ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཝ་རན་ཨེན་ཇི་ལགས་ཀྱིས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་དེ་རྒྱལ་སྤྱི་དང་ཨེ་ཤ་ཡའི་དཔལ་འབྱོར་དང་ཐོན་ཁུངས་སོགས་ལ་གལ་གནད་གང་འདྲ་ཆགས་ཡོད་མེད་ཤེས་རྟོགས་ཐུབ་མཁན་ཉུང་ཉུང་ཡིན་སྐོར་གསུངས་འདུག
ཨོ་སི་ཀྲོ་ལི་ཡའི་བོད་དོན་ལས་འགུལ་ལྷན་ཁང་གིས་འདི་གར་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཐོག་ཨོ་སི་ཀྲོ་ལི་ཡའི་རྒྱལ་ས་ཁེན་བྷེ་རའི་གྲོས་ཚོགས་གོང་འོག་གི་ཚོགས་ཁང་དུ། ཨོ་སི་ཀྲོ་ལི་ཡའི་བོད་དོན་ལས་འགུལ་ལྷན་ཁང་(Australia Tibet Council) དང་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག གྲོས་ཚོགས་གོང་འོག་གི་འཐུས་མི་དང་ལྗང་གུ་ཚོགས་པ། གཞུང་གི་གནད་ཡོད་མི་སྣ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་བཅས་ལ་བོད་ཀྱི་ཁོར་ཡུག་གནས་བབ་སྐོར་གྱི་སྙན་ཐོ་ཞིག་དབུ་འབྱེད་དང་འབྲེལ་དྲི་བ་དྲིས་ལན་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་འདུག
བགྲོ་གླེང་ཐོག་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཝ་རན་ཨེན་ཇི་ (Warren Entsch) ལགས་ཀྱིས། ཚོགས་འདུའི་དམིགས་ཡུལ་དང་བོད་ཀྱི་ཁོར་ཡུག་སྐོར་གྱི་སྙན་ཐོ་འདོན་དགོས་དོན་སྐོར་ངོ་སྤྲོད་གནང་སྐབས། ད་བར་རྒྱལ་སྤྱི་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡོད་མེད་ཐད་ཤེས་རྟོགས་གང་འཚམ་ཡོད་ཀྱང་། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་དེ་རྒྱལ་སྤྱི་དང་ཨེ་ཤ་ཡའི་དཔལ་འབྱོར་དང་ཐོན་ཁུངས་སོགས་ལ་གལ་གནད་གང་འདྲ་ཆགས་ཡོད་མེད་ཤེས་རྟོགས་ཐུབ་མཁན་ཉུང་ཉུང་ཡིན་པས། དེ་རིང་དབུ་འབྱེད་གནང་བའི་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་སྙན་ཐོ་འདིས། རྒྱལ་སྤྱི་དང་ཨེ་ཤ་ཡ། དམིགས་བསལ་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་པས་མཁྱེན་རྟོགས་དང་འགན་ལེན་ངེས་པར་དུ་བྱེད་དགོས་པ་ཞིག་ཆགས་ཡོད་སྟབས། བགྲོ་གླེང་ཚོགས་འདུ་འདི་གོ་སྒྲིག་བྱས་པ་ཡིན། ཞེས་གསུངས་འདུག
