དེ་རིང་ཀྲུང་དབྱང་མི་རིཊ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཨེ་ཧམ་ཊོ་ཊི་ལཊ་ལ་ཁྲིམས་བཤེར་བྱེད་བཞིན་ཡོད་པ་དང་། ཉུང་མཐར་ལོ་ ༡༠ ཡི་ཁྲིམས་ཐག་གཅོད་སྲིད་སྐོར་བརྗོད་ཀྱིན་འདུག
དེ་རིང་སྔ་དྲོ་པེ་ཅིན་གྱི་ཆུ་ཚོད་ ༡༠།༢༠ ཙམ་ལ། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཝུ་རོམ་ཆི་འབྲིང་རིམ་མི་མང་ཁྲིམས་ཁང་གིས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཡུ་གུར་བ་ཨེ་ཧམ་ཊོ་ཊི་(Ilham Tohti)ལགས་ལ་དངོས་སུ་ཁྲིམས་བཤེར་འགོ་འཛུགས་བྱས་ཡོད་པ་དང་། སྐབས་དེར་ཁོང་གི་བཟའ་ཟླ་ཀོ་ཙེ་ལིར་ལགས་དང་ཁོ་རང་གི་ཕུ་བོ་གཉིས། ནུ་བོ་བཅས་ལ་ཟུར་ཉན་གྱི་ཆོག་མཆན་སྤྲད་ཡོད་འདུག
ཉེ་སྔོན་ཨེ་ཧམ་ཊོ་ཊི་ལགས་ཀྱིས་ཁོང་གི་ཁྱིམ་ཐོ་པེ་ཅིན་དུ་ཡོད་སྟབས། པེ་ཅིན་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁོང་ལ་ཁྲིམས་བཤེར་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་གི་ཉེས་དོན་དང་འབྲེལ་བ་ཡོད་པའི་མི་གཞན་ ༧ ལའང་ཁྲིམས་བཤེར་དགོས་ལུགས་བརྗོད་དེ་དང་ལེན་བྱས་མེད་པ་མ་ཟད། ཨེ་ཧམ་ཊོ་ཊི་ལགས་ཁ་བྲལ་ཚོགས་པའི་མི་ ༨ ཀྱི་ནང་ནས་གཏེ་བོ་ཡིན་ཞིང་། ཁོང་གིས་དེ་སྔོན་རྒྱལ་ཁབ་ཁ་བྲལ་གཏོང་བའི་ལས་འགུལ་རྩ་འཛུགས་བྱས་པ་དང་དེ་འབྲེལ་གྱི་སྐད་ཆ་བཤད་པ་སོགས་ཀྱི་བདེན་དཔང་ ༧ ལག་སོན་བྱུང་ཡོད་ལུགས་བསྒྲགས་འདུག
ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨེ་ཧམ་ཊོ་ཊི་ལགས་དང་ཁོང་གི་ཁྲིམས་རྩོད་པ་ལི་ཧྥང་ཕིན་གཉིས་ཐུག་འཕྲད་བྱེད་དུ་བཅུག་ཡོད་པ་དང་། ཁྲིམས་རྩོད་པ་དེས་ཟླ་གཅིག་སྔོན་ཨེ་ཧམ་ཊོ་ཊི་ལ་རྐང་ལྕགས་བརྒྱབ་པ་དེ་ད་དུང་བླངས་མེད་པ་དང་། ཁྱིམ་མི་དང་འབྲེལ་ཡོད་ནས་མངག་གཏོང་ཁང་བརྒྱུད་དེ་ཁོང་ལ་གྱོན་གོས་བསྐུར་ཡོད་ཀྱང་འཕྲོད་མེད་སྐོར་དང་། ཐུག་འཕྲད་སྐབས་ཨེ་ཧམ་ཊོ་ཊི་ལགས་ཀྱིས་ཁོང་གིས་བྱས་པ་དང་བཤད་པ་ཚང་མ་རྒྱལ་ཁབ་ཀྱི་རེ་འདོད་མངོན་འགྱུར་དང་། ཧན་དང་ཡུ་གུར་མི་རིགས་གཉིས་ཀྱི་ཁེ་ཕན་གྱི་ཆེད་དུ་ཡིན་པ་ལས། ཁ་བྲལ་ལ་རྒྱབ་སྐྱོར་གྱི་བྱ་སྤྱོད་གང་ཡང་སྤེལ་མེད་པ་འགྲེལ་བརྗོད་བྱས་ཡོད་སྐོར་བརྗོད་འདུག
