སྐབས་ ༡༦ པའི་དབུས་གཙང་སྤྱི་འཐུས་འོས་མི་གསར་པ་བྱམས་པ་ཆོས་འཕེལ་ལགས་སུ་ཁོང་འོས་མིར་ལངས་པ་དང་འབྲེལ་བའི་བཅར་འདྲི་བྱེད་སྐབས། དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་མིའི་ལོ་རྒྱུས་ཁྲོད་ཁོང་གསར་འབྱོར་བ་དང་པོ་དེ་ཡིན་པས། སྤྱི་འཐུས་ཀྱི་རྒྱལ་ཁ་འཐོབ་མིན་ལ་མ་ལྟོས་པར་གལ་ཆེན་དང་སྤོབས་པ་སྐྱེ་གཞི་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ལ། གལ་སྲིད་མ་འོངས་པར་སྤྱི་འཐུས་ཀྱི་རྒྱལ་ཁ་འཐོབ་པ་ཡིན་ན་སྤྱི་འཐུས་གཞན་ལས་ལྷག་གིས་འགན་ཆེན་པོ་འཁུར་དགོས་ཀྱི་ཡོད་སྐོར་བརྗོད་བྱུང་།
དྲི་བ། ཁྱེད་རང་གི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས།
ལན། ངའི་མིང་ལ་བྱམས་པ་ཆོས་འཕེལ་ཟེར་གྱི་ཡོད། ང་རང་ཕྱི་ལོ་ ༡༩༨༢ ལོར་བོད་ལྷོ་ཁ་ཡར་འབྲོག་ཏུ་སྐྱེས་ཏེ། ཆུང་དུས་ཕ་མ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་སློབ་ཆུང་དང་སློབ་འབྲིང་ལ་འགྲོ་རྒྱུའི་གོ་སྐབས་རག་བྱུང་། ཕྱི་ལོ་༡༩༩༦ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ། ༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེའི་གྲིབ་བསིལ་འོག ཤེས་རབ་དགའ་ཚལ་སློབ་གླིང་ལ་སོགས་པར་སློབ་སྦྱོང་གང་ལ་གང་འཚམ་བྱ་རྒྱུའི་གོ་སྐབས་ཐོབ་པ་མ་ཟད། དེ་འབྲེལ་སྔོན་བྱོན་བོད་རིགས་མཁས་པ་ཚོས་ལྗགས་རྩོམ་གནང་བའི་དཔེ་དེབ་ལྟ་ཀློག་བྱ་རྒྱུ་སོགས་ལ་དོ་བྱིངས་ཆེན་པོ་ཡོད། སྐབས་དེར་སློབ་གྲྭས་ངོས་ཀྱི་བོད་ཡིག་གནས་ཚད་ཡག་པོ་ཡོད་པར་ངོས་འཛིན་གནང་སྟེ། སློབ་གྲྭར་བོད་དགེ་འདེང་མིན་དབང་གིས་དགེ་རྒན་བྱེད་དགོས་པའི་བཀའ་ཕེབས་པ་ལྟར། སློབ་སྦྱོང་བྱེད་ཞོར་དུ་ལོ་གཉིས་དང་ཕྱེད་ཀ་ལྷག་རིང་བོད་དགེ་བྱས་པ་ཡིན། དེའི་རྗེས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་གཉིས་ཀྱི་རྒྱུན་ལས་དང་། རྒྱ་གར་བྱང་ཤར་ཁུལ་གྱི་དབུས་གཙང་ཆོལ་ཁའི་འབྲེལ་མཐུད་པའི་ལས་ཀའི་གཙོས་ཉམ་ཐག་ཚོར་ལྟ་རྟོག་བྱ་རྒྱུ་སོགས་ཀྱི་ལས་དོན་མང་པོ་བསྒྲུབས་མྱོང་ཡོད། ད་ཆ་ང་རང་བཙན་བྱོལ་སྤྱི་ཚོགས་ནང་ནས་གསར་གཏོད་ཀྱི་ནུས་པ་འདོན་ཐུབ་མཁན་ཆེས་ཆིག་སྒྲིག་དང་ལྷག་བསམ་ཆེ་ཤོས་ཀྱི་ས་ཆ་ལྡི་མ་སྤུར་དུ་བོད་དགེ་བྱེད་བཞིན་ཡོད།
