མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྐུབ་སྟེཊ་གཅིག་པུ་སྲུང་ནས་བསྡད་ན་ཏག་ཏག་བསྡད་མེད།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

སྐབས་ ༡༦ པའི་མདོ་སྨད་སྤྱི་འཐུས་འོས་མི་གསར་པ་ཨ་རིག་དགེ་མཐོང་ལགས་སུ་ཆེད་དམིགས་བཅར་འདྲི་བྱེད་སྐབས། གྲོས་ཚོགས་ནང་ཁ་མ་གྲགས་པར་རྐུབ་སྟེགས་གཅིག་པུ་སྲུང་སྟེ་དུས་ཚོད་འགྲོ་ཐབས་དང་རང་ཉིད་ལ་ཁ་དམོད་མི་ཡོང་ཐབས་བྱས་ནས་བསྡད་པ་ཡིན་ན་ཏག་ཏག་བསྡད་མེད་སྐོར་བརྗོད་བྱུང་།

དྲི་བ། ཁྱེད་རང་གི་མི་ཚེའི་ལོ་རྒྱུས་དང་སློབ་སྦྱོང་གི་བརྒྱུད་རིམ་སོགས་ངོ་སྤྲོད་རགས་རིམ་ཞིག་གནང་རོགས།
ལན། སྤྱིར་ལོ་རྒྱུས་ཙག་ཙིག་བཤད་ན་མང་པོ་ཡོད་པ་རེད། དམིགས་བསལ་གྱིས་རང་ཉིད་གྲྭ་བ་ཞིག་ཡིན་པའི་ཆ་ནས་མི་ཚེའི་མང་ཆེ་ཤོས་ལ་ནང་བསྟན་མཚན་ཉིད་སྦྱངས་པ་ཡིན། དེ་ཡང་གཞིས་དགོན་ཙམ་མ་ཡིན་པར་གྲྭ་ས་ནས་སྦྱངས་ཏེ་ལག་འཁྱེར་དང་ལོ་རེའི་རྒྱུགས་སྤྲོད་བྱ་དགའ་སོགས་ཚད་ལྡན་ཐོབ་ཡོད་པ་དེ་མི་མང་ཤོས་ཀྱིས་ཤེས་པ་འདྲ་བོ་རེད། སོ་སོའི་མི་ཚེ་ཕྱེད་ཀ་དེ་ནང་བསྟན་མཚན་ཉིད་རིག་པར་བཏང་པ་ཡིན། དེ་ནས་རང་ཉིད་བོད་མི་རིགས་ཤིག་ཡིན་པའི་ཆ་ནས་རང་གི་སྐད་ཡིག་སྟེང་འབྲི་ཀློག་ག་རེ་ཡིན་ན་སོ་སོར་གདེང་ཚོད་དང་བརྒྱུད་རིམ་ལྡན་པ་ཞིག་ཡོད། དེ་ནས་དགོན་སྡེ་དང་སློབ་གྲྭ་ཁག་ལ་སོང་ནས་རང་གི་ནུས་ཚོད་ཀྱིས་རྩོམ་རིག་དང་སྐད་ཡིག བརྡ་སྤྲོད་སོགས་ཀྱི་སྐོར་ལ་ཟབ་སྦྱོང་དང་གཏམ་བཤད་བྱས་པ་ཡིན་ལ། དོ་སྣང་ཡོད་མཁན་ཚོས་ཕལ་ཆེར་གང་འཚམ་ཞིག་ཤེས་རྒྱུ་རེད། མི་ཤེས་མཁན་ལ་མང་པོ་བཤད་ཀྱང་ར་འཕྲོད་རྒྱུ་དཀའ་ལས་ཁག་པོ་རེད།

དྲི་བ། ཁྱེད་རང་སྐབས་ ༡༦ པའི་སྤྱི་འཐུས་འོས་མིར་ལངས་དགོས་པའི་རྒྱུ་མཚན་དང་མ་འོངས་པར་མི་མང་གི་འཐུས་མི་ཚད་ལྡན་ཞིག་ཡོང་ཐུབ་པར་འཆར་གཞི་ག་རེ་ཡོད།
ལན། སྤྱི་འཐུས་ཚད་ལྡན་ཡོང་བ་ཟེར་བ་དེ་ནམ་རྒྱུན་སོ་སོས་གང་བདམས་པའི་སྤྱི་འཐུས་དེར་རྒྱུས་མངའ་བྱེད་རྒྱུ་གལ་ཆེན་རེད། མི་གཞན་གྱིས་བཤད་པ་མ་ཡིན་པར་རང་འགུལ་གྱིས་འོས་བླུགས་པའི་རྗེས་སུ་ད་ལོར་སྤྱི་འཐུས་སུ་བདམས་པ་ཡིན་ན་ལོ་རྗེས་མར་ལས་ཀ་ཏག་ཏག་བྱེད་ཀྱི་ཨེ་ཡོད་ལྟ་རྒྱུ་རེད་མ་གཏོགས། གཞན་པ་ཚད་ལྡན་ཟེར་བ་དེ་འདི་རེད་ཟེར་བ་ཞིག་ཡོད་པ་མ་རེད། གཙོ་བོ་