དེ་རིང་རྒྱ་ནག་གཞུང་འབྲེལ་དྲ་བ་ཀྲུང་གོའི་བོད་ལྗོངས་ཞེས་པའི་སྟེང་། རྒྱ་ནག་མི་རིགས་ལས་དོན་ལྷན་ཁང་གིས། ༼ གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་འབྲེལ་བའི་ཉེས་དོན་གྱོད་གཞི་མཐའ་དག་མི་རིགས་ཀྱི་གནད་དོན་དུ་བརྩི་མི་རུང་། ༽ཞེས་པའི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་རྩོམ་ཡིག་རང་བཞིན་གྱི་དོན་ ༤ ཅན་གྱི་ཡིག་ཆ་ཞིག་འཁོད་པའི་ནང་། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཆེ་བའི་ས་ཁུལ་ཁག་དང་བསྡུར་ན་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་ཚད་ལ་བར་ཁྱད་ཆེན་པོ་འགྲོ་བཞིན་ཡོད་པ་དང་། དེ་མིན་ཤེས་ཡོན་དང་ཁོར་ཡུག་བཅས་ཀྱི་ཐོག་ཏུའང་དཀའ་ལང་མང་པོ་ཡོད་སྐོར་འཁོད་འདུག རྩོམ་ཡིག་ཧྲིལ་བོ་འོག་ཏུ་བཀོད་ཡོད།
ཏང་གི་ཚོགས་ཆེན་བཅུ་བདུན་པའི་རྗེས་སུ། ཞིས་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་མི་རིགས་གནད་དོན་དང་མི་རིགས་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས། ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ “ལོ་བརྒྱ་གཉིས” མངོན་འགྱུར་བྱེད་པའི་འབད་བརྩོན་དམིགས་འབེན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེ་བའི་བསྐྱར་དར་བྱེད་པའི་ཀྲུང་གོའི་ཕུགས་བསམ་གྱི་མཐོ་ཚད་ནས། མི་རིགས་བྱ་བ་སྤྱི་དང་ཡུན་རིང་གི་གནད་དོན་གལ་ཆེན་དག་ལ་གསར་འབྱེད་ཀྱི་བསམ་བློ་གསར་བ་ལྡན་པའི་ལྟ་བ་གསར་བ་དང་། ཆོད་གཏམ་གསར་བ། བླངས་བྱ་གསར་རབ་དང་རིམ་པ་བཏོན། ཉེ་ལམ་བསྡུས་པའི་ཀྲུང་དབྱང་གི་ཤིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་སྟེང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འགྱུར་བ་མེད་པའི་སྒོ་ནས་ཏང་གི་མི་རིགས་སྲིད་ཇུས་རྒྱུན་འཁྱོངས་དང་། མི་རིགས་མངའ་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་པ་གསལ་བོར་བཏོན། བཞེད་དགོངས་འདི་དག་ལ་གནད་དོན་གྱི་འདུ་ཤེས་དྲག་པོ་ཡོད་པ་དང་གནད་དོན་ལ་མངོན་གསལ་གྱི་སྣེ་སྟོན་བྱེད་པ། ཡིད་ཆེས་བརྟན་པོ་དང་། བློ་སྤོབས་ཆེན་པོ། དོགས་གནད་གསལ་དགྲོལ། གཞི་དྲང་ཁུངས་གཙང་ཡིན་པ། རྩ་བའི་ཐོག་ནས་བཅོས་བསྒྱུར་བྱས་ཏེ་ང་ཚོས་གནས་བབ་གསར་བའི་འོག་གི་མི་རིགས་བྱ་བ་ལེགས་པོར་སྒྲུབ་པར་རྩ་བའི་གཞི་འཛིན་འདོན་སྤྲོད་དང་མདུན་བསྐྱོད་ཀྱི་ལམ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མི་རིགས་བྱ་བའི་ཐད་ཀྱི་བཞེད་པ་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ་ཆབ་སྲིད་ཀྱི་འགན་ཁུར་ཆེན་པོར་བརྩིས་ནས་དམ་འཛིན་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གཏམ་གལ་ཆེན་དག་གི་དགོངས་དོན་དང་ཟུང་འབྲེལ་བྱས་ནས་མི་རིགས་སྲིད་ཇུས་ཀྱི་གོ་རིམ་ཡོངས་དང་ཕྱོགས་སོ་སོར་མཐའ་འཁྱོལ་བྱེད་དགོས།
གཅིག འགྱུར་བ་མེད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་ཏུ་སྐྱོད་པར་གཡོ་འགུལ་མེད་པ་དང་། ནར་འགྱངས་མེད་པ། ཕར་འགྲེ་ཚུར་འགྲེ་མེད་པ་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ་ནི། གནས་བབ་གསར་བའི་འོག་ཏུ་མི་རིགས་བྱ་བ་ལེགས་པོར་སྒྲུབ་པར་ཤེས་དགོས་པའི་ཆབ་སྲིད་ཀྱི་ལམ་ཕྱོགས་ཡིན” འདིས་གནས་བབ་གསར་བའི་འོག་ཏུ་མི་རིགས་ཀྱི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དང་མི་རིགས་ཀྱི་འབྲེལ་བ་བཟང་པོ་འཛུགས་ན། ངེས་པར་དུ་འགྱུར་བ་མེད་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་ཆོད་བྱེད་པའི་བགྲོད་ལམ་ཡང་དག་ལ་བསྐྱོད་དགོས་པ་གསལ་དགྲོལ་གཏིང་ཟབ་བྱས་ཡོད།
