ནེ་ཁོ་ལ་སི་ཁི་རེ་སི་ཊོ་ཧྥི་ (Nicholas Kristof)ཡིས་བརྩམས། འཇིགས་མེད་རྒྱ་མཚོས་བསྒྱུར།
ཏཱ་ལའི་བླ་མ་ནི་ཕལ་ཆེར་ལོ་རྒན་བརྒྱད་ཅུ་ཟིན་པའི་ཆོས་ཀྱི་དབུ་ཁྲིད་འཚུབ་ཤོས་དེ་ཡིན་སྲིད། ཁོང་གིས་རྒྱ་ནག་གཞུང་ལ་རྒྱ་ནག་གི་མགོ་ཁྲིད་ཚོའི་ཡང་སྲིད་ཐུགས་ཐག་གཅོད་དགོས་པའི་བསམ་འཆར་བཏོན་འདུག ཕྱི་རྒྱལ་ཁག་ཏུ་ཁོང་གི་དགུང་གྲངས་ ༨༠ ཡི་གྱ་སྟོན་མཇུག་བསྒྲིལ་རྗེས་ངས་ཁོང་ལ་མན་ཧྭ་ཊན་(Manhattan) ས་ཆའི་མགྲོན་ཁང་ཞིག་ཏུ་བཅའ་འདྲི་བྱས་ཏེ། ང་ཚོས་ཁོང་སྐུ་གཤེགས་རྗེས་གནས་ཚུལ་ག་རེ་འབྱུང་མིན་སྐོར་གླེང་པ་ཡིན། ཁོང་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ བ་དེ་རེད། སྐུ་ཕྲེང་རེ་རེ་ནི་སྐུ་གོང་མའི་ཡང་སྲིད་ཡིན་པར་ཆ་འཇོག་བྱས་ཏེ། ནམ་རྒྱུན་སྐུ་ཕྲེང་གཅིག་སྐུ་གཤེགས་པ་ཡིན་ན་བྱིས་པ་ཆུང་ཆུང་ཞིག་བཙལ་ནས་སྐུ་ཕྲེང་སྔ་མའི་ཡང་སྤྲུལ་དུ་ངོས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་། ཁོང་གིས་གཅིག་བྱས་ན་ཁོང་ནི་ཆེས་མཐའ་མཇུག་གི་ཡང་སྲིད་དེ་ཡིན་སྲིད་པ་དང་། ཏཱ་ལའི་བླ་མའི་ཡང་སྲིད་རྗེས་མ་དེ་བོད་ཕྱི་ལོགས་སུ་འཁྲུངས་རྒྱུ་ཡིན་པ་དང་། གཅིག་བྱས་ན་བུད་མེད་ཡིན་ཡང་སྲིད་ཅེས་གསུངས་ཡོད།
སྐད་ཆ་དེར་པེ་ཅིན་གཞུང་ཁོང་ཁྲོ་ཆེན་པོ་བསླངས་ཏེ་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་འདེམས་བསྐོ་བྱེད་ཕྱོགས་སྐོར་(བོད་སྟངས་འཛིན་གྱི་ལག་ཆ་བཞིན་བེད་སྤྱོད་གཏོང་རྒྱུ་)ཞིག་གཏན་འབེབ་བྱས་འདུག ཧང་སང་དགོས་པ་ཞིག་ནི། རྒྱ་ནག་ཆོས་མེད་སྨྲ་བའི་དམར་ཤོག་ཚོགས་པས་ནང་པ་སངས་རྒྱས་པའི་ཡང་སྲིད་མུ་མཐུད་མཇུག་སྐྱོང་བྱ་རྒྱུར་ནན་སྐུལ་བྱས་པ་དེ་རེད།
“རྒྱ་ནག་གཞུང་གིས་ཡང་སྲིད་སྐོར་ལ་ཏཱ་ལའི་བླ་མ་ལས་ལྷག་ཅིག་ཤེས་མདོག་བྱེད་ཀྱིན་འདུག” བཞད་མོ་དང་བཅས་ཏཱ་ལའི་བླ་མས་གསུངས་དོན། “རྒྱ་ནག་གཞུང་གིས་སྐྱེ་བ་ཕྱི་མའི་བསམ་ཚུལ་ངོས་ལེན་བྱས་པ་ཡིན་ན། ཁོ་ཚོས་ངེས་པར་ཏུ་མའོ་ཙེ་ཏུང་དང་ཏིན་ཞའོ་ཕིན་གྱི་ཡང་སྲིད་ཡང་ངོ་འཛིན་བྱ་དགོས་ཀྱི་ཡོད་པ་རེད། དེ་ནས་ཁོ་ཚོར་ཏཱ་ལའི་བླ་མའི་ཡང་སྲིད་ལ་ཐེ་གཏོགས་བྱེད་པའི་ཐོབ་ཐང་ཡོད་པ་རེད། ” ཅེས་གསུངས་ཡོད།