མི་སྒེར་གྱི་དུས་ཚོད་དང་ལས་ཀ་བྱེད་སྟངས་ལ་ལྟ་རྒྱུ་རེད། ང་སྤྱི་འཐུས་ལ་ལངས་དགོས་པའི་རྒྱུ་མཚན་དེ་ང་རང་ལ་མཚོན་ན་དགོན་སྡེ་ཁག་ཏུ་ཉམས་མྱོང་ཡོད་པའི་སྟེང་། སྤྱི་ཚོགས་ཁྲོད་ནས་མདོ་སྨད་དབུས་རྒྱུན་ལས་ཁང་དུ་ལོ་གསུམ་དང་། དེ་ནས་སྤེལ་ཀོབ་མདོ་སྨད་ས་གནས་ཚོགས་གཙོ་ལོ་གསུམ་ལ་ཁུར་བ་ཡིན། དེ་བཞིན་རྩོམ་པ་པོའི་མཐུན་ཚོགས་ནང་ལོ་གསུམ་ལ་ལས་ཀ་བྱས་ཏེ་ད་ལྟ་ཚོགས་གཞོན་གྱི་འགན་ཁུར་ཡོད་པ་ལྟར་ལས་ཁུངས་ནང་གི་འགན་ཚང་མ་སོ་སོའི་སྟེང་ལ་འཁེལ་ཡོད། དེ་མིན་སྐུའི་གྱ་སྟོན་སྟེང་རང་གིས་ནུས་ཤུགས་ཡོད་དགུ་བཏོན་པ་ཡིན། བརྒྱུད་རིམ་དེ་ནས་ང་ཚོའི་མདོ་སྨད་ཀྱི་གནད་ཡོད་མི་སྣ་ཨ་ཡོད་ནང་གི་དེ་ཡོད། སྒོ་ང་ནང་གི་སེར་ཐིག་དེ་ཚོ་དང་མཉམ་དུ་ལས་ཀ་བྱས་ཡོང་དུས། སྤྱི་འཐུས་དང་དབུས་རྒྱུན་ལས། དྷ་རམ་སའི་ཁོར་ཡུག་འདི་ན་ཡོད་པའི་མི་ཚོས་ངས་ལས་ཀ་ག་རེ་བྱས་དང་མ་བྱས་དེ་ཚུར་ལ་ཁ་གྲགས་ནས་ཡོང་པ་མ་གཏོགས་ངས་འདི་བྱས་དང་གན་བྱས་ཟེར་ནས་བཤད་དགོས་ཀྱང་བཤད་ཐུབ་ཀྱི་ཡོད་པ་མ་རེད་ལ། དེ་བཤད་ནས་ཕན་ཐོགས་ཡོད་པ་མ་རེད། གང་ལྟར་འདས་པའི་ལོ་གསུམ་གྱི་རིང་གྱ་སྟོན་དང་མདོ་སྨད་དབུས་རྒྱུན་ལས་གཅིག་ལྕོགས་ཀྱི་སྟེང་ནས་ལྷོ་ཕྱོགས་དང་ཧི་མ་ལ་ཡའི་རི་བརྒྱུད་སོགས་ས་གནས་ཁག་མང་པོར་ཕྱོགས་བསྐྱོད་བྱས་ཏེ། དགོན་པ་དང་གཞིས་ཆགས་ཁག་ལ་རྒྱུས་མངའ་བླངས་ཡོད་པ་མ་ཟད། ནམ་རྒྱུན་དོ་སྣང་གང་འཚམ་བྱས་ཏེ་ངའི་རྩོམ་ཡིག་ཀྱང་ཐོག་མར་ལྷུ་ལག་སྒྲིག་པའི་སྐབས་སུ་འབོར་རྩོམ་གྱི་ལམ་ནས་སྤྱི་ཚོགས་སྐྱོན་བརྗོད་ཤུགས་ཆེན་པོ་བྲིས་པ་དང་། ལྷག་པར་དུ་དགོན་སྡེ་ཁག་དང་རང་ལ་རྒྱུས་ཡོད་པའི་རིགས་མང་པོ་གླེང་ཡོད་པས། སྤྱི་ཚོགས་ནང་གང་འཚམ་དོ་སྣང་བྱེད་མཁན་ཞིག་ཡིན་ན་དེའི་ཕྱོགས་ལ་ངས་ཁ་ཕྱོགས་ངེས་ཅན་ཞིག་བཟུང་ཡོད་པ་ཤེས་ཀྱི་རེད།

དྲི་བ། སྤྱི་འཐུས་ཤིག་གིས་ངེས་པར་དུ་སྒྲུབ་དགོས་པ་གསུམ་དང་ངེས་པར་དུ་འདོར་དགོས་པ་གསུམ་བགྲང་ན་ཁྱེད་ཀྱིས་གང་དག་བགྲང་ས་རེད།
ལན། དྲི་བ་འདི་ང་ལ་མཚོན་ན་གནད་འགག་ཅིག་ཏུ་མཐོང་གི་ཡོད། སྤྱི་འཐུས་ཤིག་གིས་ངེས་པར་དུ་སྒྲུབ་དགོས་པ་དང་འདོར་དགོས་པ་ཟེར་བ་དེ། སོ་སོའི་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་མེད་ཟེར་བ་དེ་དཀའ་ལས་ཁག་པོ་ཡིན་ཡང་། ང་ཚོའི་སྤྱི་ཚོགས་ནང་ལས་ཀ་བྱེད་སྟངས་དང་དེའི་དགོས་པ་རྒྱུ་མཚན་ལ་བརྟེན་ནས་བསམ་བློ་གཏོང་ཐུབ་པ་དེ་འདྲ་ཞིག་དགོས་ཀྱི་ཡོད། ཁོ་ཆོས་ལུགས་ཤིག་དང་ཆོལ་ཁ་ཞིག་གི་སྤྱི་འཐུས་ཡིན་དུས། གྲོས་ཚོགས་ནང་སོང་ནས་ཁ་མ་གྲགས་པར་རྐུབ་སྟེགས་གཅིག་པུ་སྲུང་ནས་བསྡད་པ་ཡིན་ན་དེ་ཏག་ཏག་བསྡད་མེད་ཀི་བསམ་གྱི་ཡོད། ང་ཚོ་མདོ་སྨད་སྤྱི་འཐུས་མང་ཆེ་ཤོས་དེ་འདྲ་རེད། ང་རང་མདོ་སྨད་ཅིག་ཡིན་པའི་ཆ་ནས་གཙོ་བོ་མདོ་སྨད་སྤྱི་འཐུས་ཚོར་བཤད་གི་ཡོད། སྔོན་མ་གྲོས་ཚོགས་ནང་ལ་རྙོག་དྲ་ཏོག་ཙམ་བྱུང་པར་བརྟེན། ས་གནས་ཁག་ལ་སོང་དུས་མི་མང་གིས་འཇུག་པ་ལད་ཟློས་བྱས་ནས་ཚང་མར་ཁ་གཏོང་ཡོང་དུས། ཁ་སང་དེ་རིང་ང་ཚོའི་སྤྱི་འཐུས་གྲོས་ཚོགས་ནང་དུས་ཚོད་འགྲོ་ཐབས་དང་རང་ཉིད་ལ་ཁ་དམོད་མ་ཡོང་བ་ཙམ་བྱེད་ཀྱིན་འདུག ངས་དེ་སྟོང་ཆ་ཆེན་པོ་ཞིག་རེད་བསམ་གྱི་ཡོད། ལྷག་པར་དུ་ང་ཚོ་བོད་ཀྱི་སྤྱི་འཐུས་ཤིག་ཡིན་ན་ངེས་པར་དུ་སྤྱི་འཐུས་བཅུ་བོ་ཟླ་དྲུག་དྲུག་ལ་བགོ་བཤའ་བརྒྱབ་ཏེ། ལོ་ལྔ་ཡི་ནང་རྒྱུན་ལས་སུ་སྡོད་དགོས་ཀྱི་འདུག རྒྱུན་ལས་ཟེར་བ་དེ་སྤྱི་འཐུས་ཀྱི་སྐབས་སུ་ཧ་ལས་པའི་གལ་ཆེན་པོ་ཞིག་རེད། ཐག་གཅོད་མང་པོ་ཞིག་རྒྱུན་ལས་ཀྱིས་བྱེད་དགོས་དུས། ང་ཚོ་མདོ་སྨད་ལ་མཚོན་ན་ལོ་ལྔའི་རིང་མི་གཉིས་ཀྱིས་སྐོར་ར་བརྒྱབ་ནས་སྡོད་དགོས་ཀྱི་ཡོད་པ་རེད། མི་གཉིས་དེ་རྨོག་རུ་བསྟན་པ་དང་རྒྱ་རིགས་ཐར་གཉིས་རེད། སྐུ་ངོ་སྤེན་པ་ཁོ་རང་ཚོགས་གཙོ་ཡིན་སྟབས་དམིགས་བསལ་རེད། དེ་ག་རེ་བྱས་ནས་རེད་ཅེ་ན། ཁ་ཤས་ལ་ཤེས་ཡོན་ཡོད་ཀྱང་དུས་ཚོད་གཏོང་ཐུབ་ཀྱི་ཡོད་པ་མ་རེད། ཁ་ཤས་ཀྱིས་དབྱིན་ཇི་དང་ཧིན་དྷི་ཁྱག་ཁྱོག་རེ་ཤེས་ཀྱི་ཡོད་ཀྱང་། ལས་ཀ་དེ་བོད་ཡིག་དང་བོད་ཀྱི་གནས་སྟངས་སོགས་ལ་བྱེད་དགོས་དུས། རང་བཞིན་གྱིས་བྱེད་མ་ཐུབ་པ་ཞིག་ཆགས་ཡོང་གིན་འདུག འདི་འདྲའི་སྟོང་ཆ་དེ་ཚོ་ང་རང་སྤྱི་འཐུས་རྒྱུན་ལས་སུ་འཁེལ་བ་ཡིན་ན། དུས་ཚོད་གཏོང་ཐུབ་པ་དང་བོད་ཡིག་གི་སྒང་ནས་ཁ་གསབ་བྱེད་ཐུབ་པའི་སྤོབས་པ་ཡོད།

དྲི་བ། ད་ལྟའི་བོད་མི་མང་སྤྱི་འཐུས་རྣམ་པས་མི་མང་གི་འཐུས་མི་ཞིག་གི་མིང་ཐོག་ནས་སྤྱི་ཚོགས་ལ་འགན་འཁུར་སྟངས་དང་ཕྱག་ལས་གནང་ཕྱོགས་ཐད་དགེ་མཚན་དང་སྐྱོན་ཆ་གང་དག་མཐོང་གི་འདུག
ལན། ད་ལྟའི་ང་ཚོའི་སྤྱི་འཐུས་ཡིན་ན་ཆོག མ་འོངས་པ་ཡིན་ནའང་འདྲ། ང་ཚོའི་སྤྱི་ཚོགས་དང་དགོན་སྡེ་ཁག་ལ་ཉམས་ཞིབ་བྱེད་དགོས་ལ། གང་ཟག་བྱེ་བྲག་པ་ཞིག་ཡིན་ནའང་བག་ཆགས་ཟབ་མོ་ཞིག་འཇོག་རྒྱུ་དང་། དེ་ནས་གྲོས་ཚོགས་ཀྱི་ལས་དོན་ལ་ཁ་ནས་སྙན་མོ་བཤད་པ་ཙམ་མ་ཡིན་པར། དཔེར་ན། ང་ཚོའི་སྐད་ཡིག་གི་སྐོར་ལ་སྐད་ཡིག་གལ་ཆེན་པོ་རེད། སྐད་ཡིག་དེ་མི་རིགས་ཀྱི་ཚེ་སྲོག་རེད་ཅེས་ལབ་ཀྱིན་ཡོད་ཀྱང་། ལག་ལེན་གྱི་ཁྲོད་ནས་བོད་ཀྱི་སྐད་ཡིག་སྟེང་ལས་ཀ་བྱེད་ཀི་ཡོད་པ་མ་རེད། གལ་སྲིད་ལས་ཀ་བྱེད་དགོས་ན་ང་ཚོའི་བོད་ཡིག་སློབ་མཁན་དང་ཕྲུ་གུ་དེ་ཚོ་ཆུང་དུས་ནས་སློབ་གྲྭ་འགྲོ་རྒྱུ་ཡོད་པ་དང་། མ་འོངས་པར་མཐར་ཕྱིན་ནས་ཁོ་རང་གི་འཚོ་བ་དེ་ལས་ཀ་བྱས་ནས་ཏག་ཏག་འགྲོ་ཐུབ་པ་ཞིག་ཡིན་ན། བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ལྟ་བུ་རེད། ཡིན་ནའང་། བོད་ཀྱི་སྐད་ཡིག་ཤེས་མཁན་དང་རྩོམ་ཡིག་འབྲི་མཁན་དེ་ཚོར་མཐོང་ཡོད་པ་མ་རེད། ལག་ལེན་གྱི་ཆ་ནས་ལས་ཀ་བྱེད་དགོས་པ་རེད་བསམ་ཡོད། དེ་ནས་ང་ཚོའི་སྤྱི་ཚོགས་འདིའི་ནང་ད་དུང་སྐུ་དྲག་ལམ་ལུགས་བརྒྱུད་དེ། མང་ཚོགས་དང་རྐུབ་སྟེགས་ཐོག་སྡོད་མཁན་གཉིས་ཀྱི་བར་ལ་རྣམ་འགྱུར་གྱི་ཐོག་ནས་འགལ་བ་ཞིག་མཐོང་གི་ཡོད་ལ། འགལ་བ་དེར་བརྟེན་ནས་མང་ཚོགས་མང་པོ་ཞིག་བློ་ཕམ་བྱུང་སྟེ་ས་གནས་འདིར་འདུག་རྒྱུའི་ཞེན་ཁ་ལོག་པ་དེ་འདྲ་མཐོང་སོང་། སྤྱི་ཚོགས་ཁྲོད་མི་སྒེར་གྱི་འཚོ་བ་རོལ་སྐབས་ཁྱོད་རང་གི་ཕྱོགས་ནས་དོན་དག་ཆུང་ཆུང་ཞིག་ཡིན་ན་ཡང་ཁོ་རང་ལ་མཚོན་ན་དོན་དག་ཆེན་པོ་ཞིག་ཡིན་སྲིད་སྟབས། ལས་ཀ་དེ་སྒྲུབ་ཐུབ་དང་མ་ཐུབ་ལ་འགྲེལ་བཤད་ཡག་པོ་ཞིག་རྒྱག་རྒྱུ་དང་རྣམ་འགྱུར་ཡག་པོ་ཞིག་སྟོན་རྒྱུ། མང་ཚོགས་ཀྱི་འདོད་པ་བསྒྲུབ་ཐུབ་པའི་ཕྱོགས་སུ་འབད་བརྩོན་བྱེད་རྒྱུ་དེ་གལ་ཆེན་པོ་རེད།

དྲི་བ། ང་ཚོའི་སྤྱི་ཚོགས་ཁྲོད་གྲོས་ཚོགས་ར་བའི་ནང་དགེ་འདུན་པ་ཞུགས་ན་ཡག་པོ་ཡོད་ཚུལ་བརྗོད་མཁན་མང་པོ་ཡོད་སྟབས་དེའི་ཐད་ནས་ཁྱེད་རང་ལ་བསམ་ཚུལ་ག་རེ་ཡོད།
