ཧོང་ཀོང་ཁྲིམས་ལུགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དེ་ཡོ་ཐིན་གྱིས་བརྩམས། པདྨ་མཚོས་བསྒྱུར།
ཟླ་ངོ་གཉིས་ལྷག་རིང་ཧོང་ཀོང་གི་དཀྱིལ་དབུས་བཙན་བཟུང་གིས་ཞི་རྒོལ་བ་ཚོས་ཡང་དག་འོས་འདེམས་ལམ་ལུགས་རྩོད་ལེན་བྱས་པའི་ཁྲོད། བློ་ཡུལ་ལས་འདས་པའི་ཆོད་སེམས་བརྟན་པོའི་རྣམ་པ་གསལ་བར་མངོན་ཡོད། ད་ལྟ་སློབ་ཕྲུག་སྣེ་ཁྲིད་པ་ཁ་ཤས་ཀྱིས་དཀྱིལ་དབུས་བཙན་བཟུང་གི་ལས་འགུལ་མཇུག་བསྒྲིལ་བར་བསམ་བློ་གཏོང་གི་ཡོད་པ་དེ་བསྔགས་འོས་པ་ཞིག་རེད། ད་སྐབས་ཁོང་ཚོ་ཟུངས་ཟད་སྟོབས་ཉམས་སུ་གྱུར་ཡོད་ཀྱང་ཧོང་ཀོང་དང་པེ་ཅིན་གཞུང་གིས་བསམ་ཤེས་གང་ལེགས་མ་བྱས་ཚེ། ད་དུང་ཡང་ལས་འགུལ་མཚམས་འཇོག་པར་མོས་མཐུན་བྱེད་ཀྱི་མེད། ངོ་རྒོལ་བ་མང་པོས་ཐེངས་འདིའི་ལས་འགུལ་ལ་དོན་འབྲས་ཆུང་ངུ་ཞིག་ལས་ཐོན་མེད་པར་འདོད་ཀྱི་ཡོད་པ་མ་ཟད། ཧོང་ཀོང་གཞུང་ལ་མུ་མཐུད་གནོན་ཤུགས་སྤྲོད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། ཡིན་ནའང་ངས་དེ་ལྟར་འདོད་ཀྱི་མེད། ཆར་གདུགས་ལས་འགུལ་གྱིས་ཧོང་ཀོང་གི་མི་རབས་ཤིག་གི་དམངས་གཙོའི་འདུ་ཤེས་གཏིང་ནས་སད་དུ་བཅུག་ཡོད་སྟབས། འདིའི་ཐོག་ནས་བལྟས་ན་ང་ཚོའི་གྲུབ་འབྲས་ནི་སྔོན་དཔག་ལས་ཀྱང་ཆེས་ཆེར་བརྒལ་ཡོད།
དཀྱིལ་དབུས་བཙན་བཟུང་གི་ལས་འགུལ་ལ་མི་མང་གིས་རྒྱབ་སྐྱོར་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་ཧ་ཅང་གསལ་བོ་རེད། ཧོང་ཀོང་སློབ་ཆེན་གྱིས་གསར་དུ་ཞིབ་འཇུག་བྱས་པ་ལྟར་ན། མི་མང་གི་བརྒྱ་ཆ་ ༨༠ ཙམ་གྱིས་ལས་འགུལ་དེ་མུ་མཐུད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་མེད། ཡིན་ནའང་། དེས་དམིགས་བསལ་སྲིད་འཛིན་འོས་འདེམས་ཡང་དག་བྱེད་པར་རྒྱབ་སྐྱོར་ཉམས་ཞན་དུ་སོང་བ་མིན་པར། རྒྱབ་སྐྱོར་བ་སྔར་ལས་མང་པོ་ཞིག་གིས་ལས་འགུལ་ཡུན་རིང་སྤེལ་ན་གྲུབ་འབྲས་འབྱུང་མིན་ལ་དོགས་པ་སྐྱེ་བཞིན་ཡོད་པ་མཚོན་ཐུབ། ད་དུང་གསལ་བོར་ཤེས་རྟོགས་ཐུབ་པ་ཞིག་ལ་ལས་འགུལ་ནང་ཞུགས་མཁན་ཁག་ཅིག་སྤྱི་མང་གི་འཚེ་མེད་ཞི་བའི་ལས་འགུལ་གྱི་སྙིང་དོན་དང་ཁ་བྲལ་དུ་ཕྱིན་ཡོད། ད་ཆར་མི་མང་ཚོས་ཞི་རྒོལ་བའི་བདེ་འཇགས་གནད་དོན་ལ་སེམས་འཚབ་སྐྱེ་བཞིན་ཡོད། ཉེ་སྔོན་ཉེན་རྟོག་པས་མི་མང་ཁྲོད་དུག་རྫས་གཡུགས་པ་སོགས་གང་བྱུང་དུ་དྲག་གནོན་བྱ་སྤྱོད་སྤེལ་ཡོད་པ་དང་། བྱ་སྤྱོད་དེས་ལས་འགུལ་བ་ཚོར་དྲག་ཤུགས་བཀོལ་བའི་བསམ་བློ་བསླངས་ཡོད། ཞི་རྒོལ་བའི་བདེ་འཇགས་འགན་སྲུང་ཆེད་ཁོང་ཚོ་ད་ལྟ་ངོ་རྒོལ་ས་ཚིགས་ཀྱི་སྡོད་གུར་དང་ཁ་འབྲལ་དགོས། གང་ཡིན་ཟེར་ན། ལས་འགུལ་འདི་ཉེན་ཁ་ཆེ་ཞིང་གྲུབ་འབྲས་ཆུང་བའི་བྱ་སྤྱོད་ཅིག་ཏུ་གྱུར་འདུག
ཆར་གདུགས་ལས་འགུལ་ལ་ངེས་པར་དུ་རྩ་འཛུགས་བསྐྱར་བཅོས་ཀྱིས་ཐབས་ཇུས་གསར་པ་ཞིག་གཏན་འབེབས་བྱས་ཏེ། ཧོང་ཀོང་གི་དམངས་གཙོའི་འབྱུང་འགྱུར་ལ་བློ་དོགས་ཆེ་བའི་ཧོང་ཀོང་བ་ཚོ་འགུག་ཐབས་བྱེད་དགོས། སྤྱིར་བཏང་ཐེངས་འདིའི་ལས་འགུལ་གྱིས་ཧོང་ཀོང་བ་སྔར་ལས་མང་པོ་ཞིག་ལ་ཡིད་འགུལ་ཐེབས་སུ་བཅུག་ཡོད་ཀྱང་། ང་ཚོས་ད་ནི་ངེས་པར་དུ་བྱེད་ཐབས་གསར་པ་ཞིག་ལ་བསམ་བློ་བཏང་སྟེ། ཡོངས་ཁྱབ་དམངས་གཙོའི་དགོས་འདུན་གྱིས་སྤྱི་དམངས་ལ་ཁེ་ཕན་བསྐྲུན་ཐུབ་པའི་ཡིད་ཆེས་རྙེད་དུ་འཇུག་དགོས། མ་འོངས་པར་ཧོང་ཀོང་གི་མི་དམངས་མང་ཆེ་བ་དམངས་གཙོའི་ལས་འགུལ་གྱི་ཕྱོགས་སུ་ལངས་སྐབས། གཞི་ནས་དབང་འཛིན་པའི་ལམ་ལུགས་སྔར་ལས་འདྲ་མཉམ་གྱི་ཕྱོགས་སུ་གོམ་ཁ་བསྒྱུར་བར་ཕན་ནུས་འདོན་ཐུབ།
སྲིད་གཞུང་གི་བྱ་སྤྱོད་བཀག་སྡོམ་བྱེད་པ་དེ་གཞུང་ལམ་བཀག་འགོག་དང་བསྡུར་ན་ཕན་ནུས་ཆེ་བ་ཡོད། དཔེར་ན། སྤྱི་ཁང་གི་དཔྱ་ཁྲལ་སྤྲོད་པ་སོགས་ཁྲིམས་བཟོ་ལྷན་ཁང་གི་བྱ་བར་གཞོགས་འདེགས་མ་བྱས་ན་སྲིད་གཞུང་ལ་དཀའ་ངལ་བཟོ་ཐུབ། གལ་སྲིད་མི་དམངས་མང་ཆེ་བར་གཞུང་ལ་གཞོགས་འདེགས་བྱེད་འདོད་མེད་པ་ཆགས་ན་སྲིད་གཞུང་གང་གིས་ཀྱང་ནུས་པ་ལྡན་པའི་དབང་བསྒྱུར་བྱེད་ཐུབ་ཀྱི་མེད་སྟབས། ང་ཚོས་གྲོང་ཁྱེར་གྱི་གྲུ་ཟུར་རེ་རེར་དམངས་གཙོའི་བསམ་སྤྱོད་སྐུལ་འདེད་དང་། གྲོང་པ་ཁྱིམ་མཚེས་ཁག་གི་ནང་དུ་དམངས་གཙོའི་གླེང་སྟེགས་སྔར་ལས་མང་བ་བསྐྲུན་ཐབས་བྱེད་དགོས། ཧོང་ཀོང་གི་གཞོན་སྐྱེས་ཚོ་ཁྱིམ་ཚང་རེ་རེའི་སྡོད་ཁང་དུ་བཅར་བ་དང་། སྤྱི་ཁང་ནང་འཚོ་བ་སྐྱེལ་བཞིན་པའི་རྒན་པ་ཚོ་དང་དངོས་སུ་གདོང་ཐུག་སྟེ། ཁོང་ཚོར་འོས་འདེམས་ཡང་དག་གི་དོན་སྙིང་འགྲེལ་བཤད་བརྒྱབ་ནས་ཤེས་སུ་འཇུག་དགོས།
གཞུང་གི་བཀའ་རྒྱ་ལ་མགོ་མི་སྒུར་བའི་སྤྱི་དམངས་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐད་བཅའ་ཁྲིམས་ཀྱིས་འགན་འཁུར་དགོས་པ་དེའང་གལ་ཆེན་པོ་རེད། འདི་ལྟར་བྱས་ན་ད་གཟོད་ཁོང་ཚོས་བཅའ་ཁྲིམས་ཀྱི་སྤྱི་ཁོག་ལམ་ལུགས་ལ་བརྩི་བཀུར་བྱེད་རྒྱུ་མངོན་འགྱུར་ཐུབ་པ་དང་། བཅའ་ཁྲིམས་ཁྲོད་ཀྱི་འདྲ་མཉམ་མ་ཡིན་པའི་གནད་འགག་འགའ་སྟོན་པའི་རེ་བ་ཡོད། ད་སྐབས་གཞོན་སྐྱེས་མང་པོ་ངོ་རྒོལ་གྱི་རྐྱེན་པས་འཛིན་བཟུང་བྱས་ཡོད་ཀྱང་། ཞི་བའི་ལས་འགུལ་འདིའི་ནང་མཉམ་ཞུགས་བྱས་ཤིང་སྣེ་ཁྲིད་མཁན་གྱི་ང་ཚོ་རྒན་པ་འགའ་འཛིན་བཟུང་བྱས་མེད་སྟབས། ཟླ་འདིའི་ཟླ་མགོར་ང་ཚོ་ཉེན་རྟོག་ཁང་དུ་ཕྱིན་ནས་རང་ཉེས་ངོས་ལེན་བྱས་ཀྱང་ང་ཚོ་འཛིན་བཟུང་བྱས་མ་སོང་། ཡིན་ནའང་། ཉེན་རྟོག་ཕྱོགས་ནས་ངའི་ཉེས་དོན་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་ལུགས་བརྗོད་སོང་། ཁྲིམས་རའི་ནང་ཡོངས་ཁྱབ་ཀྱིས་གཏུག་བཤེར་དང་ལེན་བྱེད་པ་དེ་ང་ཚོའི་གོ་སྐབས་ཤིག་རེད། སྐབས་དེར་ཧོང་ཀོང་མི་མང་ཡོངས་ལ་ང་ཚོའི་དམིགས་ཡུལ་དང་སྤྱི་མང་ལས་འགུལ་སྤེལ་བའི་རྒྱུ་རྐྱེན་བཅས་འགྲེལ་བཤད་རྒྱག་ཐུབ་ངེས་རེད།
