱིས་སྤྲད་པའི་འོས་འགན་ཏག་ཏག་བསྒྲུབ་ཡོད་མེད་བར་འཛེམས་ཟོན་སྤངས་ཏེ་དཔྱད་གླེང་བྱས་ཡོད་ཅེས་སོགས་བརྗོད་སོང་།
དབུ་མའི་ལམ་གྱི་སྐོར་ལ། “ཉེ་ལམ་འུ་ཐུག་ཐབས་ཟད་ལྟ་བུར་བཀུར་འོས་སྤྱི་ལྷན་ནས་བོད་ནང་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་གཏོང་གནང་ཆེད་སྐུ་ཞབས་ཞི་ཅིན་ཕིན་ལ་ཕྱག་འཕྲིན་སྤྲིངས་འདུག་པར་ཡི་རངས་ཞུ་རྒྱུ་ཡིན། ང་ཚོ་དབུ་མ་པ་སྒེར་པ་དག་གིས་ཀྱང་འདི་ལྟར་ལྟ་སྐོར་ལ་འགྲོ་རྒྱུར་རང་རང་ས་ནས་ཐབས་ཤེས་བྱེད་པའི་དུས་ལ་བབས་ཡོད་པ་བཞིན། གུས་པས་རྒྱ་རིགས་གྲོགས་པོ་དབུ་མའི་ལམ་གྱི་ཉམས་ཞིབ་པ་ཞིག་བརྒྱུད་དེ། དམངས་ཁྲོད་དབུ་མའི་ལམ་གྱི་རྗེས་འཇུག་པ་རྩོམ་པ་པོ་སྐོར་ཞིག་བོད་ནང་གི་སློབ་ཆེན་ཁག་ཏུ་ལྟ་སྐོར་ལ་ཡོང་འཇུག་རྒྱུའི་རེ་སྐུལ་སྙན་ཞུ་ཕུལ་ཟིན་ལ། སྙན་ཞུ་དེ་ད་ལྟ་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་མདུན་ཅོག་སྟེང་བསླེབས་སྐད་འདུག དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཀྱང་བཀུར་འོས་སྤྱི་ལྷན་གྱི་འབོད་སྐུལ་དེར་རྒྱ་ནག་གཞུང་གིས་ཡ་ལན་ཚུལ་མཐུན་ཞིག་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན” ཞེས་སོགས་བརྗོད་སོང་།
སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས། རྩོམ་པ་པོ་ཁོ་རང་གིས་བྲིས་པའི་རྩོམ་ཡིག་དག་ལ་སྡེབ་སྦྱོར་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ཁོས་བརྗོད་གཞི་ག་འདྲ་ཞིག་བྲིས་པ་ཡིན་ནའང་དོན་ལ་དམིགས་ཏེ་བྲིས་ཡོད་སྟབས་ཀློག་པ་པོ་ཚོས་ལམ་སང་རྟོགས་ཐུབ་པ་ཞིག་རེད་བསམ་གྱི་ཡོད། ཁོ་རང་གིས་གང་བརྩམས་པ་ཡོངས་རྫོགས་ཡག་པོ་འདུག་ཟེར་བ་ཞིག་དགོས་ཀྱི་ཡོད་པ་མ་རེད། རྩོམ་པ་པོ་ཚོར་ཡག་སྡུག་གཉིས་ཆ་ཡོང་གི་རེད། དེ་སྔ་རྩོམ་རིག་མཁས་པ་མང་པོས་སོ་སོའི་མི་ཚེའི་ནང་སྐྱོན་དངོས་སུ་མཐོང་བ་དང་མ་མཐོང་བ་མང་པོ་ཞིག་ཡོང་བསྡད་ཡོད། རྩོམ་པ་པོ་ཁ་ཤས་ཀྱིས་རང་ཉིད་ཀྱིས་གང་བརྩམས་པ་རང་ཉིད་ཀྱི་མི་ཚེའི་ནང་དཔར་སྐྲུན་བྱེད་མ་ཐུབ་པར་