ལན། དྲི་བ་འདི་ཁ་སང་དེ་རིང་དྲ་ལམ་དང་བརྒྱུད་ལམ་ཁག་ཏུ་ཤུགས་ཆེན་པོ་གླེང་སློང་བྱེད་ཀྱིན་འདུག ངས་དྲ་ལམ་ཚོགས་པ་ཁ་ཤས་ལ་གསལ་བོར་ཞུས་པ་ཡིན། ཁ་ཤས་ཀྱིས་༧གོང་ས་མཆོག་གིས་བཀའ་གནང་གི་འདུག་ལབ་མཁན་ཡང་འདུག ཡིན་ན་ཡང་། ང་ཚོས་༧གོང་ས་མཆོག་གི་གསུང་ལ་རྟག་གསལ་གཏང་ན་དེ་༧གོང་ས་མཆོག་རྩེད་ཆས་བྱས་པ་འདྲ་བོ་རེད། དངོས་གནས་བསམ་བློ་གཏང་ན། ད་ལྟའི་གནས་བབ་འདིར་ང་ཚོ་གྲྭ་བས་ལས་ཀ་བྱེད་པ་ཡིན་ན་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་གསུང་བ་ནང་བཞིན་དུས་ཚོད་གཏོང་ཐུབ་པ་དང་། ལས་ཀ་བྱེད་ཕྱོགས་ཀྱི་སྟེང་ནས་ཀྱང་གྲྭ་བ་ཞིག་ཡིན་ན་འགན་འཁྲི་ཡོད་པ་རེད། གཉིས་ནས་རས་དམར་པོ་ཞིག་གྱོན་མ་གྱོན་གྱི་ཁྱད་པར་ཡོད་པ་མ་རེད། དེ་ང་རང་གི་ལྟ་ཚུལ་ཡིན། གལ་སྲིད་ང་གྲྭ་བ་ལོག་སོང་ན་སྤྱི་འཐུས་ཐོབ་པ་དང་གྲྭ་བ་མ་ལོག་ན་སྤྱི་འཐུས་ཐོབ་གི་མེད་ན། དེ་མིའི་ཤེས་ཡོན་དང་གཤིས་ཀར་མ་བལྟས་པ་རེད། ལྟ་སྟངས་དེ་ཏག་ཏག་ཅིག་བསྡད་ཡོད་པ་མ་རེད་བསམ་གྱི་ཡོད། ཡིན་ན་ཡང་མི་མང་ལ་ཁག་ཡོད་པ་མ་རེད། གྲོས་ཚོགས་ནང་གྲྭ་བ་རེ་ཟུང་གི་བྱ་སྤྱོད་ཀྱིས་སྤྱི་ཚོགས་ལ་བག་ཆགས་ངན་པ་བཞག་དུས་སྤྱི་ཚོགས་ནང་འཇུག་པ་ལད་ཟློས་བྱས་བཞག་པ་རེད། དེ་ལ་སོ་སོས་ངོས་ལེན་བྱེད་ཀྱི་ཡོད། ང་ལྟ་བུ་ཞིག་ཡིན་ན། གྲྭ་བ་ཚོར་བརྒྱུད་ལམ་ཁག་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ཤེས་བཞིན་དུ་སྤྱི་འཐུས་ལ་ལངས་པ་དེར་མི་ཁ་ཤས་ཀྱིས་ལྐུག་པ་འདྲ་བོ་མཐོང་གི་ཡོད་ཀྱང་། ང་སྐབས་འདིར་སྤོབས་པའི་ངང་ནས་ལངས་དགོས་པ་དེ་རྣམ་དཔྱོད་ལྡན་པའི་མི་ཞིག་ཡིན་ན། མི་དེའི་ལས་ཀ་བྱེད་སྟངས་དང་དེའི་སྟེང་ནས་བརྒྱ་ཆ་འཇོག་རྒྱུ་རེད་མ་གཏོགས་གྱོན་པ་ཙམ་གྱིས་བརྒྱ་ཆ་འཇོག་གི་མ་རེད་བསམ་གྱི་ཡོད།

དྲི་བ། མདོ་སྨད་སྤྱི་འཐུས་ལས་ཐོག་རྣམ་པས་བོད་ཕྱི་ནང་གི་མདོ་སྨད་མི་མང་གི་འཐུས་ཚབ་བྱེད་ཐུབ་ཀྱི་འདུག་གམ།མི་འདུག་ན་ཕྱོགས་གང་དག་ནས་ཚབ་བྱེད་ཐུབ་ཀྱི་མི་འདུག ཁྱེད་ལ་དེའི་ཐད་ཚབ་བྱེད་ཐུབ་པའི་ནུས་འཇོན་ག་རེ་ཡོད།
ལན། མདོ་སྨད་སྤྱི་འཐུས་རྣམ་པས་མདོ་སྨད་ཀྱི་ཚབ་མཚོན་བྱེད་ཐུབ་ཀྱི་ཡོད་མེད་ཟེར་བ་དེར་འགྲེལ་བཤད་ག་འདྲ་རྒྱག་དགོས་མིན་ངས་མི་ཤེས། སྤྱིར་བཏང་ཁོ་རང་ཚོ་ཚབ་མཚོན་ལྟ་བུ་རེད། ཡིན་ནའང་། ལས་ཀ་བྱེད་སྟངས་ཏག་ཏག་བྱེད་ཐུབ་གིན་ཡོད་མེད་བཤད་ཁག་པོ་རེད། ལྷག་པར་དུ་མདོ་སྨད་ཟེར་ན་བཙན་བྱོལ་ནང་མི་གྲངས་ཉུང་ཉུང་ཞིག་རེད། བོད་ནང་ལ་མཚོན་ན་ཤེས་ཡོན་དང་ས་ཆ་གང་གི་སྟེང་ནས་མདོ་སྨད་ཁྱབ་ཆེ་ཤོས་ཡིན་སྟབས། ༧གོང་ས་མཆོག་གིས་ཆོལ་ཁ་རེ་དང་ཆོས་བརྒྱུད་རེ་ནས་གྲངས་འབོར་སྙོམ་པོ་འཇུག་དགོས་པ་དེ། གཙོ་བོ་བོད་ཀྱི་གནས་སྟངས་དང་ལྷག་པར་དུ་གཞིས་ལུས་བོད་མི་རྣམས་ལ་དགོངས་བཞེས་གནང་བ་ཡིན་དུས། མདོ་སྨད་སྤྱི་འཐུས་ཤིག་ཡིན་ན། མདོ་སྨད་ཀྱི་ཡུལ་སྲོལ་གོམས་གཤིས་དང་གནས་སྟངས་ཤེས་པའི་ཐོག