ཧོང་ཀོང་དམངས་གཙོ་ལས་རྣམ་པར་རྒྱལ་བར་ནུས་ཤུགས་ཆེས་ཆེ་བའི་མཚོན་ཆ་དེ་ཆར་གདུགས་ལས་འགུལ་སྤེལ་མཁན་གྱི་མི་དམངས་རེད། འདས་པའི་ཧོང་ཀོང་དམངས་གཙོའི་རིང་ལུགས་པའི་མི་རབས་འགའ་དང་བསྡུར་ན། དེ་རིང་གི་ན་གཞོན་ཚོར་གསར་གཏོད་ཀྱི་ནུས་པ་ལྡན་ཞིང་བརྩོན་སེམས་ཆེ་བ། སྐབས་དོན་བསྟུན་མཁས་དང་བློ་སྤོབས་ལྡན་པ་བཅས་ཀྱི་ཁྱད་ཆོས་ཚང་ཡོད་སྟབས། ང་ཚོའི་རྒན་རབས་པ་དང་བསྡུར་ན་ན་གཞོན་འདི་ཚོས་སྔར་ལས་འཕེལ་རྒྱས་དང་བདེ་འཇགས་ལོངས་སུ་སྤྱོད་བཞིན་ཡོད། རྒན་རབས་པ་མང་པོས་འཚོ་གནས་ནི་ཉིན་ལྟར་གདོང་གཏད་དགོས་པའི་འགྲན་རྩོད་ཅིག་ཏུ་སེམས་ཀྱི་ཡོད་ལ། འདི་འདྲའི་ཉམས་མྱོང་གིས་ཧོང་ཀོང་གི་མི་རབས་རྒན་པ་ཚོས་དཔལ་འབྱོར་བདེ་འཇགས་དང་སྤྱི་ཚོགས་སྒྲིག་ལམ་ལ་གཙུག་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཁོང་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་གིས་རང་ཉིད་ཀྱི་གཞོན་པའི་དུས་སུ་དྲག་པོའི་དབང་བསྒྱུར་སྔར་ལས་ཤུགས་ཆེན་བྱས་ཡོད་པ་རེད། ཡིན་ནའང་འཚར་ལོངས་བྱུང་བཞིན་པའི་གཞོན་སྐྱེས་ཚོར་མཚོན་ན་དཔལ་འབྱོར་དང་དངོས་པོའི་འགན་སྲུང་གནད་དོན་གཙོ་བོ་མ་རེད། ཁོང་ཚོའི་རིན་ཐང་ལྟ་བའི་གླེང་གཞི་དང་ཆེས་དོ་སྣང་བྱ་ཡུལ་རང་ངོ་རང་སྟོན་དང་རྒྱུན་འཁྱོངས་རང་བཞིན། སྤྱི་སྙོམས་དང་བདེན་དོན་བཅས་ཡིན།
དཀྱིལ་དབུས་བཙན་བཟུང་གི་མཐའ་མར་མགོ་སྒུར་ནས་མཇུག་བསྡོམས་རྒྱག་རྒྱུ་མིན་ལ། ལྷག་པར་དུ་ཧོང་ཀོང་གི་གཞོན་སྐྱེས་ཚོར་མཚོན་ན། འདས་པའི་ཟླ་ཤས་ནང་ཁོང་ཚོ་ཆབ་སྲིད་ཀྱི་གོ་རྟོགས་ཐེངས་གཅིག་སད་ཡོད་པ་རེད། དམངས་གཙོ་མིན་པའི་སྒྲིག་འཛུགས་ཤིག་དང་གཞུང་དམངས་ཆིག་སྒྲིལ་མིན་པའི་སྲིད་གཞུང་ཞིག་གིས་ཞི་རྒོལ་བའི་འདོད་བློ་ཁེངས་སུ་འཇུག་མི་སྲིད། གལ་སྲིད་སྲིད་གཞུང་གིས་ཡང་དག་མིན་པ་དང་ཐབས་རྡུགས་ཀྱི་བྱེད་ཐབས་སྤྱད་དེ་གནད་དོན་འདིའི་རྩ་བའི་འབྱུང་ཁུངས་ནས་ཐག་གཅོད་བྱས་པ་ཡིན་ན། མ་འོངས་པར་ཉེན་ཁ་སྔར་ལས་ཚབས་ཆེ་ཞིང་གདུག་རྩུབ་ཆེ་བ་ཞིག་འབྱུང་ངེས་རེད།