དྲི་བ། ད་ལན་ཁྱེད་རང་བོད་མི་མང་སྤྱི་འཐུས་འོས་མིའི་ནང་ལངས་དགོས་དོན་གཙོ་བོ་གང་ཡིན་ནམ།
ལན། ད་ལན་ང་རང་སྐབས་བཅུ་དྲུག་པའི་དབུས་གཙང་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་དོན་གཙོ་བོ་དོན་ཚན་གསུམ་ཆགས་ཡོད། དང་པོ། ང་རང་དུས་རྒྱུན་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བོད་མི་རིགས་ལ་ཐུགས་ཕན་གསོ་བའི་ཞབས་ཕྱི་ཞུ་འདུན་གྱི་སེམས་ཤུགས་དང་སྙིང་སྟོབས་ཆེན་པོ་ཡོད། གཉིས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་ནས་ང་རང་དབུས་གཙང་སྤྱི་འཐུས་ཀྱི་འོས་མི་རྩེ་ཕུད་ཨང་བརྒྱད་པའི་ནང་བཏོན་པ་དང་། དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ཚོགས་སྐབས་ཆོལ་ཁའི་སྤྱི་འཐུས་འོས་མི་རྩེ་གྲས་བཅུའི་ཁོངས་ནས་ཨང་དགུ་པར་བདམས་ཡོད་པ་མ་ཟད། གཞོན་སྐྱེས་ཤེས་ཡོན་ཅན་ཚོས་ཀྱང་ངོ་ཤེས་མིན་ལ་མ་ལྟོས་པར་དབུས་གཙང་སྤྱི་འཐུས་ཀྱི་འོས་མིའི་གྲས་སུ་བཏོན་ཏེ། ངོས་ལ་ཡིད་ཆེས་དང་རེ་བ་དེ་འདྲ་རྒྱག་བཞིན་ཡོད་སྟབས། ཁོང་རྣམ་པས་རེ་བ་དང་ཡིད་ཆེས་གནང་བ་ལྟར་ངོས་ཀྱིས་བྱེད་ཐུབ་པའི་ནུས་པ་དང་གདེང་ཚོད་སྤོབས་པ་བཅས་ཡོད། གསུམ་པ། ངས་གྲོས་ཚོགས་ཀྱི་ར་བ་འདི་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། སྡིངས་ཆ་འདི་བརྒྱུད་ལས་ཀ་མང་པོ་ཞིག་དྲང་ཚུགས་བརྟན་པོའི་ཐོག་ནས་བྱེད་ཐུབ་པའི་གནས་སྟངས་མང་པོ་ཞིག་ཡོང་གི་ཡོད་སྟབས། ངས་གོང་བརྗོད་རྒྱུ་མཚན་ལ་བརྟེན་ནས་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ལ་ལངས་པ་ཡིན།