མི་ལ་འབྲེལ་འདྲིས་བྱེད་དགོས་ཀྱི་འདུག་བསམ་གྱི་ཡོད། ད་ལྟའི་མདོ་སྨད་རྒྱུན་ལས་ནང་ལ་གང་འཚམ་ཡག་པོ་བྱུང་འདུག ཡིན་ནའང་ད་དུང་མདོ་སྨད་ཀྱི་ས་ཆ་ཟེར་ན་ཚོད་དཔག་དང་ལྷ་ཡུལ་ལྟ་བུ་ཞིག་གི་ངོས་ནས་འགྲེལ་བཤད་རྒྱག་གི་ཡོད་པ་མ་གཏོགས་དངོས་སུ་མ་མཐོང་པ། བོད་ཡིག་དང་བོད་སྐད། མདོ་སྨད་ཀྱི་ས་དང་མི་ལ་འབྲེལ་འདྲིས་མེད་པ་ཡང་མང་པོ་ཡོད་པ་རེད་བསམ་གྱི་ཡོད། དེ་ཡིན་རུང་ཕྱིའི་སྐད་ཡིག་དང་ཁྲིམས་ལུགས་འགྲོ་སྟངས་སོགས་ཤེས་ཀྱི་ཡོད་ན་འགྲིག་གི་རེད། དེའི་སྒང་ནས་སོ་སོས་སྐད་ཆ་མི་བཤད་པར་རྐུབ་བཀྱག་སྲུང་ནས་སྡོད་མཁན་ཁ་ཤས་མཐོང་གི་ཡོད། དེ་ཚོས་ཚབ་བྱེད་ཐུབ་མིན་བཤད་ཁག་པོ་རེད་བསམ་གྱི་ཡོད། ང་རང་ཡིན་ན་སོ་སོའི་ལྟ་བ་དང་རང་གཤིས་འཁུར་ཏེ་དབུས་རྒྱུན་ལས་དང་གྱ་སྟོན་སྐབས་མི་སྣ་ཆེན་པོ་དང་མཉམ་དུ་ལས་ཀ་བྱས་ཡོང་དུས། རང་གི་ལངས་ཕྱོགས་དང་བསམ་ཚུལ་གཉིས་ལ་མ་མཐུན་པ་ཡིན་ན་ཐད་ཀར་ཁོ་ཚོར་སྐྱོན་བརྗོད་བྱས་པ་དང་། ཡང་སོ་སོས་ནོར་འཁྲུལ་བྱས་ན་དེ་ལ་ཁ་ཐུག་གིས་དང་ལེན་བྱས་ཡོད་པ་དེ། ང་ཚོ་དང་མཉམ་དུ་ལས་ཀ་བྱེད་མཁན་ཚང་མ་ད་ལྟ་དངོས་ཡོད་མ་ཤི་གསོན་པོ་དང་མ་འཁྱག་དྲོན་མོར་ཡོད་དུས། ངས་སྐྱག་རྫུན་བཤད་པ་མ་ཡིན་པར་རང་གི་གཤིས་ཀའི་སྟེང་ནས་ཚང་མར་བཤད་དགོས་པ་དེ་བཤད་གི་ཡོད་ལ། མ་འོངས་པར་གྲོས་ཚོགས་ནང་དུའང་ཡིག་ཐོག་དང་ངག་ཐོག་གཉིས་ནས་བཤད་དགོས་པ་དེ་བཤད་པའི་སྤོབས་པ་ཡོད། སྤོབས་པ་དེའི་སྒང་ནས་ང་སྤྱི་འཐུས་ལ་ལངས་པ་ཡིན།

དྲི་བ། སྔོན་ཆད་བཅར་འདྲི་ཞིག་གི་སྐབས་སུ། ཁྱེད་ཀྱིས་ཆོལ་ཁ་དང་ཆོས་ལུགས་ཀྱི་མཐུན་སྒྲིལ་གཏོར་བཤིག་གཏོང་མཁན་ཕལ་ཆེ་བ་མི་སྣ་ནུས་ཤུགས་ཅན་དང་སེར་མོ་ཚོའི་སྡེ་ན་ཡོད་སྟབས། དམངས་ཁྲོད་ནས་གོ་རྟོགས་སད་དེ་ཆིག་སྒྲིལ་ཚད་ལྡན་ཞིག་བསྐྲུན་དགོས་ཞེས་བརྗོད་འདུག་པས། དམངས་ཁྲོད་ནས་གོ་རྟོགས་སད་དེ་ཆིག་སྒྲིལ་ག་འདྲ་ཡོང་དགོས་པར་འདོད་ཀྱི་ཡོད།
