མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་ཨང་ ༡༧ པར་མེ་ཤུགས་འཕུར་མདས་གཏོར་སྐྱོན་བཏང་ཡོད་པའི་མཐའ་མའི་ཞིབ་འཇུག་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་འདུག
རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཧོ་ལན་ཌིའི་ཉེས་དོན་རྟོག་ཞིབ་ཚན་པས་ (DSB) ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༧ ཚེས་ ༡༧ ཉིན་མ་ལེ་ཞེ་ཡའི་འགྲུལ་སྐྱེལ་གནམ་གྲུ་ཨང་ ༡༧ པ་ཡུ་ཁུ་རེན་གྱི་ཤར་རྒྱུད་གྷོར་བྷོ་ཝ་ (Grobovo) ཞེས་པར་བརྡབ་སྐྱོན་བྱུང་བའི་སྐོར་གྱི་མཐའ་མའི་ཞིབ་འཇུག་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་ཏེ། མེ་ཤུགས་འཕུར་མདས་འགྲུལ་སྐྱེལ་གནམ་གྲུ་དེར་གཏོར་སྐྱོན་བཏང་ཡོད་པ་ར་སྤྲོད་བྱས་ཡོད་པ་དང་། འགྲུལ་སྐྱེལ་གནམ་གྲུ་དེའི་ནང་ཡོད་པའི་འགྲུལ་བ་ ༢༩༨ ཡོད་པ་ཚང་མ་རྐྱེན་འདས་སུ་ཕྱིན་ཡོད་འདུག
ཧོ་ལན་ཌིའི་ཉེས་དོན་རྟོག་ཞིབ་ཚན་པའི་ཚོགས་གཙོ་སྐུ་ཞབས་ཇའོ་སི་ཊི་ར་ (Joustra) ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་ཨང་ ༡༧ པ་གཏོར་བྱེད་ཀྱི་མེ་ཤུགས་འཕུར་མདའ་འཕེན་ས་དེ། ཨུ་རུ་སུའི་གྱེན་ལོག་ཤོག་ཁག་གི་བརྟེན་གཞི་གཙོ་བོ་ཡིན་སྐོར་བརྗོད་ཡོད་པ་མ་ཟད། ད་དུང་ཨུ་རུ་སུའི་གྱེན་ལོག་ཤོག་ཁག་གི་བརྟེན་གཞི་ཁག་པར་དུ་བླངས་ནས་འགྲེམ་སྤེལ་ཡང་བྱས་ཡོད་འདུག
དེ་བཞིན། ཡུ་ཁུ་རེན་སྲིད་གཞུང་དང་ནུབ་གླིང་རྒྱལ་ཁབ་ཁག་ཅིག་གི་དཔོན་རིགས་ཚོས། འགྲུལ་སྐྱེལ་གནམ་གྲུ་གཏོར་བྱེད་ཀྱི་མེ་ཤུགས་འཕུར་མདའ་དེ་ཨུ་རུ་སུ་ནས་ཡུ་ཁུ་རེན་གྱི་ཉེ་འདབས་སུ་སྡོད་པའི་གྱེན་ལོག་ཤོག་ཁག་གི་བརྟེན་གཞིར་ཁྱེར་ཡོང་བ་ཞིག་ཡིན་སྐོར་ཡང་བརྗོད་འདུག
ལོ་སྔོན་མའི་ཕྱི་ཟླ་ ༧ ཚེས་ ༡༧ ཉིན་ཧོ་ལན་ཌི་ནས་མ་ལེ་ཞི་ཡར་སྐྱོད་པའི་འགྲུལ་སྐྱེལ་གནམ་གྲུ་དེ་ཨུ་རུ་སུའི་གཞུང་དམག་དང་ཁ་བྲལ་ཤོག་ཁག་གཉིས་བར་ཟིང་འཁྲུག་ལངས་ས་ཡུ་ཁུ་རེན་གྱི་ཤར་རྒྱུད་གྷོར་བྷོ་ཝ་ (Grobovo) ཞེས་པར་བརྡབ་སྐྱོན་བྱུང་ཡོད་པ་དང་། གནམ་གྲུའི་ནང་གི་འགྲུལ་བ་ ༢༩༨ རྐྱེན་འདས་སུ་ཕྱིན་པའི་གྲས་ཀྱི་མི་ ༡༩༦ ཧོ་ལན་ཌི་ནས་ཡིན་ཞིང་། དེ་མིན་གཞན་རྣམས་རྒྱལ་ཁབ་ཁག་མི་འདྲ་བ་ ༡༠ ཙམ་ནས་ཡིན་པ་དང་། ཉེ་ལམ་ཡུ་ཁུ་རེན་དང་ནུབ་གླིང་རྒྱལ་ཁབ་ཁག་ཅིག་གིས། མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་གཏོར་མཁན་ཨུ་རུ་སུའི་གྱེན་ལོག་ཤོག་ཁག་ཡིན་སྐོར་བརྗོད་ཡོད་ཀྱང་། ཨུ་རུ་སུའི་གཞུང་གིས་གནམ་གྲུ་གཏོར་མཁན་ཡུ་ཁུ་རེན་གྱི་དྲག་པོའི་དམག་དཔུང་ཡིན་ལུགས་བརྗོད་ཀྱི་ཡོད་པ་རེད། ཡིན་ནའང་། སྐབས་དེར་ཡུ་ཁུ་རེན་གྱི་ཤར་ཕྱོགས་མཁའ་ལམ་བཀག་སྡོམ་བྱས་ཡོད་སྟབས། མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་གཏོར་བྱེད་ཀྱི་མེ་ཤུགས་འཕུར་མདའ་འཕེན་མཁན་སུ་ཡིན་མིན་གསལ་བོར་ཤེས་རྟོགས་ཐུབ་མེད་པ་རེད།
གསར་འགོད་པ། པདྨ་རྒྱལ།