དྲི་བ། ང་ཚོའི་སྤྱི་ཚོགས་ནང་སྤྱི་འཐུས་ཀྱི་སྡིངས་ཆ་དེ་མི་སྒེར་གྱི་མདུན་ལམ་འཚོལ་ས་དང་ཆོལ་ཁ་ཆོས་བརྒྱུད་ཀྱི་འཐེན་འཁྱེར་བྱེད་ས་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་མཁན་མང་པོ་ཡོད་པས། ཁྱེད་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་སྡིངས་ཆ་དེ་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
ལན། ངས་སྤྱི་ཡོངས་ནས་དེ་འདྲ་རྩ་བ་ཉིད་ནས་མ་རེད་ཟེར་ནས་ཚིག་ཐག་ཆོད་པོས་གསལ་པོ་བྱས་ནས་ཞུ་འདོད་བྱུང་། ཡིན་ཡང་སྡིངས་ཆ་འདིའི་ཐོག་ཕེབས་མཁན་གྲོས་ཚོགས་ཀྱི་འཐུས་མི་རེ་ཟུང་གི་གནང་ཕྱོགས་དང་བྱེད་ཕྱོགས་ཀྱི་རྐྱེན་གྱིས། མི་མང་ནང་གྲོས་ཚོགས་ར་བ་འདི་ཆོལ་ཁ་ཆོས་བརྒྱུད་ཀྱི་འཐེན་འཁྱེར་བྱེད་ས་དང་མི་སྒེར་གྱི་མདུན་ལམ་འཚོལ་ས་འདྲ་པོ་ཞིག་ཡིན་པའི་བསམ་ཚུལ་དང་མཐོང་ཚུལ་སླེབ་མི་ཆོག་པ་དང་། སླེབ་མི་སྲིད་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད་བསམ་གྱི་འདུག ངས་བསམ་ཚུལ་དེ་ཚོ་ཚང་མ་གྲོས་ཚོགས་ཀྱི་འཐུས་མི་རེ་ཟུང་གིས་གནང་ཕྱོགས་ཀྱི་ཐོག་ནས་བྱུང་བ་རེད་བསམ་གྱི་འདུག ངས་གྲོས་ཚོགས་ར་བ་འདི་༧གོང་ས་མཆོག་གི་དབུས་པའི་མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་ཏེ། མང་གཙོའི་ལམ་སྲོལ་བཟང་པོའི་ཐོག་གོམ་གང་མདུན་སྤོས་གནང་བར་བརྟེན་ནས། ད་ལྟ་ང་ཚོས་ལོངས་སུ་སྤྱོད་རྒྱུ་བྱུང་བ་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཙམ་མིན་པར། གཞིས་ལུས་བོད་རིགས་སྤུན་ཟླ་ཁྲི་སྟོང་མང་པོའི་རེ་བ་བཅོལ་སའི་སྡིངས་ཆ་ཞིག་དང་ང་ཚོའི་འཆི་གསོན་གྱི་རེ་བ་བཅོལ་ས་ཞིག་ཀྱང་ཆགས་ཡོད་སྟབས། རྩ་ཆེན་གྱི་སྡིངས་ཆ་འདི་ཆོལ་ཁ་ཆོས་བརྒྱུད་ཀྱི་འཐེན་འཁྱེར་དང་མི་སྒེར་གྱི་མདུན་ལམ་འཚོལ་ས་ཞིག་མ་ཡིན་པ་བཟོ་རྒྱུའི་ཐབས་ཤེས་གྲོས་ཚོགས་ཀྱི་འཐུས་མི་ཚོའི་ཕྱག་ལ་ཡོད་སྟབས། ང་རང་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཀྱི་འཐུས་མིར་ལངས་ཏེ། སྡིངས་ཆ་འདི་རྩ་ཆེན་པོ་དང་དྲང་ཚུགས་བརྟན་པོ་ཞིག་ཏུ་གནས་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན།