ཁོ་རང་གྲོངས་རྗེས་དཔར་སྐྲུན་བྱེད་པའི་གནས་ཚུལ་དེ་འདྲའང་བྱུང་མྱོང་ཡོད། གང་ལྟར་ལེགས་ཉེས་ཀྱི་གནས་ཚུལ་ག་རེ་བྱུང་བ་ཡིན་ན་གཙོ་བོ་རྩོམ་འབྲི་བའི་ཀུན་སློང་ཡིན་སྟབས་སོ་སོས་རྒྱུན་སྐྱོང་གནང་དགོས་པ་གལ་ཆེན་པོ་རེད། ཁྱེད་རང་གིས་གང་བརྩམས་གནང་བ་དེས་ཡོངས་རྫོགས་ལ་ཕན་མ་ཐོགས་ཀྱང་འཚམས་ཞིག་ལ་རང་བཞིན་གྱིས་ཕན་ཐོགས་པ་དང་། ལྷག་པར་དུ་རྩོམ་རིགས་ལ་དོ་སྣང་ཡོད་མཁན་ཚོར་ཐུགས་ཕན་སོས་པ་ཡོང་གི་རེད་ཅེས་བརྗོད་སོང་།
མཇུག་ཏུ་ཉམས་ཞིབ་ལྷ་ལུང་རྒྱལ་ལགས་ཀྱིས། དེབ་ཅིག་འབྲི་རྒྱུར་དཀའ་ངལ་ག་ཚོད་ཅིག་ཡོད་མེད་ང་ཚོའི་སྤྱི་ཚོགས་ནང་ཤེས་མཁན་ཉུང་ཉུང་རེད། བཙན་བྱོལ་ནང་ལྟ་བུར་མཚོན་ན། དེབ་འབྲི་མཁན་དང་དཔར་སྐྲུན་བྱེད་པ་སོགས་རྩོམ་པ་པོ་ཁེར་རྐྱང་གིས་བྱེད་དགོས་པ་ལས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་གིས་ཀྱང་རོགས་རམ་བྱེད་པ་ཉུང་ཉུང་རེད། གལ་སྲིད་རོགས་བྱས་ཡོད་ཚེ་དེ་ཡང་ངོ་སོ་དང་ལམ་ཁ་ཞིག་བརྒྱུད་རག་པ་ཤ་སྟག་ཆགས་ཡོད། གལ་སྲིད་ཤར་ཕྱོགས་ཁུག་རྟས་བྲིས་པའི་དེབ་འདིར་ལྗིད་ཁོག་ཡོད་མེད་ལ་མ་ལྟོས་པར་ཚད་ལྡན་རྒྱལ་ཁབ་ཅིག་དང་ལྷག་པར་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་རྩོམ་པ་པོས་གཞུང་གི་ལངས་ཕྱོགས་དང་མཐུན་པའི་དེབ་ཅིག་བྲིས་ཡོད་ན། རྩོམ་པ་པོ་ཁོ་རང་གི་མི་ཚེ་དལ་པོ་དང་ལྷོད་པོ་ཡོང་རྒྱུ་ཡིན་པ་བཤད་མ་དགོས་པ་རེད། ཅེས་བརྗོད་སོང་།
ཁོས་མུ་མཐུད་དུ། དོན་དངོས་ང་ཚོས་དབུ་མའི་ལམ་གྱི་རྩ་བའི་རྩ་དོན་ཆེན་པོ་དེ་བོད་ཀྱི་རིག་གཞུང་དང་ཁོར་ཡུག་སོགས་སྲུང་སྐྱོབ་བྱེད་ཆེད་རེད། ཡིན་ནའང་ང་ཚོས་ལག་ལེན་བྱེད་སྐབས་ང་ཚོས་རིག་གཞུང་གཅེས་སྐྱོང་གི་ལམ་ཁ་དེ་དོན་དངོས་ཐོག་རིག་གཞུང་གཅེས་སྐྱོང་ག་ཚོད་ཅིག་གནང་གི་ཡོད་མེད་གསལ་གསལ་ཐང་ཐང་རེད། མཚམས་རེར་ང་ཚོས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་རིག་གཞུང་འཕྲོ་བརླག་གཏོང་གི་ཡོད་སྐོར་ཁ་ཡོད་ཚད་ཀྱིས་ཤོད་ཀྱི་ཡོད། ཡིན་ནའང་ང་ཚོས་བསམ་བློ་རྣལ་དུ་ཕབ་ནས་འདང་བརྒྱབ་ན། དོན་དངོས་ཐོག་ང་ཚོའི་རིག་གཞུང་འདི་སུས་གཅེས་སྐྱོང་དང་སུས་གཏོར་བརླག་བཏང་ཡོད་པ་ང་རང་ལ་མཚོན་ན་བྱེད་མི་ཐུབ་པའི་གནས་བབ་ཅིག་ཆགས་འདུག་ཅེས་སོགས་བརྗོད་སོང་།
