གཟའ་ཉི་མའི་ཉིན་རྒྱ་ནག་པེ་ཅིན་ཉེན་རྟོག་པས་ཁ་གསལ་མེད་པའི་ཐོག་རྒྱ་རིགས་རྩོམ་པ་པོ་རྒན་ཤོས་ཧོང་ཙི་རོང་འཛིན་བཟུང་བཀག་གཉེར་བྱས་ཡོད་འདུག
ཁ་སང་རྒྱལ་སྤྱིའི་གསར་ལམ་ཁག་ཅིག་ཐོག་གནས་ཚུལ་ཐོན་པར། ཟླ་འདིའི་ཚེས་ ༡༤ ཉིན་རེས་གཟའ་ཉི་མའི་ཞོགས་པར་རྒྱ་ནག་པེ་ཅིན་གྱི་ཉེན་རྟོག་པ་འགའ་རང་ལོ་ ༨༡ ཡིན་པའི་རྒྱ་རིགས་རྩོམ་པ་པོ་ཧོང་ཙི་རོང་ ( Huang Zerong) གི་ཁྱིམ་ནང་ཡོང་སྟེ། ཁོང་དང་ཁོང་ལ་ལྟ་སྐྱོང་བྱེད་མཁན་གཉིས་རྒྱུ་མཚན་ཁ་གསལ་མེད་པའི་གནས་ཚུལ་འོག་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། ཁོང་གི་གློག་ཀླད་དང་དཔེ་ཆ། ཡིག་ཚགས་བཅས་མཉམ་འཁྱེར་བྱས་ཡོད་འདུག
རྩོམ་པ་པོའི་ཟླ་བཟའ་རིན་ཧུན་ཧྥང་ (Ren Hengfang) གིས་གསར་འགོད་པར་བརྗོད་པ་ལྟར་ན། ཁོང་མོའི་ཁྱོ་ག་འཛིན་བཟུང་བྱས་པའི་རྗེས་ལ། ཉེན་རྟོག་ལས་ཁུངས་ནས་ཁོང་ལ་སྤྱི་ཚོགས་ནང་ཟིང་འཁྲུག་བསླངས་བའི་དོགས་གཞི་འོག་འཛིན་བཟུང་བྱས་པ་ཡིན་པའི་གསལ་བཤད་ཡི་གེ་ཞིག་འབྱོར་ཡོད་ཀྱང་། ད་ལྟ་ཁོང་གི་འཕྲོད་བསྟེན་ལྟ་སྐྱོང་ཐོག་གོ་སྒྲིག་གང་འདྲ་ཡོད་མེད་གསལ་བོ་མི་འདུག་སྟབས་ཁོང་མོ་དང་ནང་མི་ཚོས་སེམས་འཁུར་ཆེན་པོ་བྱེད་ཀྱིན་ཡོད་སྐོར་བརྗོད་འདུག
ཁོ་མོས་མུ་མཐུད་དུ། ཉེ་ལམ་ངའི་ཁྱོ་ག་ཧོང་ཙི་རོང་གིས། རྒྱ་ནག་དབུས་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་འཐུས་མི་དང་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་མགོ་འཁྲིད་ལོ་ཡན་ཧྲན་ (Liu Yunshan) གྱིས་རྒྱལ་ནང་གི་གསར་འགྱུར་བརྒྱུད་ལམ་དང་། གསར་འགོད་རང་དབང་ལ་སྟངས་འཛིན་དམ་དྲག་བྱེད་བཞིན་པའི་སྐོར་གྱི་རྩོམ་ཡིག་འགའ་ཕྱི་རྒྱལ་གྱི་དྲ་ཚིགས་ཁག་ནང་སྤེལ་ཡོད་ས་རེད། གནས་ཚུལ་དེ་སྲིད་གཞུང་གིས་ཆབ་སྲིད་ནག་ཉེས་སུ་བརྩིས་པ་ཡིན་སྲིད་ཅེས་བརྗོད་འདུག
ཧོང་ཙི་རོང་ལགས་ནི་ ༡༩༣༣ ལོར་རྒྱ་ནག་ལྷོ་བྱང་ས་ཁུལ་དུ་སྐྱེས་ཤིང་གསར་འགྱུར་ལས་རིགས་ཐོག་སློབ་སྦྱོང་ཐོན་འདུག ༡༩༥༧ ལོའི་ནང་ཁོང་གིས་མའོ་ཙེ་ཏུང་གི་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཅེས་པའི་ལས་འགུལ་ལ་མངོན་སུམ་འཛེམས་མེད་ཀྱིས་སྐྱོན་བརྗོད་བྱས་སྟབས། དམར་ཤོག་ཚོགས་པས་ཁོང་ལ་གསར་བརྗེ་ངོ་ལོག་པའི་ཉེས་འཛུགས་ཀྱིས་ལོ་ ༢༣ རིང་ངལ་རྩོལ་བསྒྱུར་བཀོད་འོག་བཞག་ཡོད་ཅིང་། ༡༩༨༠ ལོར་ཏུན་ཞོ་ཕིན་གྱིས་མི་བཞི་ཤོག་ཁག་རྩ་མེད་དང་ནུབ་ཕྱོགས་སྒོ་འབྱེད་ཀྱི་སྲིད་བྱུས་ལྷུག་གཏོང་བྱས་རྗེས་ཀློད་གྲོལ་ཐོབ་ཡོད་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།
འདྲེ་དམར་པོ་གུང་ཁྲུན་ཏང་གིས།།
ལོ་བརྒྱད་ཅུའི་རྒན་པོ་བཟུང་ནས།།
ཤིང་གསོམ་པའི་རོ་སྒམ་ནང་ལ།།
མི་རྒས་པོ་འཇུག་རྩིས་བྱེད་ཀི།
མི་རྒན་པོའི་དྲང་གཏམ་མ་འཁྱོག།
གཏམ་མྱི་ཁ་འཛམ་གླིང་བཞག་ནས།།
མ་བགྲེས་མོའི་རྩུབ་ནས་ཁྲིད་དེ།།
ལོ་བརྒྱད་ཅུའི་བཟའ་ཚང་གཏོར་སོང་།།
གཞུང་ཞིག་གི་མིང་བྱང་འཁུར་ནས།།
ལས་བྱ་བྱེད་ཇག་པའི་བཙོག་རེད།།
རྒྱ་ནག་པོའི་མི་མང་ཀུན་ལ།།
དཔའ་བློ་ཁོག་མེད་ནོའི་སྐྱོན་རེད།།