དྲི་བ། ཁྱེད་རང་ལ་སྤྱི་འཐུས་ཀྱི་རྒྱལ་ཁ་འཐོབ་པ་ཡིན་ན། མི་མང་གི་འཐུས་མི་ཞིག་ཡིན་པའི་ཆ་ནས་འགན་འཁྲི་གསར་པ་གང་དང་གང་འཁུར་རྒྱུའི་གྲ་སྒྲིག་ཡོད་དམ།
ལན། ང་རང་ལ་བོད་མི་མང་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་རྒྱལ་ཁ་འཐོབ་པ་ཡིན་ན། མི་མང་གིས་བདམས་པའི་འཐུས་མི་ཞིག་ཡིན་པའི་ཆ་ནས་འགན་འཁྲི་གསར་པ་གང་དང་གང་འཁུར་ལེན་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་ཞུ་རྒྱུ་ཡིན། ཡིན་ཡང་ད་ལྟ་འགན་འཁྲི་གསར་པ་འདི་དང་འདི་ཡིན་ཟེར་ནས་མར་ཞུས་བསྡད་པ་ཡིན་ན། མ་འོངས་པར་ལག་བསྟར་བྱེད་མ་ཐུབ་པ་དེ་འདྲ་བྱུང་བ་ཡིན་ན། མི་མང་ལ་དབུ་སྐོར་ཞུས་པ་རང་ཆགས་ཀྱི་ཡོད་སྟབས། ད་ལྟ་འགན་འཁུར་ལེན་རྒྱུའི་གྲ་སྒྲིག་འདི་དང་དེ་ཡོད་ལབ་པ་ཡིན་ན་ཏོག་ཙམ་སྔ་དྲགས་པ་རེད་བསམ་གྱི་འདུག གཞི་རྩའི་ང་ཚོའི་གྲོས་ཚོགས་འདི་སྲིད་དོན་ཚོགས་པའི་ངོ་བོའི་ཐོག་ཕྱོགས་འགལ་དང་གཞུང་འཛིན་ཚོགས་པ་མེད་སྟབས། གྲོས་ཚོགས་ཀྱི་འཐུས་མིར་ཕེབས་མཁན་ཚོས་དྲང་ཚུགས་བརྟན་པོའི་ཐོག་ནས་བཀའ་ཤག་གི་ལས་དོན་གནང་ཕྱོགས་ཐད་རྒྱབ་སྐྱོར་ཞུ་དགོས་སར་རྒྱབ་སྐྱོར་ཞུ་རྒྱུ་དང་། དགག་བྱ་འབུལ་དགོས་ཀྱང་འབུལ་རྒྱུ་བཅས་ཀྱི་ཕྱག་ལས་མང་པོ་ཞིག་ཡོད་སྟབས། ང་ལ་དྲང་ཚུགས་བརྟན་པོའི་ཐོག་ནས་ལས་དོན་དེ་དག་བསྒྲུབ་རྒྱུའི་ཆོད་སེམས་དང་དམ་བཅའ་བརྟན་པོ་ཡོད་ཞུ་རྒྱུ་ཡིན། ང་ཚོའི་འོས་འགན་གཙོ་ཆེ་ཤོས་ཤིག་ནི་གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་བསྒྲུབ་དགོས་པ་མ་ཟད། གྲོས་ཚོགས་ར་བ་འདི་བརྒྱུད་ཁོང་རྣམ་པའི་མངོན་འདོད་དག་རྒྱལ་སྤྱི་ཅན་ལ་འགྱུར་ཐབས་བྱ་དགོས་པར་བརྟེན། ང་རང་བོད་ནས་བསླེབས་པའི་གསར་འབྱོར་བ་ཞིག་ཡིན་སྟབས། གཞིས་ལུས་སྤུན་ཟླས་ཐུགས་བསམ་བཞེས་ཕྱོགས་དང་། སྐུ་ངལ་གང་འདྲ་ཡོད་མེད་ཆ་ཚང་ཤེས་པའི་ཐོག་ནས་གྲོས་ཚོགས་ར་བ་འདིའི་ནང་ལ་ཁོང་རྣམ་པའི་མངོན་འདོད་དག་འགན་ཁུར་ལྡན་པའི་ཐོག་ནས་མར་འབྲེལ་མཐུད་ཞུ་ཐུབ་པ་བྱ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ནས་རོགས་སྐྱོར་ཞུ་མ་ཐུབ་མཁན་གྱི་ཉམ་ཐག་ཚོར་འགན་ཁུར་བླང་སྟེ། འབྲེལ་ཡོད་ལས་ཁུངས་ལ་སྙན་སེང་ཞུས་ནས་རོགས་སྐྱོར་ཐོབ་ཐབས་ཞུ་རྒྱུ་མ་ཟད། བཀའ་ཤག་སྐབས་སྔོན་མས་དབུ་འཛུགས་གནང་བའི་ཤེས་ཡོན་སྲིད་བྱུས་ལ་རང་ནུས་གང་འཇོན་གྱིས་ལག་བསྟར་དོན་འཁྱོལ་ཡོང་ཐབས་བྱེད་པ་བཅས་ཀྱི་འགན་འཁུར་ལེན་རྒྱུ་ཡིན།
དྲི་བ། ད་ལྟའི་དབུས་གཙང་སྤྱི་འཐུས་ལས་ཐོག་རྣམ་པས་དབུས་གཙང་མི་མང་གི་འཐུས་ཚབ་ཅིག་བྱེད་ཐུབ་ཀྱི་འདུག་གམ། མི་འདུག་ན་ཁྱེད་ལ་འཐུས་ཚབ་བྱེད་ཐུབ་པའི་ནུས་པ་དང་འཇོན་ཐང་ག་རེ་ཡོད་དམ།
ལན། ད་ལྟའི་སྤྱི་འཐུས་ལས་ཐོག་ནང་ལ་དབུས་གཙང་མི་མང་གི་འཐུབ་ཚབ་གནང་ཐུབ་མཁན་དང་མི་ཐུབ་མཁན་གཉིས་ཀ་ཡོད་སྟབས། ངས་ད་ལྟའི་ཆར་ཁ་ཚོན་ཆོད་པའི་ཐོག་ནས་འཐུས་ཚབ་གནང་ཐུབ་མཁན་འདི་དང་དེ་རེད་ཟེར་བ་དང་། གནང་མ་ཐུབ་མཁན་འདི་དང་དེ་རེད་ཅེས་ཞུས་པ་ཡིན་ན་ཚད་རན་པོ་ཞིག་མཐོང་གི་མི་འདུག གང་ཡིན་ཟེར་ན། ངས་འོས་བསྡུའི་གནས་བབ་འདི་འདྲ་ཞིག་གི་ཐོག་ལ་དེ་འདྲ་ཞུས་པ་ཡིན་ན་ཏག་ཏག་ཅིག་བསྡད་ཀྱི་མི་འདུག ཡིན་ཡང་གཞི་རྩའི་མི་མང་གི་སེམས་ནང་ད་ལྟའི་སྤྱི་འཐུས་ལས་ཐོག་སུས་མང་ཚོགས་ཀྱི་མངོན་འདོད་བསྒྲུབ་ཀྱི་ཡོད་མེད་གསལ་པོ་ཤེས་ཀྱི་ཡོད་པ་རེད། ངས་ད་ལྟའི་སྤྱི་འཐུས་ལས་ཐོག་ནང་ནས་དབུས་གཙང་མི་མང་གི་འཐུས་ཚབ་གནང་མ་ཐུབ་མཁན་རེ་ཟུང་ཞིག་བྱུང་སོང་བསམ་གྱི་འདུག མ་འོངས་པར་ང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ནང་བསླེབ་པ་ཡིན་ན། མི་མང་གི་མངོན་འདོད་གང་ཡིན་ཡང་དྲང་ཚུགས་བརྟན་ཞིང་ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་ནུས་པ་ཆེན་པོ་འཐོན་ཐུབ་པ་བྱ་རྒྱུ་ཡིན། དེ་ངའི་འདས་པའི་ལས་ཀའི་བརྒྱུད་རིམ་གྱི་བྱ་གཞག་ལ་གཟིགས་ན་མཁྱེན་གྱི་རེད། དེ་བཞིན་ངའི་འཇོན་ཐང་ལྟ་བུར་ཆ་བཞག་ན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་དབུས་གཙང་ཆོལ་ཁ། ན་གཞོན་ཤེས་ཡོན་ཅན་བཅས་ཀྱི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་མིར་བཏོན་ཡོད་པ་མ་ཟད། བློ་གཟུ་བོར་གནས་པའི་སྤྱི་འཐུས་ལས་ཐོག་དང་རྩོམ་པ་པོ་ལ་སོགས་པ་མང་པོ་ཞིག་གིས། ཁྱེད་རང་ལ་སྤྱི་འཐུས་ཀྱི་འོས་ཆོས་ཚང་འདུག་པས། སྐབས་བཅུ་དྲུག་པའི་དབུས་གཙང་གི་སྤྱི་འཐུས་ལ་ལང་དགོས་པའི་སྐུལ་ལྕག་དང་རྒྱབ་སྐྱོར་གནང་བ་བཅས་ཀྱིས་མཚོན་ཐུབ་པ་མ་ཟད། ངོས་ནས་ཀྱང་ངོས་ལ་དྲང་ཚུགས་བརྟན་པོ་དང་ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་སྤྱི་དོན་བསྒྲུབ་ཐུབ་རྒྱུའི་འཇོན་ཐང་དང་ནུས་པ་དེ་ཡོད་བསམ་གྱི་འདུག
དྲི་བ། ཁྱེད་རང་གིས་བལྟས་ན། སྤྱི་འཐུས་འོས་མི་ཞིག་ཏུ་ལངས་བར་ཤེས་ཡོན་དང་ཉམས་མྱོང་གི་ཆ་རྐྱེན་ག་འདྲ་ཞིག་ཚང་དགོས་པར་འདོད་ཀྱི་ཡོད།
ལན། ངས་བལྟས་པ་ཡིན་ན་སྤྱི་འཐུས་ཀྱི་འོས་མིར་ལངས་བར་ཤེས་ཡོན་དང་ཉམས་མྱོང་དགོས་པ་མ་ཟད། ལྷག་བསམ་དང་སྙིང་སྟོབས། དྲང་ཚུགས་བརྟན་པོ་བཅས་དགོས་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་དྲན་གྱི་འདུག དེར་བརྟེན། ད་ཐེངས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལ་བཞེངས་མཁན་གྱི་མདོ་དབུས་ཁམས་གསུམ་གྱི་འོས་མི་རྣམ་པ་ཚོ་མང་ཆེ་བ་༧གོང་ས་མཆོག་དང་སྒོས་སུ་རང་གཞུང་གི་ཐུགས་རྗེའི་བཀའ་དྲིན་འོག་ཤེས་ཡོན་སྦྱོང་རྒྱུའི་གོ་སྐབས་ཐོབ་པ་ཤ་སྟག་ཆགས་ཡོད་སྟབས། ཤེས་ཡོན་གྱི་ཆ་ནས་མ་འདང་པ་དེ་འདྲ་ཨ་ཡོད་བསམ་པ་ཞིག་འདུག ངས་ཉམས་མྱོང་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ཉམས་མྱོང་ཟེར་བ་དེ་ཧོབ་དེ་ཁ་ལ་གནམ་ནས་འཕུར་ཡོང་བ་ལྟར་མིན་པར། གང་ལྟར་ཡང་སློབ་གྲྭ་ནས་མགོ་བཙུགས་ཀྱིས་ཚོགས་སྡེ་རིམ་པའི་ནང་ལས་ཀ་བྱས་མྱོང་ཡོད་མཁན་ཞིག་སྤྱི་འཐུས་ནང་བསླེབ་ཐུབ་པ་བྱེད་དགོས་པ་མ་ཟད། འོས་མི་དེར་གོང་དུ་ཞུས་པ་ལྟར་ལྷག་བསམ་ཤེས་འཇོན་དགོས་རྒྱུའང་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་བསམ་གྱི་ཡོད། ང་རང་ལྟ་བུར་ཆ་བཞག་པ་ཡིན་ན། ད་ལྟ་ཤེས་ཡོན་ཐོག་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཉམས་མྱོང་ཡིན་ནའང