ལན། ངས་བཅའ་འདྲི་དེ་འདྲ་མང་པོ་དང་ལེན་བྱས་པ་དང་རྩོམ་ཡིག་ཁྱག་ཁྱོག་མང་པོ་སྤེལ་ཡོད་སྟབས་ཏག་ཏག་ཅིག་དྲན་གྱི་མི་འདུག་ཀྱང་། ནམ་རྒྱུན་ལས་ཀ་བྱེད་ཕྱོགས་ཀྱི་ཐད་ནས་མི་སྣ་དབང་ཤུགས་ཅན་ཡིན་ན་རེད། གྲོས་ཚོགས་ནང་གི་གྲྭ་བ་ཡིན་ནའང་ཆོག ཏོག་ཙམ་མ་འགྲིག་པ་བྱེད་མཁན་དེ་ཚོ་ཕལ་ཆེར་བ་མི་གཞན་ཞིག་གི་རྐུབ་ལ་རྒྱུག་ནས་ལས་ཀ་དེ་འདྲ་བྱེད་ཀྱི་འདུག་བསམ་གྱི་ཡོད། རྒྱབ་ལོག་གི་མི་དེར་ནུས་པ་གང་འཚམ་ཡོད་དུས་སྤྱི་ཚོགས་ལ་བརྡབ་གསིག་ཆེན་པོ་གཏོང་གི་འདུག གྲོས་ཚོགས་ནང་བརྒྱུད་རིམ་སྔ་ཕྱི་ཁག་ཏུ་གནད་དོན་ཅུང་ཙམ་བྱུང་བ་དེ་ཚོར་ཞིབ་འཇུག་བྱས་ན། མི་རང་གི་ལྟ་བ་དེའི་སྟེང་ནས་མ་ཡིན་པར་ཕར་ཕྱོགས་ཀྱི་རྒྱབ་ལྗོངས་ཞིག་ནས་དཀྲུག་ཡོང་གི་འདུག ང་རང་གལ་སྲིད་སྤྱི་འཐུས་འཐོབ་པ་ཡིན་ན། རྒྱབ་ལོག་གི་མི་ཞིག་ལ་བརྟེན་ནས་འགྲོ་མ་དགོས་པར་སོ་སོའི་ལྟ་བ་དང་ལས་ཀ་བྱེད་སྟངས་ནས་འགྲོ་རྒྱུ་མ་གཏོགས། མི་གཅིག་གི་ཁ་བཀོད་ཀྱི་དབང་དུ་བརྒྱ་ཆའི་བརྒྱ་འགྲོ་གི་མིན། གལ་སྲིད་ཁ་བཀོད་ཀྱི་དབང་དུ་འགྲོ་དགོས་ཚེ། ང་ཚོའི་སྤྱི་ཚོགས་འདི་དཀྲུག་གི་རེད། ཆིག་སྒྲིལ་ཟེར་བ་དེ་གཙོ་བོ་དམངས་ཁྲོད་ནས་མི་མང་གི་གོ་རྟོགས་སད་དགོས་པ་རེད། དེ་ག་འདྲ་བྱས་ནས་སད་དགོས་རེད་ཅེ་ན། མི་གཅིག་གི་ཁ་བཀོད་འོག་ནས་ཅིག་རེད་དང་མ་རེད་ཅེས་བཤད་ན་འགྲིག་གི་མ་རེད། མི་ཚང་མས་སྐད་ཡིག་དང་ཆབ་སྲིད་ཀྱི་ཐོག་ལ་དོ་སྣང་བྱས་ན་ཆིག་སྒྲིལ་ཡོང་གི་རེད། དེ་ཡང་དཔེར་ན་ང་ལྟ་བུར་མཚོན་ན། སྔོན་ཆད་ཕ་ཡུལ་ནས་དཔེ་ཆ་བལྟས་ཡོང་དུས་ཕལ་ཆེར་རྙིང་མ་དང་བཀའ་བརྒྱུད། བོན་པོ་དེ་འདྲ་མཐོང་དུས་རྣམ་རྟོག་ཟ་གིན་ཡོད། ང་རང་འདིར་ཡོང་རྗེས་༧གོང་ས་མཆོག་གི་བཀའ་སློབ་ཀློག་ནས་ངའི་བསམ་ཚུལ་ལ་རྦད་དེ་འགྱུར་བ་ཕྱིན་ཏེ། ད་ལྟ་བསམ་ཚུལ་དེ་རྩ་བ་ནས་མེད་པ་ཆགས་སོང་། དེ་ཡང་སྤྱི་ཚོགས་དང་ཁོར་ཡུག་ཅིག་གི་ཤུགས་རྐྱེན་རེད། ཁོར་ཡུག་ཅིག་ནང་མཉམ་དུ་བསྡད་པ་ཡིན་ན། ལུང་ཚན་དང་བྱེ་བྲག་ཕན་ཚུན་ལ་བསྟུན་ཤེས་དང་བཟོད་སྒོམ་བྱས་ནས་བསྡད་ན་ཆིག་སྒྲིལ་གྱི་ནུས་པ་དེ་གོང་འཕེལ་ཡོང་རྒྱུ་རེད།

དྲི་བ། བོད་གཞུང་མང་གཉིས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན་ག་འདྲ་བྱེད་དགོས་པ་རེད་བསམ་གྱི་ཡོད།