ལོ་ངོ་དགུ་བཅུའི་རིང་གི་མི་རིགས་བྱ་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ན། ང་ཚོའི་ཏང་གིས་མཐུན་སྒྲིལ་སྒོས་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་ནས་མཉམ་དུ་འབད་བརྩོན་བྱས་ཏེ། དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེར་རླབས་ཆེ་བའི་རྒྱལ་ཁ་བླངས་ཤིང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱས། རྒྱལ་ཁབ་གསར་དུ་བཙུགས་ནས་རིགས་སོ་སོའི་མི་དམངས་མཉམ་གཅིག་ཏུ་སྤྱི་ཚོགས་རིང་ལུགས་སུ་བསྐྱོད་པ། ཐེངས་དང་པོར་ལམ་ལུགས་ཀྱི་སྟེང་ནས་མི་རིགས་འདྲ་མཉམ་ཡོང་བ་མངོན་འགྱུར་བྱས་ཏེ་མི་རིགས་སོ་སོར་རང་ཁྱིམ་རང་བདག་བྱེད་དུ་བཅུག མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ལོ་རྒྱུས་སྟེང་གི་ཆེས་བཟང་ཞིང་ཆེས་མགྱོགས་པའི་འཕེལ་རྒྱས་མངོན་འགྱུར་བྱས་ཤིང་། རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་རྩ་བའི་ཐོག་ནས་ལེགས་བཅོས་བྱས། འདྲ་མཉམ་མཐུན་སྒྲིལ་དང་རོགས་རེས་འཆམ་མཐུན་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གཏན་འབེབས་དང་འཕེལ་རྒྱས་སུ་བཏང་། མཉམ་གཅིག་ཏུ་མཐུན་སྒྲིལ་འབད་བརྩོན་དང་། མཉམ་གཅིག་ཏུ་དར་རྒྱས་གོང་འཕེལ་འབྱུང་བ་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་སེམས་འདུན་དུ་གྱུར། མཛའ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། འཆམ་མཐུན་འཕེལ་རྒྱས་ཡོང་བ་དེ་རང་རེའི་རྒྱལ་ཁབ་ཀྱི་མི་རིགས་འབྲེལ་བའི་གཙོ་རྒྱུགས་སུ་གྱུར། བགྲོད་ལམ་འདི་ནི་རིགས་སོ་སོ་བཅིངས་འགྲོལ་དང་། རིགས་སོ་སོ་མཐུན་སྒྲིལ། རིགས་སོ་སོ་དར་རྒྱས། རིགས་སོ་སོ་འཕེལ་རྒྱས་ཡོང་བའི་བགྲོལ་ལམ་ཡིན་ལ། དེ་རང་རེའི་ཏང་དང་མི་དམངས་ཀྱིས་མི་རིགས་བྱ་བའི་ཁྲོད་དུ་འབད་བརྩོན་དང་། གསར་གཏོད། གསོག་འཇོག་བྱས་པའི་རྩ་བའི་གྲུབ་འབྲས་ཡིན་པ་ལག་ལེན་གྱིས་བདེན་དཔང་བྱས་ཡོད།
ད་སྔ། བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཆ་འཕྲིན་ཅན་དང་ཞིང་ལས་དེང་རབས་ཅན་གྱི་མགྱོགས་མྱུར་སྐུལ་འདེད་དང་བསྟུན་ནས། རང་རྒྱལ་གྱི་མི་རིགས་ཁྱབ་ཚུལ་ལ་འགྱུར་བ་གཏིང་ཟབ་བྱུང་བཞིན་ཡོད་ལ། མི་རིགས་སོ་སོའི་ཕན་ཚུན་འགྲོ་འོང་དང་བརྗེ་རེས། གཅིག་འདྲེས་ཀྱང་སྔར་བྱུང་མ་མྱོང་པའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཀྱི་ངང་ནས་སྐུལ་འདེད་བྱེད་ཀྱི་ཡོད་ཅིང་། མི་རིགས་བྱ་བར་སྔར་བྱུང་མ་མྱོང་བའི་གནས་ཚུལ་གསར་བ་དང་གནད་དོན་གསར་བ། འགྲན་རྩོད་གསར་བ་ལྷགས་ཡོད། དུས་ཚོད་འདིའི་སྐབས་སུ་ང་ཚོས་ངེས་པར་དུ་ཆབ་སྲིད་ཀྱི་ཀླད་གསལ་བོ་དང་འཐབ་ཇུས་ཀྱི་གཏན་ཤུགས་རྒྱུན་འཁྱོངས་བྱས་ཏེ། འགྱུར་བ་མེད་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་ཏུ་ཞུཊ་དགོས།
