(གྷན་དྷི་ཡི་རྣམ་དཔྱོད་) (The wisdom of Gandhi) ཅེས་པའི་བརྩམས་ཆས་ལས་བདམས། པདྨ་རྒྱལ་གྱིས་བསྒྱུར།
ཕྱིའི་རྒྱལ་ཁབ་ཅིག་ཡིན་ན་འདྲ། གཞན་མི་རིགས་ཤིག་ཡིན་ཡང་ཆོག “རང་སྲིད་རང་སྐྱོང”ཞེས་པ་དེ་སྲིད་གཞུང་གང་དེའི་སྒེར་གཅོད་དབང་བསྒྱུར་གྱི་འོག་ནས་རང་བདག་བརྩོན་ལེན་གནང་བར་གོ་ཡི་ཡོད། སྐྱེས་པ་དང་བུད་མེད་སུ་ཞིག་ཡིན་རུང་། གལ་སྲིད་ང་ཚོ་རང་དབང་གི་མི་རུ་འཚོ་མི་ནུས་ཚེ། ང་ཚོ“ཆོག་ཤེས”ཉི་ཚེ་བ་ཞིག་གི་ངང་ནས་གཏན་དུ་འཆི་ངེས་ཡིན། དཔྱོད་ཤེས་ཀྱིས་མ་བརྟག་མ་དཔྱད་པའི་དབང་གིས། མང་མོས་ཀྱི་ཁྲིམས་སྲོལ་ཞིག་གཏན་ནས་ཚུགས་ཐབས་ཡོད་པ་མ་རེད། མི་བུ་རིང་ཉིད་ཀྱི་བག་འཁུམ་གཞན་རྟེན་གྱི་རྐྱེན་པས་མ་གཏོགས། གནམ་འོག་འདིར་སྐྱེས་ཐོབ་ཀྱི་རང་དབང་ཤོར་བའི་མི་ཞིག་ཡོད་མི་སྲིད་པར་ང་ལ་ཡིད་ཆེས་ཡོད།
ང་ཚོས་ངན་པར་ལག་འབྲེལ་བྱས་པའི་ལན་པ་མ་གཏོགས། དབྱིན་ཇི་སྲིད་གཞུང་གི་དྲག་ཆས་ཁོ་ནས་ང་ཚོ་བྲན་དབང་དུ་བསྒྱུར་མི་སྲིད་ལ། ས་སྟེང་གི་སྒེར་གཅོད་དབང་སྒྱུར་ཇི་འདྲ་ཞིག་ཡིན་རུང་། ང་ཚོས་དེ་ལ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་བློ་ཐག་རྦད་ཆོད་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་གནང་བ་ལས་ལྷག་པའི་སྙིང་སྟོབས་ཤིག་གཞར་ཡང་མེད་ཅིང་། སྒེར་གཅོད་དབང་སྒྱུར་གྱི་སྟོབས་ཤུགས་ཇི་འདྲ་ཆེ་ཡང་། ང་ཚོས་རང་གི་བླ་སྲོག་ལ་ཐེབས་པའི་བརྡབ་གསིག་གི་འོ་དོད་ཙམ་ཡང་འབོད་མི་ནུས་ཚེ། ནམ་ཡིན་རུང་ང་ཚོ་རེ་བཅོལ་གྱི་ཡིད་རྟོན་འབའ་ཞིག་གི་ཀློང་ནས་ཁེར་རྐྱང་ལ་འཚོ་རྒྱུ་ལས་འོས་མེད།
ང་ཚོར་འཐོབ་པའི་ཕྱིའི་དངོས་པོའི་རང་དབང་དེ་ཏག་ཏག་ནང་བསམ་བློའི་རང་དབང་དང་དོ་སྙོམས་ཆགས་པ་ཡིན་ན། གནས་སྐབས་སུ་ང་ཚོ་རང་དབང་གིས་འཚོ་ཐུབ་ནའང་ཐང་མོད། བརྒྱ་ལ་འདི་ནི་རང་དབང་གི་ལྟ་ཚུལ་འཁྲུལ་མེད་ཅིག་ཡིན་དུ་ཆུགས་ཀྱང་། ང་ཚོས་ངེས་པར་དུ་ནང་བསམ་བློའི་གསར་བརྗེ་དམིགས་འབེན་དུ་འཛིན་དགོས་པ་གོར་མ་ཆག