ལན། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན་བྱེད་སྟངས་ཞེ་ན་ང་ཚོའི་གང་ཐུབ་ཐུབ་ཅིག་བྱེད་ཀྱི་ཡོད་ལ། ང་ཚོས་ལས་ཀ་བྱས་ནས་གྲུབ་འབྲས་ཐོན་པ་ཡང་ཁ་ཤས་ཡོད་པ་རེད། འབྱུང་འགྱུར་གྲུབ་འབྲས་ཐོན་རྒྱུ་ཡང་གང་འཚམ་ཡོད་པ་རེད། དྲང་མོ་བཤད་ན་ང་རང་གིས་འདིའི་སྐོར་ལ་ལས་ཀ་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༡༢ དང་ ༢༠༡༤ ལོར་ང་ཕ་ཡུལ་དུ་ཐེངས་གཉིས་ལ་སོང་སྟེ་མདོ་སྨད་ཀྱི་དགོན་སྡེ་ཁག་དང་ས་ཆ་མང་པོར་ཆེད་དུ་བསམ་བློ་བཏང་ནས་སོང་པ་ཡིན། འབྱུང་འགྱུར་ངས་ཟིན་ཐོ་ཞིག་ཀྱང་འདོན་འཆར་ཡོད། བོད་ནང་གི་བོད་མི་ཚོས་བཤད་ན། ང་ཚོའི་གསར་འགྱུར་བརྒྱུད་ལམ་ཁག་དང་གཞུང་དམངས་སུ་ཡིན་ན་ཡང་། ཛ་དྲག་གི་གནས་ཚུལ་བྱུང་དུས་དེ་ལ་དབྱེ་ཞིབ་ཡག་པོ་མ་བྱས་པར་ནོར་འཁྲུལ་མང་པོ་བཟོ་བཞིན་ཡོད་པ་དེས་ཁོ་ཚོར་འགོག་རྐྱེན་ཐེབས་ཀྱི་འདུག་ཟེར། དོན་དངོས་སུ་དེ་འདྲ་མིན་པར་བོད་མི་ཚོས་རང་གི་ཚེ་སྲོག་གིས་འགྲོ་གྲོན་གཏོང་པའི་སྐབས་དེར། ཕྱི་ཕྱོགས་ཀྱི་ང་ཚོའི་གསར་འགོད་པ་ཚོས་འགྲོ་ཐབས་འདུག་ཐབས་བྱེད་པ་དང་། ཡང་ན་གཞུང་ཞབས་ནས་སྨོན་ལམ་མཆོད་འབུལ་བྱེད་པ་ཙམ་མ་ཡིན་པར། དེའི་གནས་ཚུལ་དང་རྒྱབ་ལྗོངས་སོགས་ལ་ཞིབ་འཇུག་ཡག་པོ་ཞིག་བྱས་ནས་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་ཡག་པོ་ཞིག་བྱ་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད། དེ་མ་གཏོགས་དམིགས་བསལ་ཛ་དྲག་གི་གནས་སྟངས་ལ་གདོང་ལེན་བྱེད་པར་སྤྱི་འཐུས་ཤིག་ལ་ནུས་པ་ཡོད་པ་མ་རེད། ཡིན་ན་ཡང་། ད་ལོའི་སྐུའི་གྱ་སྟོན་དང་འདི་འདྲའི་ལས་ཀ་བྱེད་སྐབས། སོ་སོའི་ལྟ་ཚུལ་ཁ་ཤས་ཤིག་ཨུ་ཚུགས་ཀྱིས་བཤད་དུས་དེ་ལ་གང་འཚམ་ཞིག་ནས་རྒྱབ་སྐྱོར་འཐོབ་པའི་ནུས་པ་ཐོན་གྱི་འདུག དེ་ཡིན་དུས་མ་འོངས་པར་ང་སྤྱི་འཐུས་འཐོབ་པ་ཡིན་ན་ཡང་། སོ་སོས་ལས་འཆར་ཞིག་བཏོན་ནས་དེ་ལ་ཚང་མའི་རྒྱབ་སྐྱོར་མ་འཐོབ་པ་ཡིན་ནའང་། ཁ་ཤས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་གྲོས་ཚོགས་ནང་གླེང་སློང་བྱེད་པའི་གྲུབ་འབྲས་ཤིག་ཐོནའང་ཡག་པོ་རེད་བསམ་གྱི་ཡོད།

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༧ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༨ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese