རྒྱ་ནག་གཞུང་གིས་དྲ་རྒྱའི་ནང་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་མི་ ༨༦ ལ་ཁྲིམས་ཆད་དང་། ནང་ཁུལ་གྱི་དྲ་རྒྱ་ ༡༦ བཀག་འགོག་གིས་སྔོག་བཤེར་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག
གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་འབྲེལ་ཉེན་རྟོག་ཚན་པའི་དྲ་རྒྱར་གནས་ཚུལ་ཞིག་སྤེལ་ཏེ། ཉེ་བའི་དུས་ནས་བཟུང་རྒྱ་ནག་གཞུང་ཕྱོགས་ནས་དྲ་རྒྱ་ཁག་ཏུ་སྤྱི་ཚོགས་འབྲེལ་མཐུད་ཀྱི་མ་ལག་གསར་བཟོ་བྱས་ཡོད་པ་དང་། ཕྱི་ཕྱོགས་ཀྱི་དྲ་རྒྱ་ཁག་ཏུ་སྤེལ་བའི་དཀྲོག་གཏམ་དང་ཁྲིམས་ཆད་ཀྱི་གནས་ཚུལ། སྲིད་ཁྲིམས་གྱོད་དོན་དང་བཀའ་རྒྱའི་རིགས་བཀོད་པའི་ནང་ཁུལ་གྱི་དྲ་རྒྱ་ཁག་ ༡༦ ལ་སྔོག་བཤེར་བྱས་ཡོད་པར་མ་ཟད། དྲ་རྒྱའི་བརྒྱུད་ལམ་དུ་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་མི་ ༨༦ བཀག་ཉར་དང་འདྲི་གཅོད་སོགས་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག
རྒྱ་ནག་གཞུང་འབྲེལ་ཉེན་རྟོག་ཚན་པའི་དྲ་རྒྱའི་ནང་། ཐེངས་འདིར་གཞུང་ཕྱོགས་ནས་མི་ཁག་ཅིག་གིས་དྲ་རྒྱ་ཁག་ཏུ་མ་ལག་གསར་བཟོ་བྱས་ཏེ་འབྲེལ་མཐུད་ཀྱི་ལས་ཀ་བྱེད་ཀྱིན་ཡོད་པ་དང་། ཁག་ཅིག་གིས་ཕྱི་ཕྱོགས་ཀྱི་དྲ་རྒྱར་བཀོད་པའི་གནས་ཚུལ་ནང་ལོགས་ཀྱི་དྲ་རྒྱར་བརྒྱུད་འགོད་བྱས་ཡོད་པར་མ་ཟད། པེ་ཅིན་གྱི་གཞུང་ལམ་ཞིག་ཏུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ཡོད་ཚུལ་དང་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་གྱི་ཡོད་ཚུལ། བྱིས་པའི་གློ་སྙིང་མཆིན་གསུམ་སོགས་བརྐུས་ཡོད་ཚུལ། པེ་ཅིན་གྱི་ས་གནས་ཁག་ཅིག་ཏུ་ཉིན་གཉིས་ནས་དྲུག་བར་ས་ཡོམ་འབྱུང་ཉེན་ཡོད་ཚུལ་སོགས་ཀྱི་དཀྲོག་གཏམ་སྤེལ་བ་སོགས་བྱས་ཏེ། ཉེ་བའི་ཆར་ཉེན་རྟོག་ཚན་པས་མི་ ༤ བཀག་ཉར་བྱས་ཡོད་ཚུལ་དང་། མི་ ༨༡ ཉེན་བརྡ་དང་ཁྲིམས་ཆད། སློབ་གསོའི་ལས་ཀ་བྱེད་ཀྱི་ཡོད་པ། དྲ་རྒྱ་ཁག་ ༡༦ ལ་བདེ་འཇགས་དོ་དམ་ལས་འགན་ཡག་པོ་མ་བསྒྲུབས་པའི་ཉེས་མིང་འོག་ཞིབ་བཤེར་དང་བསྒྱུར་བཅོས་གཏོང་རྒྱུའི་བཀོད་ཁྱབ་བཏང་ཡོད་སྐོར་བརྗོད་འདུག
ཡང་ཕྱི་ཚེས་ ༧ ཉིན་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་འབྲེལ་མཐུད་ལས་ཁུངས་ཀྱིས། བརྒྱུད་ལམ་བཀོད་སྤྱོད་ཀྱི་ལག་ཆ་བེད་སྤྱོད་གནང་ཕྱོགས་དང་། གཞུང་འབྲེལ་བརྒྱུད་ལམ་བདག་གཉེར་དང་ཞབས་ཞུའི་ལས་དོན་སོགས་ཀྱི་སྐོར་ལ་གཏན་འབེབས་ཞིག་བྱས་ཡོད་པའི་ནང་། མ་འོངས་པར་རྒྱ་ནག་ནང་དྲ་རྒྱར་འཇུག་མཁན་ཚོས་ངེས་པར་དུ་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས་ཐོ་འགོད་བྱས་རྗེས་དྲ་རྒྱ་བེད་སྤྱོད་གཏོང་དགོས་སྐོར་བསྒྲགས་འདུག
ཆབ་སྲིད་དང་འབྲེལ་བའི་གསར་འགྱུར་གཏོང་སྤེལ་བྱེད་ཕྱོགས་ཀྱི་སྐོར་ལ། དྲ་རྒྱ་ཁག་ནང་ཆབ་སྲིད་དང་འབྲེལ་བའི་གསར་འགྱུར་གཏོང་སྤེལ་བྱེད་པ་དང་། གསར་འགྱུར་ཕབ་ལེན་བྱེད་མཁན་གྱི་དྲ་རྒྱའི་བརྒྱུད་ལམ་ཁག་གིས་གཞུང་ཕྱོགས་ལ་ཐོ་འགོད་དགོས་པ་དང་། ཐོ་འགོད་བྱས་མེད་ཚེ་རང་དགར་ཆབ་སྲིད་དང་འབྲེལ་བའི་གསར་འགྱུར་མཁོ་གཏོང་དང་། ཕབ་ལེན་སོགས་བྱེད་མི་ཆོག་ཅེས་བཀོད་འདུག
གཏན་འབེབས་ཀྱི་དོན་ཚན་དྲུག་པའི་ནང་། མ་འོངས་པར་བརྒྱུད་ལམ་གྱི་ལག་ཆ་བེད་སྤྱོད་གཏོང་མཁན་དང་། ཞབས་ཞུའི་ལས་ཀ་བྱེད་མཁན། བེད་སྤྱོད་གཏོང་མཁན་སུ་ཡིན་ཡང་། གཞུང་ཕྱོགས་ལ་ཐོ་འགོད་དགོས་པ་དང་། བརྒྱུད་ལམ་བེད་སྤྱོད་གཏོང་མཁན་ཚོས་དྲ་ཁང་སོགས་ལས་ཀ་བྱེད་མཁན་དང་མཉམ་དུ་གན་རྒྱ་ཡི་གེ་འཇོག་རྒྱུ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་རྩ་ཁྲིམས་བརྩི་སྲུང་བྱ་རྒྱུའི་འགན་ལེན་གནང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་སྒྲིག་གཞི་དང་རྒྱལ་ཁབ་ཀྱི་ཁེ་ཕན། སྤྱི་དམངས་ཀྱི་ཁེ་ཕན། སྤྱི་དམངས་ཀྱི་སྒྲིག་གཞི། སྤྱི་ཚོགས་ཀྱི་ཀུན་སྤྱོད་སོགས་ལ་འགན་ལེན་བྱ་དགོས་པ་དང་།ÃÂ གལ་སྲིད། གཞུང་ངོས་ཀྱི་གཏན་འབེབས་དང་འགལ་ཚེ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་སྐོར་སོགས་བཀོད་འདུག
གསར་འགོད་པ། དོན་གོ