དེ་རྗེས་ཨོ་སི་ཀྲོ་ལི་ཡའི་བོད་དོན་ལས་འགུལ་ལྷན་ཁང་གི་འགན་འཛིན་དང་ཨེ་ཤ་ཡའི་བོད་མིའི་སྤྱི་འཐུས་འོས་མི་གདོང་འདུད་སྐྱིད་འཛོམས་ལགས་ཀྱིས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྐོར་ལ་ཉམས་ཞིབ་ཀྱི་སྙན་ཐོ་འདི། གྲོས་ཚོགས་འཐུས་མི་རྣམ་པར་སྙན་གསེང་ཞུ་དགོས་དོན་ནི། བོད་ཀྱི་གནས་བབ་དེ་རྒྱལ་སྤྱིའི་ཐོག་རང་བཞིན་གྱིས་གལ་གནད་ཆེན་པོ་ཆགས་ཡོད་པ་རེད། གང་ཡིན་ཟེར་ན། བོད་ཀྱི་ཁོར་ཡུག་གི་གནས་བབ་དེ་བོད་མི་ཙམ་མ་ཡིན་པར་རྒྱལ་སྤྱི་དང་། དམིགས་བསལ་ཨེ་ཤ་ཡའི་རྒྱལ་ཁབ་བཅུ་གཅིག་ལྷག་གི་མི་འབོར་དུང་ཕྱུར་གཅིག་དང་ཕྱེད་ཀ་ལྷག་གི་འཚོ་བའི་རྟེན་གཞི་ཁོ་ན་ཆགས་ཡོད་པ་མ་ཟད། སྐྱེ་དངོས་སྣ་ཚོགས་ཀྱི་འབྱུང་ཁུངས་ཆེ་ཤོས་ཤིག་ཀྱང་ཆགས་ཡོད། ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་མི་འབོར་ས་ཡ་མང་པོའི་ཆུའི་དགོས་མཁོ་ནི་བོད་ཀྱི་འཁྱགས་རོམ་དང་གཏན་ཆགས་འཁྱགས་རོམ་གྱི་བཞུར་རྒྱུན་ལ་ཐུག་ཡོད། དཔེར་ན། རྒྱ་གར་དང་། རྒྱ་ནག འབར་མ། ཝེ་ཋི་ནམ། ལའོ་སི། ཀོམ་བྷོ་ཌི་ཡ། བྷཱང་ལཱ་དྷེ་ཤི། པ་ཀི་སིན་བཅས་མི་འབོར་མང་ཞིང་འཕེལ་རྒྱས་མྱུར་བའི་ཡུལ་གྲུ་ཁག་གི་དབར་ཆུའི་གནད་དོན་ཐད་དཀའ་ངལ་དང་དངངས་འཚབ་དུ་མ་འབྱུང་བཞིན་ཡོད་ལ། འབྱུང་ཁུངས་བོད་ནས་ཡིན་པའི་གཙང་པོ་དང་རྒྱུག་ཆུ་ཁག་ལ་རྒྱ་གཞུང་གིས་ཆུ་མཛོད་འཛུགས་སྐྲུན་བྱེད་པ་དང་། སྦག་བཙོག་བཟོས་པ། རྒྱུག་ཆུའི་ཁ་ཕྱོགས་བསྒྱུར་བ་བཅས་ཀྱིས་ཡུལ་གྲུ་འདི་དག་ཏུ་ཛ་དྲག་གི་དཀའ་རྙོག་མང་པོ་བཟོས་དང་བཟོ་བཞིན་པ་མ་ཟད། འདས་པའི་ལོ་ངོ་ ༤༠ རིང་གི་འཁྱགས་རོམ་བརྒྱ་ཆ་ ༢༠ ཙམ་བྲི་ཟིན་པས་གལ་སྲིད་ད་ལྟའི་འཁྱགས་རོམ་གྱི་བྲི་ཚད་མུ་མཐུད་ཕྱིན་ན། མ་འོངས་ལོ་ངོ་ ༤༠ ནང་འཁྱགས་རོམ་བརྒྱ་ཆ་ ༦༠ ཙམ་ཤུལ་མེད་དུ་འགྲོ་ངེས་ཡིན་པ་མ་ཟད། ཨེ་ཤ་ཡའི་ཡུལ་གྲུ་དུ་མར་ཛ་དྲག་གི་དཀའ་རྙོག་ཆེན་པོ་ཞིག་འཕྲད་རྒྱུའི་ཉེན་ཁ་ཡོད། ཅེས་དང་།
ཁོང་མོས་བོད་ཀྱི་ཆུ་བོ་ཁག་ནི་ཨེ་ཤ་ཡའི་མི་རིགས་ཀྱི་འཚོ་རྟེན་ཡིན་སྐོར་བརྗོད་དོན། ཨེ་ཤ་ཡའི་མི་མང་གི་འཐུང་ཆུའི་གསོག་ཉར་ཆེ་ཤོས་ནི་སེང་གེ་ཁ་འབབ་དང་། ཡར་ཀླུང་གཙང་པོ། རྫ་ཆུ། འབྲི་ཆུ། རྨ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཡིན་པ་ཙམ་མ་ཟད། འཛམ་གླིང་གི་མི་འབོར་བརྒྱ་ཆ་ ༥༠ ཙམ་གྱི་ཆུའི་དགོས་མཁོ་ཕལ་མོ་ཆེ་བསྐྲུན་གྱིན་ཡོད་སྟབས། བོད་ཀྱི་གནད་དོན་དེ་ཆབ་སྲིད་རྐྱང་པའི་གནད་དོན་ཞིག་མ་ཡིན་པར་དུས་རབས་འདིའི་ཁོར་ཡུག་གི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད། དེར་བརྟེན། བོད་ལ་ཉེ་དུས་གོ་ལའི་སྣེ་མོ་གསུམ་པ་དང་ཨེ་ཤ་ཡའི་ཆུ་མཛོད་ཅེས་པའི་མིང་བཏགས་པ་དེས། བོད་ཀྱི་གངས་རི་དང་ཆུའི་འབྱུང་ཁུངས་རྣམས་ཀྱི་རིན་ཐང་གང་འདྲ་ཡིན་མིན་འགྲེལ་བརྗོད་གསལ་བོ་བྱས་ཡོད་སྟབས། དོན་ཚན་ལྔའི་སྒོ་ནས་འདིར་ཕེབས་པའི་འཐུས་མི་རྣམ་པར་རེ་སྐུལ་ཤུགས་དྲགས་བྱེད་བཞིན་ཡོད།
དང་པོ། རྒྱ་གཞུང་གིས་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་དུ་གྲོས་མོལ་མགྱོགས་མྱུར་ཡོང་ཐབས་སུ་ཤུགས་སྣོན་རྒྱག་རོགས། གཉིས་པ། བོད་ནང་གི་བོད་མིའི་དཀའ་ངལ་དངོས་ལ་ཞིབ་འཇུག་ཡོང་ཐབས་སུ་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གཏོང་ཐབས་ལ་འབད་རོགས། གསུམ་པ། རྒྱ་གཞུང་གིས་བོད་ཀྱི་གཏེར་ཁ་མང་པོ་སྔོག་འདོན་མཚམས་འཇོག་ཡོང་ཐབས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རོགས་སྐྱོར་གནང་རོགས། བཞི་པ། བོད་ཀྱི་འབྲོག་སྡེ་རྣམས་ཀྱི་འཚོ་བ་གྲོང་ཁྱེར་ཅན་དུ་བསྒྱུར་བཞིན་པ་དེ་མཚམས་འཇོག་ཡོང་ཐབས་ལ་འབད་རོགས། ལྔ་པ། བོད་ཀྱི་ཁོར་ཡུག་དང་གནམ་གཤིས། གཙང་པོ་རྣམས་རྒྱ་གཞུང་གིས་གང་འདོད་བེད་སྤྱོད་བཏང་དང་གཏོང་བཞིན་པ་དེ་བོད་མི་རང་ཉིད་ལ་བདག་དབང་ཡོང་ཐབས་སུ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་ཡོད་པ་རེད།
རྩོམ་པ་པོ་རྨེའུ་དཀོན་རྒྱམ་ལགས་ཀྱིས་རྒྱ་གཞུང་གིས་ཁོང་གི་མི་ཐོག་གསུམ་ལ་དཀའ་ངལ་བཟོས་ཡོད་སྐོར་གཏམ་བཤད་བྱེད་སྐབས། ངའི་ཁྱིམ་ཚང་ནི་རྔ་བ་རྫོང་གི་འབྲོག་སྡེ་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་ཟེར་བ་དེ་ཡིན། ངའི་སྤོ་བོ་དགེ་པད་ལིར་རྒྱ་གཞུང་གིས་༡༩༦༩ལོར་ལོ་དགུའི་ཁྲིམས་ཐག་བཅད་དེ་བཙོན་ཁང་ནང་གྲོངས། དེ་མཚུངས་ངའི་རྨོ་མོ་བསོད་ནམས་སྐྱིད་ལ་ནག་ཉེས་ཆེ་བའི་ཞྭ་མོ་ཅན་གྱི་མིང་ཞིག་བཏགས་ནས་གཅར་རྡུང་དྲག་པོའི་ཁྲོད་ནས་འདས་གྲོངས་སུ་གྱུར། དེ་ནས་ངའི་ཕ་རྒན་དགེ་རིག་ལ་ཕྱི་ལོ་ ༡༩༩༨ ལོར་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་སྐབས་ངོ་རྒོལ་གྱི་སྦྱར་ཡིག་བཀྲམས་པའི་ཉེས་མིང་འོག་ཟླ་བ་གཅིག་ལྷག་ལ་གཅར་རྡུང་བཙོན་འཇུག་ཐེངས་དང་པོ་དེ་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ བོད་གནས་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་གཅར་རྡུང་བཙོན་འཇུག་ཐེངས་གཉིས་པ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༡ རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཕུན་ཚོགས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་བའི་སྐོར་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་གཅིག་ལྷག་གི་བཙོན་འཇུག་ཐེངས་གསུམ་པ་དེ་བྱས་པ་རེད། དེའི་སྐབས་སུ་ངའི་ཨ་མ་དོན་ཁོ་ཉིན་ཤས་རིང་གཅར་རྡུང་དང་བཀག་ཉར་བྱས་སོང་ལ། དུས་མཚུངས་ངའི་སྲིང་མོ་མེ་ཏོག་ལྷ་མོ་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། གཅར་རྡུང་དྲག་པོ་བྱས་ཏེ་ད་ལྟ་ཀླད་པ་སྐྱོན་ཅན་དུ་གྱུར་ཡོད། ཕྱི་ལོ་ ༢༠༡༣ ལོར་ངའི་ཕ་ཡུལ་རྨེའུ་རུ་མ་ནས་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་དུས། ངའི་ཕ་མ་གཅིག་གི་སྲིང་མོ་སྒྲོལ་མ་མཚོས་ཁོང་གི་སྐུ་ཕུང་རླངས་འཁོར་ནང་དུ་འཇོག་རོགས་བྱས་པ་སོགས་ཀྱི་དོགས་གཞིའི་འོག རྒྱ་གཞུང་གིས་བཙན་བཟུང་བྱས་ཏེ་ལོ་གསུམ་གྱི་ཁྲིམས་ཐག་བཅད་དེ་ད་ལྟ་རྒྱ་གཞུང་གི་བཙོན་ཁང་ནང་དུ་ཡོད། མདོར་ན་རྒྱ་གཞུང་གིས་ངའི་ནང་མི་གཉེན་འབྲེལ་སེར་སྐྱ་ཕོ་མོ་བཅུ་གཉིས་ལ་གཅར་རྡུང་དང་བཙོན་འཇུག གར་སོང་ཆ་མེད། ཉེས་མེད་ཁྲིམས་ཐག་བཅད་པ་སོགས་བྱས་སོང་། ཞེས་བརྗོད་འདུག
མཇུག་ཏུ་ཨོ་སི་ཀྲོ་ལོ་ཡའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་ཀྱི་དྲི་བ་རྣམས་ལ་ལན་འདེབས་བྱས་རྗེས། ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཝ་རན་ཨེན་ཇི་ (Warren Entsch) ལགས་ཀྱིས་རེ་སྐུལ་དོན་ཚན་ལྔ་ལ་རྒྱབ་སྐྱོར་གཙང་མ་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་མ་ཟད། རྨེའུ་དཀོན་རྒྱམ་ལགས་ཀྱི་ནང་མིའི་གནས་བབ་ལ་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་གསུངས་ཡོད་འདུག
གསར་འགོད་པ། དོན་གྲུབ།