གནས་བབ་གསར་བའི་འོག་ཏུ། འགྱུར་བ་མེད་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་ལ་ཞུགས་པ་ནི། ལངས་ཕྱོགས་གསལ་བོའི་སྒོ་ནས་རང་རེའི་ཏང་གི་མི་རིགས་གནད་དོན་ཐད་ཀྱི་རྩ་བའི་གཞུང་ལུགས་དང་། རྩ་བའི་སྲིད་བྱུས། རྩ་བའི་ཁྲིམས་ལུགས། རྩ་བའི་ལམ་ལུགས་དང་རྩ་བའི་སྒྲིག་གཞི་རྒྱུན་འཁྱོངས་བྱེད་པ་ཡིན། རྩ་བ་དང་སྲོག་ཤིང་ལ་ཐུག་པའི་གནད་དོན་འདི་དག་གི་སྟེང་དུ་གཡོ་འགུལ་དང་འགྲེ་ལྡོག་བྱེད་མི་རུང་ལ། དོན་དངོས་གསར་བ་གཞིར་འཛིན་པ་དང་དོན་དངོས་གསར་བ་དང་བསྟུན་ནས་བཅོས་བསྒྱུར་དང་གསར་གཏོད་བྱེད་པའི་སྙིང་སྟོབས་ཀྱིས་ཟམ་མི་ཆད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་གི་ལག་ལེན་གྱི་ཁྱད་ཆོད་དང་། གཞུང་ལུགས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཚད་ཆེན་པོའི་སྒོ་ནས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་རྒྱབ་བརྟེན་བཅོལ་ནས་མི་རིགས་སོ་སོ་དང་སྤྱི་དམངས་ཚང་མས་ཀྲུང་ཧྭ་མི་རིགས་རླབས་ཆེ་བའི་བསྐྱར་དར་བྱེད་པའི་ཀྲུང་གོའི་རྨི་ལམ་མངོན་འགྱུར་བྱེད་པར་ནུས་ཤུགས་འབུལ་བ་དང་། མེས་རྒྱལ་ཡར་རྒྱས་གོང་འཕེལ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་དགོས།
གཉིས། མི་རིགས་ས་ཁུལ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས། བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་འདྲ་མཉམ་གྱིས་རིགས་སོ་སོའི་མི་དམངས་ལ་ཉམས་སུ་མྱོང་དུ་འཇུག་དགོས།
ཏང་གི་ཚོགས་ཆེན་བཅུ་བདུན་པས་ ༢༠༢༠ ལོར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་ཡོང་དགོས་པའི་དམིགས་འབེན་ཆེན་པོ་བཏོན། ཁྱོན་ཡོངས་འབྱོར་འབྲིང་ནི་མི་རིགས་ ༥༦ གི་ཐུན་མོང་གི་འབྱོར་འབྲིང་ཡིན་ལ། ཁྱོན་ཡོངས་འབྱོར་འབྲིང་ཡོང་བའི་དམིགས་འབེན་ཆེན་པོ་མངོན་དུ་འགྱུར་བར་མི་རིགས་ ༥༦ གི་ཐུན་མོང་གི་འབད་བརྩོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྲོག་རྩ་ནི་མི་རིགས་ས་ཁུལ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གོམ་འགྲོས་ཇེ་མགྱོགས་ལ་གཏོང་བ་དེ་ཡིན” “འབྱོར་འབྲིང་ཡིན་མིན་ནི་གཙོ་བོ་ཡུལ་མི་ལ་ལྟ་དགོས།” བཞེད་པ་གལ་ཆེན་འདི་དག་གིས་མི་རིགས་སོ་སོའི་ས་ཁུལ་གྱི་ལས་བྱེད་མང་ཚོགས་རྣམས་ཀྱིས་རྒྱལ་ཡོངས་དང་མཉམ་པོར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་བརྩོན་སེམས་ལ་ཤུགས་ཆེན་པོས་སྐུལ་མ་བྱས་ཡོད།
ཉེ་བའི་ལོ་འདི་དག་གི་རིང་དུ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཀུན་གྱིས་བརྩི་མཐོང་བྱེད་པའི་གྲུབ་འབྲས་བླངས། འོན་ཀྱང་དེར་ཐུག་པའི་གནད་དོན་ད་དུང་ཡང་འབུར་དུ་ཐོན་པ་ཞིག་རེད། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མགྱོགས་མོད། འོན་ཀྱང་འཕེལ་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན་བར་ཐག་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་ཡོད། ཕྱོགས་བསྡུས་ཀྱི་དཔལ་འབྱོར་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པ་མངོན་གསལ་ཡིན་ཡང་རང་སྟོབས་འཕེལ་རྒྱས་ཀྱི་ནུས་པ་ཞན་ལ། འཕེལ་རྒྱས་ཀྱི་ཁྲོད་དུ་ཆ་མི་སྙོམས་ཤིང་སྙོམས་སྒྲིག་མིན་པ། རྒྱུན་མཐུད་མིན་པའི་གནད་དོན་ད་དུང་ཡང་འབུར་ཐོན་རེད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་འགྲོ་བཞིན་ཡོད་ནའང་དབུལ་བོའི་མི་འབོར་མང་ཞིང་དབུལ་ཚད་ཟབ་པའི་གནད་དོན་ད་དུང་འདུག