རྒྱ་གཞུང་གིས་ལོ་ངོ་ ༢༣ རིང་བཙོན་དུ་བཅུག་པའི་ཡུ་གུར་མི་རིགས་འཐབ་རྩོད་པ་ཨཱ་ཌོའུ་ཁེ་རམ་ཨཱ་ཌོའུ་ཝེ་ལི་ལགས་ལ་ལོ་ ༥ ཕར་འགྱངས་ཀྱིས་བཙོན་འཇུག་བྱས་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༣ ཉིན། རྒྱ་གཞུང་གིས་བཙོན་དུ་བཅུག་སྟེ་ལོ་ངོ་ ༢༣ ལྷག་འགྲོ་བཞིན་པའི་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་འཐབ་རྩོད་ལེན་པ་ཨཱ་ཌོའུ་ཁེ་རམ་ཨཱ་ཌོའུ་ཝེ་ལི་(Abdukerem Abduweli)ལགས་ཀྱི་བཙོན་འཇུག་དུས་ཡུན་རྫོགས་ཀྱི་ཡོད་ཀྱང་། ཉེ་སྔོན་རྒྱ་གཞུང་གིས་ཁོང་གི་བཙོན་འཇུག་དུས་ཡུན་ཕར་འགྱངས་ཀྱིས་ལོ་ ༥ མུ་མཐུད་བཙོན་འཇུག་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་སྟབས། ཨཱ་ཌོའུ་ཁེ་རམ་ཨཱ་ཌོའུ་ཝེ་ལི་ལགས་ཀྱིས་བཙོན་ཁང་དུ་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་པ་དང་། ཉེ་སྔོན་ནས་ཁྱིམ་མིར་ཡང་ཐུག་འཕྲད་བྱེད་དུ་འཇུག་གི་མེད་པ་རེད།
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཌི་ལི་ཤཱ་ཊིས། ཨཱ་ཌོའུ་ཁེ་རམ་ཨཱ་ཌོའུ་ཝེ་ལི་ལགས་ཀྱི་གཟུགས་པོའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཏེ་སྲོག་ལ་ཉེན་ཁ་ཡོད་སྟབས། པེ་ཅིན་གཞུང་གིས་ཁོང་འཕྲལ་དུ་ཀློད་གྲོལ་བཏང་ཏེ་སྨན་བཅོས་ཀྱི་གོ་སྐབས་སྤྲད་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ནས་ཀྱང་ཨཱ་ཌོའུ་ཁེ་རམ་ཨཱ་དོའུ་ཝེ་ལི་ལགས་ཀྱི་བདེ་འཇགས་ལ་ཁ་ཡོད་ལག་ཡོད་ཀྱིས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱས་འདུག
མགྲིན་ཚབ་པ་ཌི་ལི་ཤཱ་ཊིས་བརྗོད་པ་ལྟར་ན། ཉེ་སྔོན་ནས་བཟུང་རྒྱ་གཞུང་གིས་ཡུ་གུར་བ་ཚོའི་ལག་ཁྱེར་ཁ་པར་ལ་ཞིབ་བཤེར་ནན་པོ་བྱས་ཏེ། ཤིན་ཅང་ཐེན་ཌི་ས་ཁུལ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་རུ་ཁག་ཟེར་བས། ཡུ་རུ་བ་ ༢༧ འཛིན་བཟུང་བྱས་ནས་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་ལུགས་དང་། ཁ་པར་ཞིབ་བཤེར་སྐབས་སྐར་མ་དང་ཟླ་བའི་མཚོན་བྱེད་ཀྱི་ཁ་པར་ཤུབས་རིགས་བཀག་འགོག་ནན་པོ་བྱེད་བཞིན་ཡོད་པ་མ་ཟད། གོང་རིམ་ལ་ཁ་པར་ཤུབས་དེའི་རིགས་བེད་སྤྱོད་གཏོང་མཁན་རྩིས་སྤྲོད་བྱས་ན། རྒྱ་སྒོར་ ༥༠༠ ནས་ ༡༠༠༠ བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པའི་བརྡ་ཁྱབ་སྤེལ་ཡོད་འདུག
ཨཱ་ཌོའུ་ཁེ་རམ་ཨཱ་ཌོའུ་ཝེ་ལི་ལགས་ད་ལྟ་དགུང་ལོ་ ༥༩ ཡིན་ཞིང་། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ནང་རྒྱ་གཞུང་གིས་ཆབ་སྲིད་ཚོགས་པ་བཙུགས་པ་དང་ཁྲིམས་འགལ་གྱིས་ཆོས་ལུགས་བྱེད་སྒོ་སྤེལ་བ། རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག ཁོང་ལ་ལོ་ངོ་ ༡༢ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱིས་སུ་བཙོན་འཇུག་དུས་ཡུན་རྫོགས་ཀྱང་རྒྱ་གཞུང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་མུ་མཐུད་བཙོན་འཇུག་གིས་ད་ལྟའི་བར་ལོ་ངོ་ ༢༣ ལྷག་འགྲོ་བཞིན་ཡོད་འདུག
གསར་འགོད་པ། པདྨ་མཚོ།