ཧོང་ཀོང་གཞུང་གིས་སྟབས་བདེའི་ངང་དཀྱིལ་དབུས་བཙན་བཟུང་གི་ལས་འགུལ་མཇུག་བསྡུ་རུ་བཅུག་པ་ཡིན་ན། གཞུག་ཐེངས་ཡང་ཆར་གདུགས་ལས་འགུལ་གྱི་ཞི་རྒོལ་བའི་འབོད་སྒྲ་ལ་གདོང་གཏོད་དགོས་པ་དང་། སྲིད་གཞུང་གིས་ངོ་རྒོལ་ས་ཚིགས་གཙང་བཟོ་བྱེད་པ་ཁོ་ནའི་ཐོག་བློ་རྩེ་སྒྲིམ་པ་དེས་ངོ་རྒོལ་ལས་འགུལ་གྱི་གཏིང་ཟབ་པའི་འགལ་བ་དེ་ནམ་ཡང་རྩ་མེད་བཟོ་མི་ཐུབ་ལ། གལ་སྲིད་ང་ཚོའི་ལས་འགུལ་ལ་སྔར་ལས་གཞི་རྒྱ་ཆེ་བའི་རྒྱབ་སྐྱོར་ཐོབ་སྟེ་དམངས་གཙོའི་རེ་སྙེག་བརྟན་པོར་གྱུར་ན། ཧོང་ཀོང་བ་ཚོས་ཡང་དག་པའི་འོས་འདེམས་བྱེད་པར་རྒྱང་ཐག་རིང་པོ་མེད།
མ་རྩོམ་གྱི་འབྲེལ་ཐག http://cn.nytimes.com/opinion/20141205/c05tai/
བློ་བཟང་ཟླ་བ་ལགས།
དུས་བབ་ཀྱི་ཡིག་ནོར་བཅོས་སྐལ་ཐོབ་པ་དེ་ཡང་བསོད་ནམས་ཡིན་བསམ་གྱི་ཡོད། འོན་ཀྱང་། བར་སྐབས་ཤིག་ནས་དྲ་འབུ་མང་པོ་ཞིག་གི་འཚང་ཁའི་ཁྲོད་ནས་གུ་ཡངས་པའི་དུས་བབ་དེ་མཆན་ལེགས་ཉེས་ཚང་མ་འགོག་དགོས་པའི་དུས་སྐབས་ཤིག་ཤར་བ་རེད། དེ་ནས་བསེ་རུ་ཡང་མལ་དུ་ཉལ་དགོས་བྱུང་། ཅི་སྟེ་སྤྱི་སྒེར་ལ་ཕན་ཐོགས་ཡོད་ན་ད་དུང་མལ་ནས་ལངས་ཏེ་གོག་མ་འགྲོས་ཀྱི་ཐོག་ཡོང་ཆོག
ཐུགས་ཆུང་ཆུང་ཐུགས་གཡེང་མ་གནང་རོགས། །རྡོ་ཆུང་ཆུང་ལྷགས་པས་ཁུར་དོགས་མེད། །
བསེ་རུ་ཟེར་བ་འདིས་སྔོན་ཆད་དུས་བབ་ཚང་གི་ཡིག་ནོར་ལ་ཞུ་དག་དང་གླེང་སློང་མང་པོ་ཞིག་བྱས་ཏེ་ལྷག་བསམ་ཆེ་མདོག་ཁ་བོ་ཞིག་མཐོང་སོང་མོད། ད་ལྟ་ག་རེ་བྱུང་བ་མ་ཤེས་ཀྱང་གང་ལྟར་པསྤྱོད་པ་ལོག་འདུག་པ་ཞིག་ཏུ་མཐོང་སོང་།
ཧོང་ཀོང་གི་གོམ་སྟབས་རྗེས་མ་ནི་སྐེ་ཁྱེར་ནས་ཞགས་པ་ཉོ་བ་དེ་མ་རེད་དམ།
དགེ་རྒན་ཆེན་མོ་འདིས་སྐད་ཆ་ཐབས་ཇུས་ཅན་ཞིག་བཤད་འདུག་པས། ཧོང་ཀོང་གི་དམངས་གཙོར་དགའ་མོས་ཆེ་ཞིང་རྒྱ་གཞུང་གི་དབང་བསྒྱུར་དྲག་གནོན་ལ་འདོད་མོས་མེད་མཁན་གྱི་ཧོང་ཀོང་བ་ཚོས་ངེས་པར་དུ་ཁ་ཕོ་བདོམ་རན་རེད།
ཧོང་ཀོང་གི་གོམ་སྟབས་རྗེས་མ་དེ་གང་མྱུར་དགོས་གལ་ཆེ་བ་མི་འདུག་གམ། ལགས།