སྤྱི་ཚོགས་ལས་རིགས་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་བཞིན་ཡོད་ནའང་མང་ཚོགས་ལ་དཀའ་ཁག་མང་ཞིང་རྨང་གཞིའི་སྤྱི་བའི་ཞབས་ཞུའི་ཆ་སྙོམས་ཅན་གྱི་ཆུ་ཚད་ད་རུང་དམའ། སྐྱེ་ཁམས་ཁོར་ཡུག་ངན་འགྱུར་འགྲོ་བར་ལ་ནུས་ལྡན་ཚོད་འཛིན་བྱས་ཀྱང་སྐྱེ་ཁམས་བདག་སྐྱོང་གི་དཀའ་ཁག་ཇེ་ཆེར་འགྲོ་བཞིན་ཡོད་ལ། སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐྱེ་ཁམས་ཀྱིས་ཚོད་འཛིན་བྱེད་ཀྱིན་པ་སྔར་བཞིན་མངོན་གསལ་རེད། དེང་རབས་ཅན་ལ་སྐྱོད་པའི་གོ་རིམ་ཁྲོད་དུ། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་ཐུག་ཡོད་པའི་ཡོངས་ཁྱབ་རང་བཞིན་གྱི་དཀའ་ངལ་དེ་མི་རིགས་ས་ཁུལ་དུ་དེ་ལས་ཀྱང་འབུར་ཐོན་ཡིན་ལ། མི་རིགས་ས་ཁུལ་ལ་ད་རུང་ཁྱད་པར་ཅན་གྱི་གནད་དོན་དང་དཀའ་ཁག་མང་པོ་ལྷགས་ཡོད། གནས་ཚུལ་འདི་དག་གིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གཙོ་གནད་དང་དཀའ་གནད་ཡིན་པ་གསལ་སྟོན་བྱས་ཡོད།
མི་རིགས་ས་ཁུལ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་སྐུལ་སྤེལ་བྱེད་པ་ཇེ་མགྱོགས་ལ་གཏོང་བར། ངེས་པར་དུ་ཁྱོན་ཡོངས་གཏིང་ཟབ་གསར་བརྗེ་དམ་པོར་འཛིན་པ་དང་། ནུབ་ཕྱོགས་སྒོ་འབྱེད་ཀྱི་ལོ་རྒྱུས་གོ་སྐབས་ཇེ་ཆེར་གཏོང་དགོས། ཀྲུང་དབྱང་གི་མི་རིགས་ས་ཁུལ་གྱི་མགྱོགས་མྱུར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་བྱུས་དང་བྱེད་ཐབས་དངོས་འབེབ་བཟང་བོ་བྱེད་པ། གཏོང་སྤྲོད་སྤོ་སྒྱུར་དང་ཁ་གཏད་རོགས་སྐྱོར་གྱི་སྒྲིག་གཞི་ལེགས་བསྒྱུར་བྱས་ནས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་ལ་གཏོང་བའི་ཆེད་དུ་ཁུངས་མི་ཆད་པའི་སྒུལ་ཤུགས་འདོན་དགོས། དཔལ་འབྱོར་སྒྲིག་གཞིའི་འཐབ་ཇུས་ལེགས་སྒྲིག་བྱེད་པ་འགག་རྩ་རུ་བཟུང་ནས། ཁྱད་ཆོས་ལྡན་ཞིང་དགེ་མཚན་ཡོད་པའི་ཐོན་ལས་སྟོབས་ཅན་དང་ཆེན་པོ་འཛུགས་པ། ཧུར་ཐག་གིས་ཐོན་ཁུངས་སྐྱིན་ཚབ་ཡོད་པའི་བཀོལ་སྤྱོད་དང་སྐྱེ་ཁམས་ཚབ་སྤྲོད་ལམ་ལུགས་འཚོལ་ཞིབ་བྱས་ཏེ་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་ནང་བྱུང་སྒུལ་ཤུགས་ཇེ་ཆེར་གཏོང་དགོས། རྨང་གཞིའི་འཛུགས་སྐྲུན་དམིགས་སར་འཇོག་དགོས་པ་དང་རྩ་བའི་ཐུན་མོང་ཞབས་ཞུའི་འདྲ་སྙོམས་ཅན་སྐུལ་སྤེལ་བྱེད་པ། ཤུགས་ཆེན་པོས་སློབ་གསོ་དང་སྨན་བཅོས་ལས་རིགས་འཕེལ་རྒྱས་དང་། དངོས་ཡོད་གནས་ཚུལ་དང་བསྟུན་ནས་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཏེ་ཟམ་མི་ཆད་པར་རིགས་སོ་སོའི་མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་ལ་གཏོང་དགོས། སྔར་ལས་ལྷག་པར་སྲིད་བྱུས་མ་ལག་འཐུས་ཚང་དུ་བཏང་ནས་། གཅིག་འདུས་ཡིན་ལ་དཀའ་ཁག་ཧ་ཅང་ཆེ་བའི་ས་ཁུལ་དང་། ཕྱུགས་ལས་ས་ཁུལ། མཐའ་འཚམས་ས་ཁུལ། མི་གྲངས་ཉུང་བའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་འབུར་དུ་བཏོད་ནས་འཛིན་དགོས། སྤྱིའི་ཆ་ནས་བཤད་ན། རྒྱལ་ཁབ་དང་འཕེལ་རྒྱས་བྱུང་བའི་ས་ཁུལ་གྱི་རོགས་སྐྱོར། མི་རིགས་ས་ཁུལ་གྱི་རང་སྟོབས་རང་སྤེལ་བཅས་ཕྱོགས་གསུམ་གྱི་ནུས་ཕན་ནུས་འདོན་སྤེལ་ལེགས་པོ་བྱས་ཏེ་མི་རིགས་ས་ཁུལ་གྱི་རང་སྟོབས་འཕེལ་རྒྱས་ཀྱི་ནུས་ཤུགས་ཇེ་ཆེར་གཏོང་དགོས།
ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ནི་ཆུ་ཚད་འདྲ་བའི་འབྱོར་འབྲིང་མིན་ལ། ཚད་ཐིག་གཅིག་གིས་ཕྱེས་པའི་འབྱོར་འབྲིང་ཡང་མིན། མི་རིགས་ས་ཁུལ་ལ་མཚོན་ན། གནད་འགག་ནི་གོ་སྐབས་དམ་འཛིན་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་འཛུགས་སྐྲུན་བྱས་ཏེ་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་སྙེག་རྒྱུ་དེ་ཡིན། དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་སྟེང་དུ་དངོས་འབེབ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་སྟེང་དུ་དངོས་འབེབ་བྱས་ནས་རིགས་སོ་སོའི་མི་དམངས་ལ་ཏང་གི་ཐུགས་ཁུར་དང་མེས་རྒྱལ་ཁྱིམ་གཞི་ཆེན་མོའི་དྲོད་ཁོལ་མྱོང་དུ་འཇུག་དགོས། གནད་དོན་ལ་བསམ་བློ་གཏོང་བ་དང་། ཐག་གཅོད་བྱེད་པ། དངོས་ཡོད་གནས་ཚུལ་དང་བསྟུན་པ། ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་བསྟུན་པ། འཚུབ་ཆ་མི་ལངས་པ། དངོས་ཡོད་གནས་ཚུལ་དང་བྲལ་བའི་ཁ་གཡང་མི་སྒྲོག་པ། ཐལ་ཆེ་བའི་དམིགས་འབེན་མི་འཛུགས་པར། རྨང་གཞི་འཛུགས་པ་དང་ཡུན་རིང་སྙེག་པ། ཕན་ནུས་མངོན་པའི་སྟེང་དུ་ཤུགས་འདོན་པ་དང་དུས་གཏན་དུ་སྟོབས་ཤུགས་རྩད་སྤྲུག་བྱ་དགོས་པའོ།།
གསུམ། མི་རིགས་མཐུན་སྒྲིལ་ཆེན་པོའི་དར་ཆ་མཐོན་པོར་སྒྲེང་ནས་རིགས་སོ་སོའི་མི་དམངས་ཀྱིས་མེས་རྒྱལ་གྱི་གཅིག་གྱུར་ལ་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་འཇགས་བྱེད་པའི་རྣོ་ལྕགས་ཀྱི་ལྕགས་རི་རྩིག་པ།
རང་རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ལ། རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལ་བྱས་རྗེས་བཞག་ཡོད། རང་རྒྱལ་གྱི་ཁུངས་དང་རྒྱུན་རིང་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་དུ། མི་རིགས་སོ་སོ་ཁྱོད་ཀྱི་ཁྲོད་དུ་ང་ཡོད་ཅིང་ང་ཡི་ཁྲོད་དུ་ཁྱོད་ཡོད་པ། མཉམ་དུ་གཞིས་སྡོད་དང་། ཐུན་མོང་གི་འཚོ་བ། ཕན་ཚུན་ཁ་གསབ་བྱེད་པའི་རྒྱུ་མང་གཞི་གཅིག་གི་རྣམ་པར་གྱུར་ཡོད། ཉེ་རབས་ནས་བཟུང་། ཕྱི་འོང་བཙན་འཛུལ་ལ་འགོག་རྒོལ་དང་དུས་ཡུན་རིང་བོའི་གསར་བརྗེའི་འཐབ་རྩོད་ཀྱི་ཁྲོད་དུ། རིགས་སོ་སོའི་མི་དམངས་རྣམས་ལ། ཁྲག་གཅིག་ཏུ་བཞུར་བ་དང་བརྩེ་བ་གཅིག་ཏུ་འདྲེས་ནས། ཤི་གསོན་བརྟེན་རེས་དང་། བདེ་སྡུག་མཉམ་མྱོང་གི་ཤ་ཁྲག་གི་འབྲེལ་བ་གྲུབ་ཅིང་། ཀྲུང་ཧྭ་མི་རིགས་ནི་མི་རིགས་སོ་སོའི་ངོས་འཛིན་དང་ལོག་མལ་དུ་གྱུར་ཡོད། ལྷག་པར་དུ་ཀྲུང་གོ་གསར་བ་བཙུགས་པ་ནས་བཟུང། མི་རིགས་སོ་སོར་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་བ་ཆགས་ཡོད། འདི་འདྲའི་རྣམ་པ་གསར་བའི་མི་རིགས་འབྲེལ་བ་གསར་བ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་སྟེང་ནས་གསར་བ་དང་། དེའི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་རྩ་བའི་ཁྱད་ཆོས་ཀྱི་སྟེང་ནས་གསར་བ་ཡིན་པ་རེད། འདི་ལྟའི་རྣམ་པ་གསར་བའི་མི་རིགས་མཐུན་སྒྲིལ་གྱི་ནང་དུ། འདྲ་མཉམ་ནི་རྨང་རྡོ་དང་། མཐུན་སྒྲིལ་ནི་གཙོ་སྐུད། རོགས་རེས་ནི་ཁག་ཐེག འཆམ་མཐུན་ནི་གཞི་རྩ་ཡིན་ལ། དེ་བཞི་བོས་ཕན་ཚུན་གཞོགས་འདེག་བྱས་ཏེ་གཅིག་གྱུར་དང་དཀྱུས་གཅིག་ཏུ་འདྲེས་པའི་གོང་བུ་ཞིག་ཏུ་གྱུར་བ་རེད།
ད་སྔ། རང་རྒྱལ་གྱི་མི་རིགས་འབྲེལ་བའི་གཙོ་རྒྱུགས་ནི་བཟང་ཞིང་། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ་ཡིན། འདྲ་མཉམ་མཐུན་སྒྲིལ་དང་རོགས་རེས་འཆམ་འཐུན་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཉིན་རེ་བཞིན་སྲ་བརྟན་དང་ཇེ་དམ་དུ་གཏོང་བའི་རྩ་བའི་རྣམ་པ་འགྱུར་མེད། འོན་ཀྱང་གསལ་བོར་མཐོང་དགོས་པ་ཞིག་ལ། རང་རྒྱལ་གྱི་མི་རིགས་འབྲེལ་བའི་བྱ་བའི་མདུན་དུ་ལྷགས་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ཚང་མར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། མི་རིགས་སོ་སོའི་བར་གྱི་མངའ་ཁུལ་བརྒལ་བའི་འབྲེལ་འདྲིས་དང་། བརྗེ་རེས། མཉམ་འདྲེས་དེ་སྔར་མེད་པའི་གཞི་ཁྱོན་དང་སྟུག་ཚད་ཀྱིས་འགྱུར་བཞིན་ཡོད། མི་རིགས་ཀྱི་འབྲེལ་བའི་གལ་ཆེན་རང་བཞིན་ལྟུག་ཏུ་མངོན་གསལ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་རྐྱེན་སྟེར་བའི་རྒྱུ་རྐྱེན་སྔར་ལས་རྙོག་འཛིང་། མི་རིགས་རྒྱུ་རྐྱེན་ཐེ་གཏོགས་ཡོད་པའི་འགལ་རྩོད་བྱུང་བ་མང་ཞིང་འབྱུང་སླ། ཉེ་བའི་ལོ་འདི་དག་ལ། བོད་ལྗོངས་དང་། ཤིན་ཅང་། ཁོན་མེན་སོགས་སུ་སྔ་གཞུག་ཏུ་དྲག་སྤྱོད་འཇིགས་སྐུལ་གྱི་དོན་རྐྱེན་བྱུང་ཞིང་། དེས་གདུག་རྩུབ་ཆེ་བའི་དོན་དངོས་ཀྱིས་ང་ཚོར་ “སྟོབས་ཤུགས་གསུམ” དང་འཐབ་རྩོད་བྱེད་པ་ནི་ཡུན་རིང་ཞིང་དཀའ་ཁག་ཆེ་བ། སྣང་མེད་བྱེད་མི་རུང་བ་ཞིག་ཡིན་པའི་ཉེན་བརྡ་བཏང་བ་རེད།
སྤྱི་ཚོགས་ཡོངས་སུ་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་གི་སློབ་གསོའི་བྱ་འགུལ་གཏིང་ཟབ་ཀྱིས་སྤེལ་ཏེ། དམིགས་སའི་རང་བཞིན་མཐོར་འདེག་དང་། ཁྱབ་ཁོངས་ཇེ་ཆེ། དངོས་ཕན་རང་བཞིན་འབུར་ཐོན། རིགས་སོ་སོའི་མི་དམངས་ཀྱི་ཁྲོད་དུ་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཆགས་སུ་བཅུག་ནས་ “ཁ་བྲལ་མི་རུང་བ་གསུམ” དང་ “ངོས་ལེན་བཞིའི” བསམ་བློ་སྔར་ལས་ལྷག་པར་མིའི་སེམས་སུ་འཇུག་དགོས། གོམ་གང་མདུན་སྤོས་ཀྱིས་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་སྐྲུན་གྱི་རིག་ལམ་གསར་གཏོད་དང་། སྔར་ལས་མང་བའི་མི་རིགས་འགྲོ་འོང་དང་བརྗེ་རེས། གཅིག་འདྲེས་ཀྱི་འདྲེན་དངོས་བཟོས་ཏེ། རིགས་སོ་སོའི་མི་དམངས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་དང་། ཕན་ཚུན་ལ་བརྩི་བཀུར། ཕན་ཚུན་ལ་བཟོད་སྒོམ། ཕན་ཚུན་ལ་རོལ་མྱོང་། ཕན་ཚུན་ལ་སློབ་སྦྱོང་བྱེད་དུ་འཇུག་པ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱེད་པ་སྤྱི་དམངས་རེ་རེའི་རང་རྟོགས་ཀྱི་ལས་འགུལ་དང་སྤྱི་ཚོགས་ཀྱི་གོམས་སྲོལ་དུ་བསྒྱུར་དགོས། མི་རིགས་ཀྱི་རྒྱུ་རྐྱེན་ཐེ་གཏོགས་ཡོད་པའི་འགལ་རྩོད་དག་འོས་འཚམ་གྱིས་སྔོན་འགོག་དང་ཐག་གཅོད་བྱེད་དགོས་ལ། བྱེ་བྲག་གི་གནད་དོན་བྱེ་བྲག་ཏུ་དབྱེ་ཞིབ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་གནད་དོན་ཅི་ཞིག་ཡིན་ན་ཐག་གཅོད་ཀྱང་དེ་ལྟར་བྱེད་དགོས་ཤིང་། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཐེ་གཏོགས་ཡོད་པའི་སྤྱིར་བཏང་གི་དམངས་དོན་རྩོད་གཞི་དང་ཉེས་དོན་གྱོད་གཞི་མཐའ་དག་མི་རིགས་གནད་དོན་དུ་བརྩི་མི་རུང་། དུས་མཚུངས་སུ་ངེས་པར་དུ་དྲག་སྤྱོད་འཇིགས་སྐུལ་བྱ་འགུལ་གྱིས་རྩ་བའི་འགྲོ་བ་མིའི་ཐོབ་ཐང་ལ་སྣང་མེད་དང་། མི་ཆོས་རིང་ལུགས་ལ་རྡོག་བརྫིས་བྱེད་པ་གསལ་བོར་ངེས་དགོས་ལ། དེས་འགྲན་སློང་ས་ནི་མིའི་རིགས་དཔལ་ཡོན་གྱི་ཐུན་མོང་གི་ཐ་མའི་ཚད་ཐིག་ཡིན་ལ། དེ་མི་རིགས་གནད་དོན་མིན་ཞིང་། ཆོས་ལུགས་ཀྱི་གནད་དོན་ཡང་མིན་པར་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་དགྲ་བོ་ཡིན། དྲག་གནོད་ཀྱི་རྣམ་པ་སྲུང་འཛིན་བྱས་ཏེ་དྲག་སྤྱོད་འཇིགས་སྐུལ་བའི་མགོ་གནོན་དགོས། འགོག་སྲུང་དང་རྡུག་རྡེག་གི་ཁྲོད་དུ་ཐ་མའི་ཚད་ཐིག་གི་བསམ་གཞིགས་རྒྱུན་འཁྱོངས་བྱེད་པ་དང་། སྲིད་བྱུས་དང་འཐབ་ཇུས་ལ་ཡིད་འཇོག་བྱས་ཏེ་ཚད་ཆེས་ཆེ་བའི་སྒོ་ནས་རྒྱ་ཆེའི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་རྒྱབ་བརྟེན་བྱེད་དགོས་ཤིང་། ཚད་ཆེས་ཆེ་བའི་སྒོ་ནས་ཤིན་ཏུ་ཉུང་བའི་དགྲར་འཛིན་མཁན་ལ་རྡུང་རྡེག་དང་དེ་ཁེར་ཕུད་གཏོང་དགོས།
བཞི། སྔར་ལས་ལྷག་པར་ཏང་གིས་མི་རིགས་བྱ་བར་སྣེ་འཁྲིད་པར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། དངོས་ཡོད་དང་མཐུན་པའི་སྒོ་ནས་མི་རིགས་བྱ་བ་ལེགས་པོར་སྒྲུབ་པའི་ནུས་པ་དང་ཚུ་ཚད་ཇེ་མཐོར་གཏོང་དགོས།
ཀྲུང་གོའི་བྱ་བ་ལེགས་པོ་ཞིག་འཁྱོངས་རྒྱུ་གཙོ་བོ་ཏང་ལ་ཐུག་ཡོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ “མི་རིགས་ཀྱི་བྱ་བ་ནི་སྤྱི་ཡོངས་ལ་འབྲེལ་བ་ཡོད” ཅེས་བརྗོད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཏུ་ཏང་གི་བློ་མཐུན་ཡོངས་དང་། ལྷག་པར་དུ་ཏང་གི་རིམ་པ་འབྲིང་མཐོའི་མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྲིད་དབང་གི་འདུ་ཤེས། སྤྱི་ཡོངས་ཀྱི་འདུ་ཤེས་དང་འགན་ཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། མི་རིགས་གནད་དོན་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་པ། དངོས་ཐོག་བདེན་འཚོལ་གྱིས་མི་རིགས་གནད་དོན་ལ་ལྟ་སྟངས་འཛིན་པ། འོས་འཚམ་དང་ཕན་ནུས་ལྡན་པའི་སྒོ་ནས་མི་རིགས་གནད་དོན་ཐག་གཅོད་བྱས་ཏེ། དོན་དངོས་དང་མཐུན་པར་མི་རིགས་མཐུན་སྒྲིལ་སྔོན་སྐྱོད་ཀྱི་གནས་ཚུལ་ཧྲིལ་བོ་སྲ་བརྟན་དང་བདག་སྐྱོང་བྱེད་དགོས།
ད་སྔའི་མི་རིགས་གནད་དོན་ཁྲོད་གལ་ཆེན་ནང་གི་གལ་ཆེན་ནི། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་ཐད་ཀྱི་བཀོད་འདོམས་ལྟར་དུ། མི་རིགས་ལས་དོན་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་ཤུགས་ཀྱི་དེང་རབས་ཅན་སྐུལ་སྤེལ་བྱེད་པ་དེ་ཡིན། མི་རིགས་ལས་དོན་བདག་སྐྱོང་མ་ལག་གི་ཁྲིམས་སྐྱོང་ཅན་སྐུལ་སྤེལ་བྱེད་པར། ཁྲིམས་སྐྱོང་བསམ་གཞིགས་དང་བྱེད་ཐབས་བཀོལ་ནས་མི་རིགས་འབྲེལ་བ་སྙོམས་སྒྲིག་དང་ཚད་ལྡན་དུ་གཏོང་བ་དང་། མི་རིགས་མངའ་ཁོངས་རང་སྐྱོང་ལམ་ལུགས་ཀྱི་དགེ་མཚན་རང་བཞིན་འདོན་སྤེལ་གང་ལེགས་བྱེད་པ། སྔར་ལས་ལྷག་པར་མི་རིགས་ཀྱི་ཁྲིམས་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ་ཁྲིམས་ལུགས་ལག་བསྟར་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་ཤུགས་རྒྱག་དགོས། མི་རིགས་ལས་དོན་བདག་སྐྱོང་གི་སྤྱི་ཚོགས་ཅན་སྐུལ་སྤེལ་བྱེད་པར། སྒྲིག་གཞི་དང་ལམ་ལུགས་ཚང་འཛུགས་དང་། མི་རིགས་ཨུ་ཡོན་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཏང་ཨུས་མགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཀྱིས་གཞོགས་འདེགས། མང་ཚོགས་ཟུར་ཞུགས་ཀྱི་རྣམ་པ་སྐུལ་འདེད་བྱས་ཏེ། བཅོས་སྒྲིག་གང་ལེགས་དང་ཕྱོགས་ངོས་སོ་སོའི་ཕན་ནུས་འོས་འཚམ་གྱིས་འདོན་སྤེལ་བྱེད་དགོས། མི་རིགས་ལས་དོན་བདག་སྐྱོང་གི་ཞིབ་ཚགས་ཅན་སྐུལ་སྤེལ་བྱེད་པར། མི་རིགས་ས་ཁུལ་གྱི་རིགས་མི་འདྲ་བར་དམིགས་ནས་བདག་སྐྱོང་གི་བྱེད་ཕྱོགས་འཛུགས་མཁས་པ་དང་། དཔལ་འབྱོར་དང་། སྲིད་འཛིན། ཁྲིམས་ལུགས། རིག་གནས། བརྡ་འཕྲིན། སྨྱན་བྱེད་སོགས་རིགས་མང་པོའི་བྱེད་ཐབས་སྤྱད་ནས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཤེས་དགོས།