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་སྤྱི་ཚོགས་འདྲ་མིན་ནང་ལས་ཀ་རབ་འབྲིང་མཐའ་གསུམ་བྱས་མྱོང་མཁན་ཞིག་ཡིན་པ་མ་ཟད། ད་ལྟ་སྤྱི་འཐུས་ཤིག་ལ་ངེས་པར་མཁོ་བའི་ཤེས་འཇོན་དང་ཉམས་མྱོང་སོགས་ཕྱོགས་གང་ཅིའི་ཐོག་ནས་འདང་གི་ཡོད་སྟབས་སྤྱི་འཐུས་ལ་ལངས་པ་ཡིན། དེ་བཞིན། སྤྱི་འཐུས་ལ་བཞེངས་མཁན་གྱི་མདོ་དབུས་ཁམས་གསུམ་གྱི་འོས་མི་རྣམས་ལའང་ཤེས་འཇོན་དང་ཉམས་མྱོང་དགོས་པ་དང་ཆབས་ཅིག གཡོ་ཟོལ་མེད་པའི་ལྷག་བསམ་དང་དྲང་ཚུགས་བརྟན་པོ་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད།
དྲི་བ། འདས་པའི་དབུས་གཙང་སྤྱི་འཐུས་ཀྱི་ལོ་རྒྱུས་ཁྲོད། ཁྱེད་རང་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་དབུས་གཙང་ཆོལ་ཁས་བཏོན་པའི་གསར་འབྱོར་བའི་འཐུས་ཚབ་དང་པོ་འདྲ་པོ་ཆགས་ཡོད་སྟབས། འོས་མི་གཞན་ལས་ལྷག་པའི་འགན་འཁུར་ཆེ་བ་ག་རེ་འཁུར་དགོས་པ་རེད།
ལན། འདས་པའི་ལོ་ངོ་ ༦༠ ཡི་དབུས་གཙང་སྤྱི་འཐུས་འོས་མིའི་ལོ་རྒྱུས་ཁྲོད་ཀྱི་གསར་འབྱོར་བའི་འཐུས་ཚབ་དང་པོ་དང་། རྒྱལ་ཡོངས་མང་གཙོ་ཚོགས་པས་བཏོན་པའི་དབུས་གཙང་སྤྱི་འཐུས་ཀྱི་འོས་མིའི་ཁོངས་ནས་ཀྱང་གསར་འབྱོར་བ་དང་པོ་དེ་ཆགས་ཡོད་བསམ་པ་ཞིག་དྲན་གྱི་འདུག ངས་དེ་ལྟ་བུར་ཆ་མཚོན་པ་ཡིན་ནའང་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཟིན་ཐོ་གསར་པ་ཞིག་ཆགས་ཡོད་སྟབས། ང་རང་ལ་བོད་མི་མང་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་རྒྱལ་ཁ་འཐོབ་མིན་ལ་མ་ལྟོས་པར། གང་ལྟར་ངས་འདི་གལ་ཆེན་པོ་ཞིག་དང་སྤོབས་པ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད། གལ་སྲིད་ང་ལ་བོད་མི་མང་སྤྱི་འཐུས་ཀྱི་རྒྱལ་ཁ་འཐོབ་པ་ཡིན་ན། འོས་མི་གཞན་ལས་ལྷག་གིས་འགན་འཁུར་ཆེ་བ་འཁུར་དགོས་པ་མ་ཟད་འཁུར་རྒྱུའི་གྲ་སྒྲིག་ཡོད་ཞུ་འདོད་བྱུང་། དཔེ་མཚོན་འདྲ་པོ་ཞུས་པ་ཡིན་ན། གཞིས་ལུས་སྤུན་ཟླའི་དཀའ་སྡུག་མཐོང་ཐོས་མྱོང་གསུམ་གྱི་སྒོ་ནས་ང་ཚོས་འདི་ནས་ལས་འཆར་དང་ལས་གཞི། གྲོས་གཞི་གསར་པ་གང་འདྲ་ཞིག་འཇོག་གི་ཡོད་ཀྱང་། ངས་དེ་ཚོས་ཁོང་ཚོར་ཕན་མ་ཐོགས་ཀྱང་གནོད་བསྐྱལ་རྒྱུ་མེད་པའི་འགན་འཁུར་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ལྷག་པར་དུ་བོད་ནས་གསར་དུ་འབྱོར་མཁན་མང་པོ་ཞིག་དང་བཙན་བྱོལ་ནང་གི་བོད་མི་ཉམ་ཐག་ཁག་གཅིག་ལ་སྐུ་ངལ་མང་པོ་འཕྲད་ཀྱི་ཡོད་པ་དག་གི་གནས་སྟངས་ཡག་ཏུ་གཏོང་རྒྱུར་རང་ནུས་ཡོད་རྒུ་འདོན་ཐུབ་པ་བྱས་ཏེ། ཁོ་ཚོའི་དཀའ་སྡུག་གང་ཐུབ་ཀྱིས་ཇེ་ཉུང་དུ་གཏོང་ཐུབ་པ་བྱ་རྒྱུ་ཡིན།
གསར་འགོད་པ། དོན་གྲུབ།
བྱམས་པ་ཆོས་འཕེལ་སྤྱི་འཐུས་འོས་མིའི་ཁོངས་སུ་ལངས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཁོང་གི་རང་གཤིས་ལ་རྒྱུས་ལོན་ཏོག་ཙམ་བྱུང་བ་ནི། བྱམས་པ་ཆོས་འཕེལ་ལགས་བོད་ནས་འབྱོར་བའི་བོད་པ་ཞིག་ཡིན་པ་མ་ཟད་རྒྱ་གར་ནང་ས་ཕྱོགས་གང་སར་ཕེབས་མྱོང་ཞིང་གཞིས་བྱེས་གཉིས་ཀྱི་སྤྱི་ཚོགས་ཀྱི་འགྲོ་སྟངས་གསལ་པོ་མཁྱེན་གྱི་ཡོད་པའི་མི་སྣ་ཞིག་རེད། ལྷག་པར་དུ་ཁོང་ལ་དམིགས་བསལ་གྱི་རང་གཤིས་ཤིག་ཡོད་པ་ནི་ཕྱོགས་རིས་ཀྱི་ལྟ་བ་འཐེན་འཁྱེར་དང་། ཕོ་མོའི་དབྱེ་འབྱེད། ཉམས་ཆུང་ལ་ཐུབ་ཚོད་གཏོང་བ་སོགས་སྤྱི་ཚོགས་ཀྱི་ན་ཚ་ལྟ་བུ་མི་སུ་ལ་མི་དགོས་པའི་གནད་དོན་དེ་དག་དང་ཐུག་ཚེ་རང་ཚུགས་བརྟན་པོས་སོ་སོའི་དགའ་ཉེ་སྤུན་མཆེན་ཡིན་ཡང་ནམ་ཡང་བཟོད་སྲན་མི་ཞུ་བའི་གཞུང་དྲང་གི་སྙིང་སྟོབས་ཤིག་ལྡན་ཡོད་པས་ངས་བལྟས་པ་ཡིན་ན་སྤྱི་འཐུས་ཀྱི་འོས་མིར་ལངས་བར་ཤེས་ཡོན་དང་ཉམས་མྱོང་དགོས་པ་མ་ཟད། ལྷག་བསམ་དང་སྙིང་སྟོབས། དྲང་ཚུགས་བརྟན་པོ་བཅས་དགོས་རྒྱུ་གལ་ཆེན་པོ་ཡིན་པར་བརྟེན་ཁོང་ལ་ཆ་རྐྱེན་འདི་དག་ཚང་བའི་མ་ཚད་མཐོ་བའི་རྣམ་པ་ཞིག་འདུག་བཅས་བཤད་ཀྱང་ཆོག་པས་དབུས་གཙང་པ་ཚོས་ཁོང་ལ་འོས་ཤོག་བླུགས་ན་སྤྱི་ཚོགས་འདི་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་རྒྱུ་འདོན་མི་ཟའོ།
སྐུ་ཞབས་བྱམས་པ་ཆོས་འཕེལ་ལགས་བོད་མི་མང་སྤྱི་འཐུས་སུ་བཞེངས་པ། རྒྱབ་སྐྱོར་དང་དགའ་བསུ་ཞུ།