མ་འོངས་པར་ཏཱ་ལའི་བླ་མའི་སྐུ་ཕྲེང་མུ་མཐུད་རྒྱུན་སྐྱོང་དགོས་མིན་ལ་བཙན་བྱོལ་བོད་མི་ཚོར་བསམ་ཚུལ་བསྡུ་རུབ་དང་། བོད་ནང་གི་བོད་མི་ཚོ་དང་གོ་བསྡུར་བྱ་སྲིད་པའི་བརྡ་དོན་ལ་ཁོང་གིས། གནས་ཚུལ་འདི་ནི་ཁོང་དགུང་གྲངས་ ༩༠ ཡི་འཁྲུངས་སྐར་ཡས་མས་ལ་ཐག་གཅོད་འབྱུང་སྲིད། ཅེས་གསུངས།
སྐུ་ཕྲེང་མཇུག་སྒྲིལ་བའི་རྒྱུ་མཚན་གཅིག་དེ་ཁོང་གིས་མ་འོངས་པའི་ཏཱ་ལའི་བླ་མ་ནི་པྲ་ཚགས་ཤིག་དང་ལས་འགན་མི་ཁུར་མཁན་ཞིག་འབྱུང་སྲིད། ཡིན་ན་ཡང་། ཁོང་གི་སེམས་ཁྲལ་ཆེ་ཤོས་དེ་ཁོང་སྐུ་གྲོངས་རྗེས་རྒྱ་ནག་གིས་ཁོ་རང་ཚོས་སྐྱེད་སྲིང་བྱས་ཡོད་པའི་ཏཱ་ལའི་བླ་མ་གསར་བ་ཞིག་བདམས་ཏེ་རྒྱུད་འཛིན་བྱ་རྒྱུ་དང་། ཁོས་རྒྱ་ནག་ལ་རོགས་སྐྱོར་བྱས་ཏེ་བོད་སྟངས་འཛིན་གྱི་སྲིད་ཇུས་ཁྲིམས་མཐུན་བྱ་སྲིད་པ་དེ་རེད་འདུག
ཁོང་གིས་ “ཡིད་སྐྱོ་བ་ཞིག་ལ་ལུགས་སྲོལ་དེ་ད་ལྟ་ནས་མགོ་བཙུགས་ཡོད་པ་རེད།” ཅེས་གསུངས། དཔེ་མཚོན་ལ། པཎ་ཆེན་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁྲོད་ཀྱི་གལ་ཆེའི་བླ་མ་གཉིས་པ་དེ་ཆགས་ཡོད་པ་དང་། ཕྱི་ལོ་ ༡༩༨༩ ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་རྫོགས་རྗེས། བོད་པ་དང་ཁོང་གི་རྒྱུད་འཛིན་པ་ཚོས་བདམས་པའི་ཡང་སྲིད་དེ་རྒྱ་ནག་གིས་བཙན་ཁྲིད་བྱས་ཤིང་། དེའི་ཚབ་ཏུ་བྱིས་པ་གཞན་ཞིག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་བྱས་ཡོད་པ་དང་། པཎ་ཆེན་རིན་པོ་ཆེ་ངོ་མའི་གནས་ཚུལ་ད་ལྟ་སུས་ཀྱང་ཤེས་ཀྱི་ཡོད་པ་མ་རེད།