གྲངས་ཉུང་མི་རིགས་ཀྱི་ལས་བྱེད་མི་སྣ་ནི་ཏང་དང་སྲིད་གཞུང་གིས་གྲངས་ཉུང་མི་རིགས་་ཀྱི་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་དང་འབྲེལ་ཐག་ཡིན་ལ། དེ་ནི་མི་རིགས་བྱ་བ་ལེགས་པོར་སྒྲུབ་པའི་རྐང་འཛིན་གྱི་ནུས་ཤུགས་ཡིན། ”ཤུགས་ཆེན་པོས་གསོ་སྐྱོང་དང་། སྤོབས་པ་ཆེན་པོས་འདེམས་བསྐོ། ཡིད་ཆེས་གང་ལེགས་དང་བློ་རྒྱ་ཆེན་པོས་བཀོལ་སྤྱོད” ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། གྲངས་ཉུང་མི་རིགས་ལས་བྱེད་དཔུང་སྡེ་དང་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་བྱེད་པར་ཤུགས་བསྣན་ཏེ། ཁོ་ཚོའི་སྤྱང་གྲུང་དང་བློ་གྲོས་ལ་སྲུང་སྐྱོབ་དང་དེ་འདོན་སྤེལ་གང་ལེགས་བྱེད་དུ་འཇུག་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། བྱ་བའི་སྤྱོད་ཚུལ་སྒྱུར་བ། སྤྱོད་གཙང་རྒྱུན་འཁྱོངས་བྱེད་པ། ཏང་གི་རང་བཞིན་གསོ་གཅོས་བྱེད་པར་ཤུགས་སྣོན་པ། འབད་བརྩོན་གྱིས་རིགས་སོ་སོའི་ལས་བྱེད་མི་སྣའི་བར་གྱི་མཐུན་སྒྲིལ་དང་། ཡིད་ཆེས། མཉམ་ལས་ལ་སྐུལ་འདེད་བྱས་ཏེ། མི་རིགས་བྱ་བ་ལེགས་པོར་སྒྲུབ་པར་རྩ་འཛུགས་ཀྱི་ཁག་ཐེག་བརྟན་པོ་འདོན་སྤྲོད་བྱེད་དགོས།
མི་རིགས་བྱ་བ་ལེགས་པོར་སྒྲུབ་པར་བརྟག་དཔྱད་ཞིབ་འཇུག་དང་ཁ་བྲལ་མི་རུང་། “མི་རིགས་བྱ་བའི་གནད་དོན་གལ་ཆེན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཤུགས་སྣོན་དགོས” ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ནན་གྱིས་བསྟན་པ་དང་། བརྟག་དཔྱད་ཞིབ་མོ་བྱེད་དགོས་པའི་དཔྱད་བྱ་གལ་ཆེན་རབ་དང་རིམ་པ་བཏོན་ཏེ། མི་རིགས་བྱ་བའི་གསར་གཏོད་ཀྱི་འཕེལ་རྒྱས་ལ་ཧུར་བརྩོན་བྱེད་དགོས་པའི་ཁ་ཕྱོགས་བསྟན། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཏུ། ང་ཚོས་མི་རིགས་གཞུང་ལུགས་ཀྱི་དུས་རབས་ཅན་ལ་ལྟ་དགོས་ཤིང་། མི་རིགས་གཞུང་ལུགས་ཀྱི་འཐབ་ཇུས་བསམ་གཞིགས་དང་ལག་ལེན་གསར་བ། འཕེལ་རྒྱས་གསར་བ་ལའང་ལྟ་དགོས། གཞི་རིམ་ལ་ཟབ་ཞུགས་དང་། དངོས་ཡོད་ལ་ཟབ་ཞུགས། མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གི་ཆུ་ཚད་རྒྱུན་མི་ཆད་པར་ཇེ་མཐོར་གཏོང་དགོས།
ད་ལོ་ནི་ཁྱོན་ཡོངས་གཏིང་ཟབ་བཅོས་བསྒྱུར་བྱེད་པ་མགོ་བརྩམས་པའི་ལོ་ཡིན་ལ། རང་རེའི་རྒྱལ་ཁབ་ཀྱི་མི་རིགས་བྱ་བའི་ལོ་རྒྱུས་སྟེང་གི་ཆེས་གལ་ཆེ་བའི་ལོ་ཞིག་ཀྱང་ཡིན། ང་ཚོའི་མདུན་དུ་འགན་ཁུར་ཆེན་པོ་ལྷཊ་ཡོད་ལ། གོ་སྐབས་བཟང་བོའང་ལྷགས་ཡོད། ང་ཚོས་ཞིས་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་དང་འབྲེལ་བ་དམ་པོ་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་ནས། ཏང་ཞོ་ཕིང་གི་གཞུང་ལུགས་དང་ “མཚོན་བྱེད་གསུམ” བསམ་བློ་གལ་ཆེན་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་མཛུབ་སྟོན་དུ་བཟུང་ནས། ཡིད་ཆེས་བརྟན་པོ་དང་། བྱ་བ་ཧུར་སྒྲུབ་ཀྱིས་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ལས་དོན་མདུན་སྐྱོད་བྱེད་དུ་འཇུག་དགོས། ཀྲུང་ཧྭ་མི་རིགས་ཁྱིམ་གཅིག་ལྟར་བརྩེ་བའི་མཐུན་སྒྲིལ་གྱི་ཕུགས་རེ་འགྲུབ་པ་དང་། མི་རིགས་སོ་སོ་དེང་རབས་ཅན་དུ་སྐྱོད་པའི་འཕེལ་རྒྱས་ཀྱི་ཕུགས་བསམ་མངོན་འགྱུར་ཡོང་བ། ཀྲུང་ཧྭ་མི་རིགས་རླབས་ཆེ་བའི་བསྐྱར་དར་བྱེད་པའི་ཀྲུང་གོའི་རྨི་ལམ་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་འབུལ་དགོས་སོ།། ཞེས་འཁོད་འདུག
ཟུར་མཆན། ( རྩོམ་མཁན། ཀྲུང་གུང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཏང་ཙུའུ། ཨ་གུར་གྱིས་བསྒྱུར། )