ཡང་ཁྲིམས་རྩོད་པ་དེས། ཨེ་ཧམ་ཊོ་ཊིའི་ཉེས་དོན་དང་འབྲེལ་བ་ཡོད་ལུགས་བརྗོད་དེ་འཛིན་བཟུང་བྱས་པའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཡུ་གུར་སློབ་མ་ཞོ་ཀི་ཙེ་ཐི་དང་མའོ་ཐཱ་ལི་ཕོ་སོགས་སློབ་མ་ ༧ ལ་ཁྲིམས་བཤེར་བྱ་རྒྱུ་ཡིན་ཡང་། ད་ལྟའི་ཆར་ཁོ་ཚོའི་གནས་ཚུལ་གང་ཡང་གོ་རྒྱུ་མེད་སྐོར་བརྗོད་འདུག
ཁ་སང་འཇར་མན་དུ་ཡོད་པའི་འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཌི་ལི་ཞ་ཊི་ལགས་ཀྱིས་གསར་འགོད་པར། ཨེ་ཧམ་ཊོ་ཊིའི་ཁྲིམས་ཆད་དེ་ཆབ་སྲིད་ཀྱི་ཐག་གཅོད་ཅིག་ཡིན་པ་མ་ཟད། རྒྱ་གཞུང་གིས་ད་ལྟ་ནས་ཁྲིམས་ཆད་གཏན་འཁེལ་བྱས་ཚར་ཡོད་སྟབས། དངོས་སུ་ཁྲིམས་ར་ཚོགས་ཀྱང་ཁོང་ལ་དྲང་བདེན་གྱི་ཁྲིམས་འཛིན་ཁེ་དབང་ཞིག་གཏན་ནས་རག་མི་སྲིད་སྐོར་དང་། པེ་ཅིན་དུ་ཡོད་པའི་ཕྱི་རྒྱལ་གྱི་དོན་གཅོད་ཁང་ཚོས་ཁོང་གི་ཁྲིམས་བཤེར་ལ་ཟུར་ཉན་ཆོག་པའི་རེ་འདུན་བཏོན་ཏེ། རྒྱ་གཞུང་ལ་གནོན་ཤུགས་སྤྲོད་པའི་རེ་བ་རྒྱག་བཞིན་ཡོད་ལ། ཨེ་ཧམ་ཊོ་ཊི་ལགས་ཀྱི་གནས་སྟངས་དེས་ཕྱི་ནང་གི་ཡུ་གུར་ཤེས་ཡོན་པ་སྤྱི་ཡོངས་ལ་འཕྲད་བཞིན་པའི་དཀའ་སྡུག་མཚོན་གྱི་ཡོད་སྐོར་བརྗོད་འདུག
ཨེ་ཧམ་ཊོ་ཊི་ལགས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༥ ཉིན་པེ་ཅིན་གྱི་རང་ཁྱིམ་ནས་ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ། འདས་པའི་ཟླ་ ༨ རིང་ཤིན་ཅང་གི་ལྟེ་གནས་ཝུ་རོམ་ཆིའི་ནང་བཀག་ཉར་བྱས་ཡོད་པ་དང་། དེ་རིང་དང་སང་ཉིན་གཉིས་ལ་ཁྲིམས་ར་ཚོགས་ནས་ཁྲིམས་བཤེར་བྱེད་བཞིན་ཡོད་ཅིང་། གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་ནང་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་དེ་ཉེས་མིང་ཚབས་ཆེན་ཞིག་ཏུ་བརྩི་བཞིན་ཡོད་སྟབས། ཨེ་ཧམ་ཊོ་ཊི་ལགས་ལ་ཉུང་མཐར་ལོ་ངོ་ ༡༠ བཙོན་འཇུག་ཁྲིམས་ཆད་དང་། ཡང་ན་སྲོག་ཁྲིམས་གཅོད་པའི་ཉེན་ཁ་ཡོད་སྐོར་བརྗོད་ཀྱིན་འདུག
གསར་འགོད་པ། པདྨ་མཚོ།