ངེས་པ་དོན་གྱི་འཚེ་མེད་དམངས་གཙོ་རིང་ལུགས་ནི། མི་བུ་རང་ཉིད་ཀྱི་རང་དབང་འགན་སྲུང་གནང་བར་གོ་ཡི་ཡོད་པས། ཐོག་མར་རང་གི་མེས་རྒྱལ་གྱི་རང་དབང་འགན་དུ་ལེན་པ་ནས། མཐར་གཏུགས་འགྲོ་བ་མིའི་རིགས་ཀྱི་རང་དབང་ལ་བརྩི་སྲུང་གནང་གི་ཡོད། དམངས་གཙོའི་ལམ་ལུགས་ལ་ངེས་ཤེས་འདྲོང་བ་དང་ལག་ལེན་དུ་བསྟར་རྒྱུ་ནི། འཛམ་གླིང་སྟེང་གི་ཆེས་རླབས་ཆེ་བའི་བྱ་གཞག་ཅིག་རེད་ཀྱང་། དམངས་གཙོའི་ལམ་ལུགས་ལ་རྨོངས་འཐོམ་དང་བག་ཟོན། ཞེན་ཕྱོགས་འཛིན་པ་ནི་རང་ཉིད་མུན་ནག་ཏུ་སྒྲིབ་བྱེད་དམ། རང་གི་སྲོག་གཅོད་ཀྱི་ཉེར་ལེན་དུ་འགྱུར་སྲིད།
བདག་གི་མེས་རྒྱལ་གྱི་དམངས་གཙོའི་ལམ་ལུགས་འོག་ཏུ། རྒྱལ་དམངས་གཉོམ་ཆུང་འཁོས་ཞན་དག་ལའང་བཙན་པོ་དབང་ཆེན་ཚོ་དང་ཁེ་དབང་འདྲ་མཉམ་དུ་འཐོབ་ཀྱི་ཡོད་ལ། དེ་ལྟའི་ཁེ་དབང་འདྲ་མཉམ་ནི་འཚེ་མེད་ཞི་བའི་ཐབས་ཁོ་ན་མ་གཏོགས་གཞན་གང་ལས་ཀྱང་འབྱུང་མི་ཐུབ།
ཁེ་དབང་གི་འབྱུང་ཁུངས་གཙོ་བོ“འགན་འཁྲི”ཡིན་ཞིང་། གལ་ཏེ་ང་ཚོས་རང་གི་འགན་འཁྲི་ཁུར་དུ་ལེན་ན། ང་ཚོས་རང་གི་སྐྱེས་ཐོབ་ཀྱི་ཁེ་དབང་དག་འཚོལ་ཞིང་སྙེག་པར་ཐག་མི་རིང་མོད། གལ་ཏེ་ང་ཚོས་རང་གི་གཡོལ་མེད་ཀྱི་འོས་འགན་རྨང་ནས་དོར་ཚེ། དེ་ནི་དུས་ནམ་ཡང་ཟིན་དུ་མེད་པའི་ཆོས་དངོས་ཤིག་དང་འདྲ་བར། ང་ཚོ་དེའི་རྗེས་སུ་ཇི་ཙམ་རྒྱུག་པ་དེ་སྲིད་དུ། དེ་ཡང་ང་ཚོ་དང་ཁད་ཇེ་རིང་ནས་ཇེ་རིང་དུ་གྱེས་འགྲོ་བ་རེད། ངེད་རང་ལ་མཚོན་ན། ཆབ་སྲིད་ཀྱི་དབང་ཤེད་ནི་དངོས་ནས་ཟློག་མཐའ་བྲལ་བ་ཞིག་རེད་ཀྱང་། མི་བུ་འཇོན་ཐང་ཅན་གྱི་བློ་བཀོད་ལ་བརྟེན་ནས་ད་གཟོད་སྤྱི་ཚོགས་འཚོ་བའི་གནས་བབ་ཇེ་ལེགས་ཇེ་རྒྱས་སུ་གཏོང་ཐུབ་པར་ཁོ་བོས་འདོད།
ཡང་དག་པའི་དམངས་གཙོའི་ལམ་ལུགས་ནི་འཚེ་མེད་ཞི་བའི་གྲུབ་འབྲས་ཁོ་ན་ཡིན་པར་ང་ལ་ཡིད་ཆེས་ཡོད། འཛམ་གླིང་སྟེང་གི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྒྲོམ་གཞི་དེ་ཡང་འཚེ་མེད་ཞི་བའི་རྨང་གཞི་ཁོ་ནའི་སྟེང་ནས་ཚུགས་ཐུབ་པ་ཡིན། དེ་མིན་དྲག་སྤྱོད་འཇིགས་སྐུལ་གྱི་སྦྱོར་བ་སྤེལ་ཚེ། འཇིག་རྟེན་སྟེང་གི་དཀའ་རྙོག་ཡོད་ཚད་སྣང་མེད་རྒྱ་ཡན་དུ་བསྐྱུར་བ་ལས་འོས་མེད།
བདག་གི་ཕུགས་འདུན་གང་ཡིན་ཞེ་ན། གྲངས་ཉུང་མི་རིགས་ཤིག་ཡིན་ནའང་འདྲ། ང་རང་ཚོའི་སྲིད་གཞུང་དེ་བཙན་ཤེད་སྒེར་གཅོད་ཀྱི་སྟེང་ནས་མ་ཡིན་པར། གསར་བརྗེ་བཅོས་སྒྱུར་གྱི་སྒོ་ནས་སྒྲིག་འཛུགས་ཐུབ་པའི་རེ་བ་ཡོད། དེ་ལས་ལྡོག་སྟེ། སྲིད་གཞུང་དེ་ཉིད་མི་རིགས་དཀར་པོའི་དམག་དཔུང་གིས་མི་རིགས་ནག་པོ་བྲན་ཁོལ་དུ་བསྒྱུར་བྱེད་ཅིག་ཡིན་ན་ནི། ང་ཚོར་མི་འདོད་པའི་བཙན་ཤེད་དང་དབང་སྒྱུར་གྱི་རྙོག་འཛིང་ཞིག་གཞར་ཡང་མི་མཁོ།
དེ་བས་ལེགས་ཉེས་ཀྱི་མཇུག་འབྲས་ཅི་ཞིག་འབྱུང་ཡང་། ང་ཚོ་མི་དམངས་བྱིངས་ཀྱིས་དེ་དོན་གལ་གནད་དུ་མ་བཟུང་ཚེ། ང་ཚོར་ཉི་མ་དེ་རིང་གི་ཆེས་ཡིད་སྐྱོ་བའི་གནས་སྟངས་འདི་ལས་སྡུག་ཅིག་མིན་ནའང་། ང་ཚོར་དེ་མཚུངས་ཀྱི་གཉའ་གནོན་བཙན་འཕྲོག་གི་སུན་གཙེར་གཏོང་ངེས་རེད།
ངས་མི་སྒེར་གྱི་རང་དབང་ལ་མཐོང་ཆེན་བྱེད་པའི་རྒྱུ་མཚན། མ་གཞི་ནས་མི་ཉིད་སྤྱི་ཚོགས་མཉམ་འབྲེལ་དང་ཁ་འབྲལ་ཐབས་མེད་པ་ཁྱེད་ཀྱིས་བརྗེད་མི་རུང་སྟེ། ཁོས་མི་སྒེར་གྱི་རང་དབང་རིང་ལུགས་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཧ་ཅང་འཚམ་པར་རྟོགས་ནས། ཁོ་ད་གཟོད་རང་ཉིད་ཀྱི་ད་ལྟའི་གནས་བབ་འོག་ཡར་འགྲེང་བ་ཡིན།
བཀག་སྡོམ་མེད་པའི་མི་སྒེར་གྱི་རང་དབང་རིང་ལུགས་ནི་གདོད་མའི་ནགས་ཚལ་གྱི་འཚོ་བའི་ཞལ་ལྕེ་ལེགས་པོ་ཞིག་ཡིན་ལ། ང་ཚོས་སྤྱི་ཚོགས་ཀྱི་བཀག་རྒྱ་དང་མི་སྒེར་གྱི་རང་དབང་བར་གྱི་རྩོད་རྙོག་ལ་མཐའ་གཅིག་ཏུ་རྒོལ་གཏམ་གཏོང་དགོས་པའི་ངེས་ཤེས་རྙེད་ཅིང་། ང་ཚོ་ཚང་མ་ཚོགས་སྡེ་གཅིག་གི་ཁོངས་མི་ཡིན་ཕྱིན། སྤྱི་ཚོགས་བྱིངས་ཀྱི་བདེ་དོན་སླད་དུ། ང་ཚོས་སྤྱི་ཚོགས་ཀྱི་བཀག་རྒྱར་བསམ་ཤེས་གུ་ཡངས་གནང་ནས། མི་སྒེར་དང་སྤྱི་ཚོགས་གང་ཡིན་རུང་། ཕྱོགས་གཉི་གའི་རང་དབང་དང་ཁེ་དབང་མཐོར་འདེགས་གཏོང་དགོས།
དེར་བརྟེན་བཟང་སྤྱོད་ཀྱི་གོམས་གཤིས་ནི་ཐུན་མོང་གི་བཟོད་སྒོམ་ཡིན་ཞིང་། མིའི་འཆར་རྟོག་མི་འདྲ་བའི་ཟུར་རེ་རེ་ནས། ང་ཚོས་དྲང་བདེན་གྱི་ཆག་གྲུམ་མང་པོ་ཞིག་མཐོང་གི་ཡོད་པ་རེད། སྤྱིར་བཏང་མི་ཚང་མའི“དཔྱོད་ཤེས”ཀྱི་བློ་མིག་མི་འདྲ་བའི་དབང་གིས། “དཔྱོད་ཤེས”ནི་མི་སྒེར་གྱི་ལྟ་སྤྱོད་ལེགས་ལམ་དུ་བཀྲི་བའི་སློབ་སྟོན་ལེགས་པོ་ཞིག་རེད་ཅེས། མིའི“དཔྱོད་ཤེས”རང་དབང་ལ་བརྟེན་ནས། འགྲོ་བ་མི་ཚང་མའི་སྟེང་ལ་མི་འདོད་བཞིན་དུ་དེ་འདྲའི་བསམ་སྤྱོད་ཞིག་བཙན་འགེལ་བྱེད་པ་ནི་ངོ་མ་བཟོད་དཀའ་བའི་ཇུས་གཏོགས་རིགས་ཤིག་ལོས་ཡིན།