༼སྟག་ཤར་གཞོན་པས་བོད་རྒྱའི་དཀའ་རྙོག་གླེང་བ་༽ཞེས་པའི་དེབ་འདིར་ཁྱོན་ཤོག་ངོས་༥༡༩ ཙམ་ཡོད་པ་དང་། དེའི་ནང་གི་བརྗོད་བྱ་གཙོ་བོ་ཁག་ནི། བོད་རྒྱའི་རྩོད་རྙོག་དང་ཏཱ་ལའི་བླ་མའི་ཡང་སྲིད། དབུ་མའི་ལམ། བོད་རྒྱ་གྲོས་མོལ། ཤེས་ཡོན་སྲིད་བྱུས། དམ་སྲི་དོལ་རྒྱལ། ང་དང་སྲིད་སྐྱོང་བློ་བཟང་སེང་གེ་བཅས་ཀྱི་སྐོར་སོགས་འཁོད་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།
ཤར་ཁུག་གིས་ཡང་ཐལ་ཟིང་ཅི་ཞིག་བྲིས་ཡོད་དམ།
ཡ་ཡ། ཤར་ཁུག་གིས་མདའ་རྩེ་རྒྱ་གཞུང་ལ་གཏད། མཆན་པ་ཚོས་མདའ་རྩེ་ཤར་ཁུག་གཏད། རྒྱ་གཞུང་གི་བསམ་དོན་དེ་ནས་འགྲུབ། ཧ་ཧ་ཧ། རང་སྐྱོན་རང་གིས་མི་ཤེས་པའི་གཤིས་ཀ།།རང་མགོ་རང་གིས་རྡུང་བའི་གོམས་གཤིས། མཐུན་པོ་ཁ་བྲལ་གཏོང་བའི་གཤིས་ཀ།།བོད་པ་ཚང་གི་གཤིས་ཀ་འདིས་བསམ་དོན་ནམ་ཡང་འགྲུབ་དུས་མེད།
གང་ལྟར་ཤར་ཁུག་ལ་རྟེན་འབྲེལ་ཞུ། དབུ་མ་ལ་རྒྱབ་སྐྱོར་གནང་བས་བོད་པ་ཚང་ཉེན་སྐྱོབ་པ་ཞིག་ལ་ངོས་འཛིན་ཡོད། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཐུ་འོག་རྩོད་ལེན་པ་ཞིག་གི་ངོས་ནས་བཤད་ན། དམར་དར་བསྒྲེང་བར་སྐྱོན་ཅང་མཐོང་གི་མེད།
དེ་རིང་ངས་གོ་སྐབས་འདིར་བརྒྱུད་ནས་ཞུ་འདོད་པ་ཞིག་ལ། ནམ་རྒྱུན་མདོ་སྨད་མི་མང་གིས་བོད་གཞུང་གི་ནང་དུ་མདོ་སྨད་མི་འདུག་ཅེས་སྐད་ཅོར་རྒྱག་གི་ཡོད། ཡིན་ཡང་དུས་འདིར་བོད་གཞུང་གི་གོ་གནས་མཐོ་ཤོས་ཀྱི་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ལ་གཏིང་ནག་པོས་སྐྱོན་འདེབས་མཁན་གྱི་རྒྱ་དར་མགོ་ལ་འཁྱེར་མཁན་ཤར་ཁུག་ལ་རྒྱབ་སྐྱོར་དང་དེའི་སྐྱོན་དེབ་དབུ་འབྱེད་ལ་མདོ་སྨད་ཚོགས་གཙོ་བསྟན་པའི་དངོས་གྲུབ་ཡོང་བ་དེ་ནི་མདོ་སྨད་ཚོགས་གཙོས་བོད་གཞུང་དང་དེའི་བཀའ་བློན་ཚོར་རྒྱབ་གཏོད་པ་རེད།
ད་དུང་སྲིད་སྐྱོང་བློ་བཟང་སེང་གེ་བརྗེད་མི་འདུག
ཤར་ཁུག་ཁོང་དྲང་བདེན་གྱི་རྩོམ་པ་པོ་ཞིག་མ་རེད།
༧གོང་ས་མཆོག་གིས་གཉིས་སྨན་དབུ་མའི་ལམ་ཞེས་པ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྱབ་ཁོངས་ནང་གནས་རྒྱུ་གསུང་བ་འདིས་དོན་དུ། རྒྱའི་དར་ཆའི་འོག་ཏུ་འགྲོ་རྒྱུ་ཡིན་པ་གསལ་པོ་རེད། དེའང་དགག་པ་རྒྱག་མཁན་རྣམས་ཀྱིས་ཤར་ཕྱོགས་ཁུག་རྟར་སྙོན་རྫུན་མ་འཛུགས་པར་དང་པོ་བོད་ཡིག་ཐོག་བསྒྱུར་བའི་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་འབྱུང་སའི་དབྱིན་སྐད་ཀྱི་སྐད་དོད་རྀཔབླིཀ་Republicཞེས་པ་དེའི་དོན་ཤེས་དགོས།
དེ་ནས། ༧གོང་ས་མཆོག་གིས་དམིགས་བསལ་གྱིས་ཡུརོབ་མཐུན་ཚོགས་[རྒྱལཁབ་]European Union [Nations] སོགས་ཀྱི་གནད་དོན་ལ་གཟིགས་པའི་རྒྱལ་སྤྱིའི་འཕོ་འགྱུར་གྱི་གནད་སྟངས་ལ་དགོངས་པའི་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་གསུང་བའི་དོན་དེ་ཤེས་པར་བྱ་དགོས།
ཕརནྶི་དང་ཇརྨཎི་སོགས་ཡུརོབ་མཐུན་ཚོགས་ཀྱི་དར་ཆའི་འོག་འགྲོ་བཞིན་པ་རེད། མཐུན་ཚོགས་ཀྱི་རྒྱལ་ཁབ་དེ་ཚོའི་ནང་ངའི་རྒྱལ་ཁབ་ཡིན་པ་ཁྱོད་འདིར་ཡོང་མི་ཆོག་ཟེར་ས་མེད་པ་དོན་དུ་ས་མཚམས་འགག་སྒོ་མེད་པའི་སྤྱི་མཐུན་རྒྱལ་ཁབ་ཆེན་པོ་ཆགས་ཡོད།
རྩོམ་པ་པོའི་ཚོགས་པའི་ཐོག་ནས་དང་དབུ་མའི་ལམ་གྱི་ཐབས་ལམ་སྤྱོད་པ་པོའི་ཐོག་ནས་བོད་དང་རྒྱ་ནག་སོགས་སུ་འགྲོ་རྒྱུར་རྒྱ་ནག་གཞུང་ལ་འབྲེལ་བ་བྱས་ན་འགྲིག་པ་རེད། དབུ་མའི་ལམ་འབྲས་སྨིན་བྱུང་ན་འབྲེལ་བའང་བྱ་དགོས་མ་རེད། ཆོག་ཆན་ཡང་ཞུ་དགོས་མ་རེད།
ང་ཚོའི་སྤྱི་ཚོགས་ཆུང་ངུ་འདི་ནང་ཤར་ཕྱོགས་ཁུག་རྟ་ལྟ་བུ་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་མཁན། ཤེས་ཡོན་ལྡན་པའི་སྒོ་ནས་སོ་སོའི་བསམ་འཆར་བྲི་ཤོད་བྱས་པ་ཙམ་མ་ཚད། དེབ་ཡང་འདོན་པ་ནི་བསྟོད་བསྔགས་བྱ་རྒྱུའི་ཚབ་ཏུ་དོན་མིན་སྐྱོན་འདོགས་བྱེད་པ་ཁྱད་མཚར།
ཁ་སེང་ས་གནས་ཞིག་ལ་གཞུང་འབྲེལ་དབུ་མའི་ལམ་གྱི་སྐོར་ངོ་སྤྲོད་བྱེད་ཀྱི་ཡོད་རེད་ཟེར་དེ་མི་མང་ཡོང་དགོས་པའི་བཀའ་རྒྱ་སླེབས་པས་གཅིག་ཕྱིན་པ་ཡིན་ཏེ། “སྐུ་ངོ”ཁོང་གིས་ནི་དེབ་ནང་ལྟ་གིན་ལྟ་གིན་གཅིག་བཤད་སོང་། དེབ་ནང་ལ་བལྟས་ནས་ཤོད་རྒྱུ་རེད་ཤག །ཅེས་མེ་འཁོར་ནང་གཞིས་ཆགས་ཤིག་ནས་མི་ཞིག་གིས་ང་ལ་བསྙད་བྱུང་། ཕལ་ཆེར་ཤར་ཕྱོགས་ཁུག་རྟ་སྐད་ཤོར་དགོས་པའང་ལས་ཀྱི་སྣེ་མོ་བ་གསར་པ་རྣམས་ཀྱིས་ཀྱང་ད་དུང་དབུ་མའི་ལམ་གང་ཡིན་གསལ་པོ་ཤེས་ཀྱི་མེད་པས་ཡིན་སྲིད།
ང་ཚོའི་སྤྱི་ཚོགས་ནང་ཐད་ཀར་ཤོད་མཁན་ཉུང་ཉུང་རེད། དེའི་སྒང་ཡིག་ཐོག་རྩོམ་ཡིག་གི་ལམ་ནས་ཤོད་མཁན་དེ་བས་ཀྱང་ཉུང་། དབྱིན་ཡིག་ཐོག་བྲི་མཁན་ནི་འཇོན་རྒྱུ་མེད་པའི་རང་བཙན་ལ་བསྙད་བཏགས་ཏེ་༧གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་དང་དབུ་མའི་ལམ་ལ་དགག་པ་ཤ་སྟག་རྒྱག་མཁན་མང་བ་རེད། ཤར་ཕྱོགས་ཁུག་རྟས་རང་གི་སྦག་སྦག་ལ་དབུ་མའི་ལམ་ཞེས་བོད་ཡིག་ཐོག་བྲིས་འདུག་པ་ངས་ཁ་སེང་ཕྱི་ཟླ་༣ནང་མཐོང་སྐབས་ཡག་པོ་རེད་བསམས་བྱུང་།
ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་དེབ་འདོན་སྤེལ་གནང་བར་བཅོས་མིན་བསྔགས་བརྗོད་ཡོད། སྙོན་འཛུགས་དེ་ཚོར་ཁོག་ཡངས་གནང་སྟེ་ད་དུང་ཡང་སྙིང་སྟོབས་དང་འདུན་པ་མ་ཉམས་པ་ཞུ།།
ཁོང་གི་བསྒྲགས་གཏམ་དེའི་ནང་་་ད་ལྟ་ང་ཚོའི་ཆབ་སྲིད་གནས་བབ་གཟུགས་པོ་མགོ་མེད་ཆགས་ཡོད་ཅེས་བཀོད་འདུག་ཟེར།
ཤར་ཕྱོགས་ཁུག་རྟའི་དཔེ་དེབ་སྒོ་འབྱེད་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་མཉམ་དུ་གནད་དོན་གསུམ་གསལ་བཤད་བྱེད་རྒྱུ་ཡོད།
དང་པོ། ཤར་ཕྱོགས་ཁུག་རྟ་རྒྱ་ནག་གི་རྒྱལ་དར་འཕྱར་མཁན་རེད། ད་ལྟ་ཁོ་ལ་སྤྱི་འཐུས་སོགས་གནད་ཡོད་མི་སྣ་ཁག་ཅིག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན། མངོན་དུ་འགྱུར་ཐུབ་མ་ཐུབ་ཀྱི་གནས་ཚུལ་ཙམ་རེད་མ་གཏོགས་རྒྱ་ནག་གི་རྒྱལ་དར་འཕྱར་འདོད་ཡོད་མཁན་མང་པོ་ཡོད་པ་གསལ་བོ་ཆགས་ཡོད་པ་མ་ཟད། མ་འོངས་པར་ཡང་གནས་ཚུལ་དེ་འདྲ་མུ་མཐུད་ནས་འབྱུང་རྒྱུ་ཡིན་པ་ཤུགས་སུ་བསྟན་འདུག།
