དེ་རིང་སྔ་དྲོར་རྒྱ་ནག་གཞུང་གིས་དབུས་བདེ་འཇགས་ལྷན་ཁང་གི་འགན་འཛིན་གཞོན་པ་མཱ་ཅིན་ཞིབ་བཤེར་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་འདུག
དེ་རིང་རྒྱ་ནག་གི་དབུས་སྒྲིག་ཁྲིམས་ཞིབ་བཤེར་དྲ་བའི་སྟེང་། རྒྱ་ནག་གཞུང་དབུས་བདེ་འཇགས་ལྷན་ཁང་གི་འགན་འཛིན་གཞོན་པ་མཱ་ཅན་ (Ma Jian)ལ་དངོས་སུ་ཞིབ་བཤེར་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་བརྗོད་པ་ལྟར་ན། ༢༠༡༤ ལོ་ནས་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་ཞིབ་བཤེར་བྱས་ཟིན་པ་དང་བྱེད་བཞིན་ཡོད་པ་དག་གི་ཁྲོད་མཱ་ཅན་ནི་མི་ ༦༨ པ་དེ་ཡིན་ཞེས་འཁོད་འདུག
ཐུན་ཞིན་ (tengxing) གསར་ལམ་ཁག་ནས་གནས་ཚུལ་སྤེལ་བར། མཱ་ཅན་ཞིབ་བཤེར་བྱས་པ་དེ་པེ་ཏཱ་ཧྥང་ཀྲིན་ལས་ཁང་(北大方正集团)གི་འགན་འཛིན་ལེ་ཡོ་ (Li You)ཞིབ་བཤེར་བྱས་པའི་གྱོད་དོན་དང་འབྲེལ་བ་ཡོད་པ་མ་ཟད། མཱ་ཅན་དང་ཉེ་སྔོན་ཞིབ་བཤེར་བྱེད་བཞིན་པའི་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་ཟུར་བ་ལིན་ཅི་ཧྭ་ལའང་འབྲེལ་བ་དམ་པོ་ཡོད་སྐོར་འཁོད་འདུག
ཉེ་ཆར་རྒྱ་ནག་ཚོགས་ཆེན་སྐབས་ ༡༨ ཚོགས་ཐེངས་ ༥ བའི་སྟེང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ “ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་ཞིབ་བཤེར་མུ་མཐུད་དུ་འགྲོ་རྒྱུ་ཡིན་པ་དང་། ཉེས་ཅན་ལ་ཁྲིམས་ཀྱིས་ཐག་གཅོད་བྱེད་པའི་དམ་བཅའ་ལ་འགྱུར་བ་མེད་པ། རུས་པའི་སྟེང་གི་དུག་ལེན་པའི་སྙིང་སྟོབས་ལ་ཞུམ་པ་མེད། ཉེས་ཅན་ལ་ཁྲིམས་ཀྱིས་གུ་ཡངས་མེད། རུལ་སུངས་ཕར་རྒོད་བྱེད་པའི་ལས་འགུལ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་དམ་བཅར་འགྱུར་བ་མེད་པ་དང་། ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་གཅིག་ཤེས་རྟོགས་བྱུང་ན་གཅིག་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་དང་། གཉིས་བྱུང་ན་གཉིས་ལ་ཞིབ་བཤེར་བྱུ་རྒྱུ་ཡིན། ང་ཚོས་ལྐོག་ཟ་རུལ་སུངས་ག་ཚོད་ཤེས་རྟོགས་བྱུང་བ་ཡིན་ན་དེ་ཚོད་ཀྱིས་ཞིབ་བཤེར་བྱ་རྒྱུ་ཡིན་པ་མ་ཟད། རུལ་སུངས་ལ་རྡུང་རྡེག་གི་རལ་གྲི་གནམ་ལ་འཕྱར་ནས་ཁ་གཏད་གཅོག་པའི་སྒྲོམ་གཞི་ཤུགས་ཆེ་རུ་གཏོང་རྒྱུ་ཡིན།” ཞེས་བརྗོད་ཡོད་འདུག
རྒྱ་ནག་གི་སོ་ཧོ་ (Sohu) དྲ་ཚིགས་སྟེང་། མཱ་ཅན་ཞིབ་བཤེར་བཀག་འགོག་གི་གནས་ཚུལ་སྤེལ་བ་ལྟར་ན། མཱ་ཅན་གྱི་མིང་དེ་ཕྱིའི་གསར་ལམ་ཐོག་ཐེངས་དང་པོར་ཐོན་པ་ནི། ༢༠༡༤ ལོའི་ཟླ་ ༡༢ པའི་ཚེས་ ༥ ནས་ ༧ ཉིན་བར་པཱ་ཀི་སི་ཐན་གྱི་རྒྱལ་ས་ཨི་སི་ལཱ་མ་བྷ་ཊི་རུ། རྒྱ་ནག་ཆེས་མཐོའི་ཨུ་ཡོན་ཀོ་ཧྲིན་ཁོན་ (Guo Shengkun)། པ་ཀི་སི་ཐན་གྱི་སྲིད་འཛིན་ཧོ་སིན་དང་སྲིད་བློན་གཉིས་ལ་ལོགས་སུ་ཐུག་འཕྲད་བྱས་སྐབས། མཱ་ཅན་རྒྱ་ནག་བདེ་འཇགས་ལྷན་ཁང་གི་འགན་འཛིན་གཞོན་པའི་མིང་ཐོག་ནས་ཁོ་ཚོ་དང་ཐུག་འཕྲད་བྱས་ཡོད་འདུག
མཱ་ཅན་ནི་ཕྱི་ལོ་ ༡༩༥༦ ལོར་ཅང་ཞུ་ནས་སྐྱེས་ཤིང་ལྷོ་ནུབ་ཆབ་སྲིད་སློབ་ཆེན་ནས་མཐར་ཕྱིན་ཡོད་པ་དང་། ཁོ་བདེ་འཇགས་ཨུ་ཡོན་གྱི་ཚོགས་མི་དང་འགན་འཛིན་གཞོན་པ། དབུས་བདེ་སྲུང་གཞོན་པ་དང་རྒྱ་ནག་ཆབ་སྲིད་སློབ་གཉེར་མཐུན་ཚོགས་གྱི་ཚོགས་གཞོན་བཅས་ཀྱི་འགན་འཁུར་ཡོད་འདུག