ང་རང་ཏཱ་ལའི་བླ་མར་ཧ་ཅང་ཡིད་སྨོན་སྐྱེ་བཞིན་ཡོད། ༢༠༠༧ ལོར་ཁོང་གིས་བློ་ཁག་ཆེན་པས་ངའི་རྩོམ་ཡིག་ཚན་པ་ཞིག་བེད་སྤྱོད་བཏང་ནས་པེ་ཅིན་ལ་ཞི་བའི་གྲོས་མོལ་ཞིག་གནང་ཡོད། དེར་བོད་པ་ཚོས་ཁོང་གི་ཞི་མཐུན་ལ་ཕམ་ཁ་བྱུང་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། རྒྱ་ནག་གིས་ཀྱང་ཁ་ཞེ་མི་མཐུན་ཚུལ་གྱི་ངོ་ལེན་བྱས་མེད། འོན་ཀྱང་། ངས་ཁོང་ལ་གོ་སྐབས་ཡོད་དུས་ཁོས་དོགས་ཟོན་ཆེན་པོ་བྱས་ཏེ། པེ་ཅིན་དང་མཛའ་འབྲེལ་སླར་གསོ་བྱ་རྒྱུའི་གོ་སྐབས་མང་པོ་ཞིག་ཤོར་འདུག ཅེས་བརྗོད་མྱོང་ཡོད་ལ་ངས་དེ་ལྟར་བསམ་ཡང་མྱོང་། དཔེར་ན། ༡༩༨༠ ལོར་རྒྱ་ནག་གི་མགོ་ཁྲིད་ཧུའུ་ཡོ་པང་དང་ཀྲའོ་ཙི་ཡཱང་གིས་བོད་ཀྱི་རྩ་དོན་བར་འདུམ་བྱེད་རྒྱུའི་ཐབས་ཤེས་བྱས་པ་དང་། པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་སྐབས། དེ་བཞིན་པེ་ཅིན་ཨོ་རྩེད་ཆེན་མོའི་སྔོན་འགྲོའི་སྐབས་སོགས་རེད།
འོན་ཀྱང་། ཏཱ་ལའི་བླ་མས་དེ་དག་གཅིག་ཀྱང་གོ་སྐབས་ཤོར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། ཡིན་ནའང་ཁོང་གིས་ཀྲའོ་ཙི་ཡཱང་གི་གདུང་སེམས་མཉམ་སྐྱེད་ལ་ངོས་ལེན་བྱེད་ཀྱི་ཡོད། གལ་སྲིད་ཀྲའོ་ཙི་ཡཱང་དང་ཧུའུ་ཡོ་པང་གཉིས་གོ་གནས་ནས་ཕབ་མེད་ན། “བོད་ཀྱི་གནད་དོན་འདི་ཐག་གཅོད་བྱས་ཟིན་པ་དེར་དྲི་བ་མི་འདུག” ཅེས་གསུངས།
ང་ཧང་སང་པ་ཞིག་ནི། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཏཱ་ལའི་བླ་མས་ཐུགས་རྒྱས་པོ་གནང་གི་ཡོད། ཁོང་གིས་ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་རྒོལ་རྡུང་གཏོང་ལ་བསྔགས་བརྗོད་བྱེད་པ་དང་། ཞི་ཅིན་ཕིན་གྱི་ཨ་མ་ཆོས་དད་ཆེན་པོ་ཡོད་མཁན་གྱི་ནང་པ་སངས་རྒྱས་པ་ཞིག་ཡིན་པ་དང་། ཞི་ཅིན་ཕིན་ཁོ་རང་ཡང་ནང་ཆོས་ལ་སྐད་ཆ་ཡག་པོ་བཤད་མཁན་ཞིག་ཡིན་པར་དོ་སྣང་བྱུང་འདུག
དེར་བརྟེན། སྲིད་འཛིན་ཞི་ཅིན་ཕིན་གལ་སྲིད་ཁྱེད་ཀྱིས་འདི་ཀློག་གི་ཡོད་ན། ཏཱ་ལའི་བླ་མ་རྒྱ་ནག་ལ་འགྲོ་འདོད་འདུག མགྲོན་འབོད་ཅིག་གནང་ན་ག་འདྲ་འདུག ངས་ངའི་ངོ་དེབ་དང་ཊུའུ་ཊུར་སྟེང་གི་རྗེས་འབྲང་བ་ཚོར་ཏཱ་ལའི་བླ་མར་དྲི་བ་འདོན་རྒྱུ་འབོད་སྐུལ་བྱས་པ་བཞིན་ཁོ་ཚོའི་དྲི་བ་ཁ་ཤས་ལ་ཁོང་གིས་ལན་འདེབས་ཁག་ཅིག་གནང་བ་ནི།