གཉིས་པ། ཤར་ཕྱོགས་ཁུག་རྟས་རྒྱ་ནག་གཞུང་ལ་བཙན་བྱོལ་ནང་གི་རྩོམ་པ་པོ་སྐོར་ཞིག་བོད་ནང་ལྟ་སྐོར་ཆེད་སྙན་ཞུ་ཕུལ་ཡོད་ཟེར་བའི་སྐད་ཆ་དེ་བདེན་པ་ཡིན་པའི་རྒྱུ་མཚན་གཅིག་ཀྱང་མཐོང་མ་སོང་བ་མ་ཟད། ཉེ་ལམ་སྤྱི་འཐུས་ལྷན་ཁང་གིས་རྡ་རམ་ས་ལ་ནས་གསལ་བསྒྲགས་སྤེལ་ཏེ་རྒྱ་ནག་གཞུང་ལ་སྙན་ཞུ་ཞིག་ཕུལ་ཡོད་པའི་གནས་ཚུལ་དེ་མ་བྱུང་གོང་ལ་ཤར་ཕྱོགས་ཁུག་རྟའི་ཐབས་ཤེས་དེའི་སྐོར་ཀླད་པའི་ཟུར་ལའང་དྲན་ཡོད་པ་མ་རེད། ཡིན་ནའང་ད་ལྟ་ཁོས་དེ་འདྲའི་སྐོར་ལ་བསམ་བློ་གཏོང་གི་ཡོད་སྲིད་པ་མ་ཟད། མ་འོངས་པར་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག་སོགས་ཟུར་དུ་བཞག་སྟེ་དེ་འདྲའི་ལས་ཀ་བྱེད་མཁན་ཇེ་མང་དུ་འགྲོ་སྲིད་པའི་རྟགས་ཤུགས་ད་ལྟ་ནས་ཐོན་ཚར་བ་རེད།
གསུམ་པ། ད་རེས་དཔེ་དེབ་དབུ་འབྱེད་མཛད་སྒོའི་སྟེང་དབུས་གཙང་སྤྱི་འཐུས་པདྨ་འབྱུང་གནས་དང་ཟླ་བ་ཚེ་རིང་གཉིས་ཕེབས་འདུག སྔོན་མ་ཤར་ཕྱོགས་ཁུག་རྟ་བོད་གཞུང་གི་ལས་བྱེད་ཁྲོད་ནས་ཕྱིར་འཕུད་གཏོང་མཁན་དེ་བཀའ་བློན་ཁྲི་པའམ་སྲིད་སྐྱོང་ཡིན་པ་མ་ཟད། དེའི་རྗེས་ལ་ནམ་བཞག་རྒྱུན་དུ་ནས་ཤར་ཕྱོགས་ཁུག་རྟས་སྐྱོན་བརྗོད་ངོ་རྒོལ་བྱེད་ས་ཉག་གཅིག་དེ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆགས་ཡོད་པ་རེད། རྩ་བའི་ཆ་ནས་ཤར་ཕྱོགས་ཁུག་རྟ་ལ་རྒྱབ་སྐྱོར་བྱེད་མཁན་ཆོལ་ཁ་གཞན་པ་ཕར་ཞོགས་མདོ་སྨད་མི་མང་ནང་དུའང་གཅིག་གཉིས་ཙམ་ལས་མེད་པ་ད་ལོའི་སྤྱི་འཐུས་གཅིག་གི་འོས་བསྡུ་ལས་གསལ་བོ་ཆགས་ཚར་བ་རེད། ཡིན་ནའང་ད་རེས་སྤྱི་འཐུས་ཁོང་གཉིས་མཛད་སྒོར་ཡོང་ཡོད་པ་དེས་དོན་དག་གཞན་ཞིག་ཤོད་བཞིན་ཡོད་རེད།
ཨ་མའི་བུ་ཐེབས་རྩ་ཚོགས་པའི་སྦྱིན་བདག་རྒྱ་མའི་རྒྱུགས་ཁྱི་རྟ་སྲས་ཚུལ་ཁྲིམས་དང་། དེའི་ལག་ཆ་ཤར་ཁུགས་ཀྱིས་འཐབ་ཕྱོགས་གཅིག་གྱུར་དང་ལྷན་བོད་བཙན་བྱོལ་ནས་བོད་རྒྱ་ལག་ཏུ་རྩིས་སྤྲོད་བྱས་པར་ངས་ནི་ངོ་རྒོལ་མཐའ་གཅིག་ལ་ཡོད། ལྷག་པར་པད་འབྱུང་སྤྱི་འཐུས་སོགས་ཀྱིས་མི་འདི་ཚོེར་རྒྱབ་སྐྱོར་བྱས་པར་ངོ་མ་བློ་ཕམ་བྱུང་་།
ཧ་ཧ་ཧ་ད་ས་ནས་ཡོད་གནམ་ནས་ཡོད་ཚོད་ཐུག་གི་ཡོད་ས་མ་རེད།