འབར་བའི་ནང་པ་ཚོས་ཁ་ཆེ་པ་དམར་གསོད་དང་དྲག་གནོད། བཙན་ཤེད་བྱས་པའི་སྐོར་ལ། ཏཱ་ལའི་བླ་མས་འཚེ་བ་བྱེད་པ་ནི་འོས་འཚམ་ཞིག་མིན་སྟབས་དེ་ལ་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་འདུག ཁོང་གིས། “གལ་སྲིད་སངས་རྒྱས་བཅོམ་ལྡན་འདས་ཀྱི་དུས་སྐབས་འདིར་ཕེབས་པ་ཡིན་ན། ཁོང་གིས་ཏན་ཏན་ཁ་ཆེ་ཚོའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་ངེས་རེད།” ཅེས་གསུངས།
ཤ་ཟ་བའི་སྐོར་ལ་ཁོང་གིས། ཟླ་བ་ ༢༠ རིང་ལ་དཀར་ཟས་མཆོད་ཡོད་ཀྱང་རྗེས་སུ་མཁྲིས་ནད་བྱུང་རྗེས། སྨན་པས་ཁོང་ལ་ཡང་བསྐྱར་ཤ་ཟ་དགོས་པའི་འབོད་སྐུལ་བྱས་སྟབས། ད་ལྟ་ཁོང་གིས་བདུན་ཕྲག་ཅིག་ལ་ཤ་ཐེངས་གཉིས་རེ་ཟ་བཞིན་ཡོད་ཀྱང་། ཁོང་གིས་འདེམས་ཀ་དགའ་ཤོས་ནི་དཀར་ཟས་མཆོད་རྒྱུ་ཡིན་པར་གསུངས་འདུག
ཡེ་ཤུའི་བླ་ཆེན་ཧྥི་རན་སིས་ (Pope Francis) ཀྱི་སྐོར་ལ། ཁོང་གིས། “ངས་ཁོང་གི་ལངས་ཕྱོགས་ལ་ཡི་རངས་བྱེད་ཀྱི་ཡོད། ཁོང་གིས་འཇར་མན་གྱི་ཡེ་ཤུའི་ཆོས་དཔོན་གྱི་གོ་གནས་(རྒྱས་སྤྲོས་ལོངས་སྤྱོད་) ཕྱིར་སློག་གཏོང་བ་དེས་ང་ལ་དངོས་གནས་སེམས་འགུལ་ཐེབས་སོང་། ངས་ཁོང་ལ་བསྟོད་བསྔགས་ཀྱི་ཡི་གེ་ཞིག་ཀྱང་བྲིས་པ་ཡིན།” ཞེས་གསུངས།
ཕོ་མོའི་སྐོར་ལ། ཁོང་གིས་ཁོང་ནི་བུད་མེད་ཀྱི་ཐོབ་ཐང་དོན་གཉེར་བ་ཞིག་ཡིན་པ་དང་བུད་མེད་མགོ་ཁྲིད་པ་སྔར་ལས་མང་པོ་ཞིག་མཐོང་འདོད་ཡོད་འདུག གང་ཡིན་ཞེ་ན། བུད་མེད་ཚོར་ལྷན་སྐྱེས་ཀྱི་ཚོར་བ་རྣོན་པོ་ཡོད་པ་དང་ཞི་བདེ་བག་ཕེབས་ཡོད་པར་ཁོང་གིས་ “བུད་མེད་ཚོས་བྱེད་སྒོ་མང་བོ་སྤེལ་དགོས་པའི་སྐོར་ལ་ངས་ནན་སྐུལ་བྱེད་བཞིན་ ཡོད། གལ་སྲིད་རྒྱལ་ཁབ་མང་ཆེའི་དབུ་ཁྲིད་བུད་མེད་ཡིན་ན་ང་ཚོར་ཞི་བདེ་འབྱུང་སྲིད་པ་རེད།” ཅེས་གསུངས་འདུག
མ་རྩོམ་འབྲེལ་ཐག http://www.nytimes.com/2015/07/16/opinion/nicholas-kristof-dalai-lama-gets-mischievous.html?_r=0