ཟླ་རྗེས་མའི་ནང་འབར་མའི་ནང་རང་དབང་གུ་ཡངས་ཀྱི་རྒྱལ་ཡོངས་འོས་བསྡུ་ཞིག་གནང་འཆར་ཡོད་ཀྱང་གཞུང་ཕྱོགས་ནས་འོས་བསྡུ་དེ་ལ་དོ་སྣང་དང་རོགས་འདེགས་བྱེད་ཀྱི་མེད་པའི་རྣམ་པ་ཐོན་ཡོད་འདུག
ཁ་སང་ཕྱི་དྲོར་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་རྗེས་མའི་ཕྱི་ཚེས་ ༨ ཉིན་འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་གནང་རྒྱུ་ཡིན་པ་དང་། དེ་ནི་འདས་པའི་མི་ལོ་ ༢༥ རིང་གི་ཆེས་ཐོག་མའི་རང་དབང་དང་དྲང་བདེན་གྱི་སྒོ་ནས་ཚུགས་པའི་འོས་བསྡུ་དེ་ཡིན་སྐོར་དང་། རྒྱལ་ཁབ་ཕྱི་ནང་གི་འབར་མའི་མི་སེར་ས་ཡ་ ༤ ལྷག་ཐེངས་འདིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་ཞུགས་ཐུབ་ཀྱི་མེད་སྐོར་འཁོད་འདུག
འབར་མའི་རྒྱལ་ནང་དུ་ཡུལ་མི་ལོ་ན་ ༣༣ ལ་སོན་པ་མང་ཤོས་ཕྱིའི་མཚོ་ཁུལ་ཁག་ཏུ་ཉ་འཛིན་གྱི་འཚོ་བ་སྐྱེལ་བཞིན་ཡོད་སྟབས། ད་རེབ་རྒྱལ་ཡོངས་འོས་བསྡུའི་ནང་ཞུགས་པར་དེབ་སྐྱེལ་བྱེད་ཐབས་མེད་པ་དང་། ལྷག་པར་རྒྱལ་ནང་དུ་ལང་གིན་པའི་ཟིང་འཁྲུག་གི་བརྡབ་གསིག་ཁྲོད། འབར་མའི་དམག་གཞུང་གིས་ད་རེབ་རྒྱལ་ཡོངས་འོས་བསྡུའི་ནང་ཞུགས་པ་དེ་ནོར་འཁྲུལ་ཡིན་ལུགས་སོགས་དངོས་ཤུགས་བརྒྱུད་གསུམ་ནས་མི་མང་ལ་འཇིགས་སྐུལ་སློང་བ་དང་འོས་བསྡུའི་གནས་ཚུལ་ལོག་འགྲེལ་བྱེད་ཀྱིན་ཡོད་སྟབས། ཡུལ་མི་མང་པོ་ཞིག་རང་ཤུགས་ཀྱིས་རྒྱལ་ཡོངས་འོས་བསྡུའི་ནང་ཞུགས་འདོད་མེད་པར་ཕྱིར་འཐེན་གནང་གི་ཡོད་འདུག
མིང་ལ་ཊུན་ལེན་ (Tun Lin) ཟེར་བའི་འབར་མའི་ཡུལ་མི་ཞིག་གིས། འབར་མའི་གཞུང་གིས་རྒྱལ་ཡོངས་དམངས་གཙོ་མནའ་མཐུན་ཚོགས་པར་ (NLD) རྒྱལ་ཁ་འཐོབ་སྲིད་པར་ཞེད་ཀྱི་ཡོད་སྟབས། ཁོ་ཚོས་ང་ཚོ་མང་ཚོགས་ལ་དོ་སྣང་བྱེད་ཀྱི་ཡོད་པ་མ་རེད། གནད་དོན་དེས་ང་ཚོ་མང་ཚོགས་ཀྱི་འོས་བསྡུའི་ཁེ་ཐོབ་ལ་སྔོན་འགོག་བྱེད་ཀྱི་ཡོད་ལྟ་བུ་ཆགས་ཡོད། ཅེས་སོགས་བརྗོད་འདུག
ཨེ་ཤ་ཡའི་ནང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ (HRWA) ཚོགས་གཙོ་གཞོན་པ་ཧྥེལ་རའོ་བྷིར་ཊི་སོན་ (Phil Robertson) ལགས་ཀྱིས། ངས་བསམ་ན། འབར་མའི་སྲིད་གཞུང་གིས་འཛམ་གླིང་ཡུལ་ལུང་གང་སར་ཁ་འཐོར་དུ་གྱར་བའི་མི་སེར་བྱིངས་ད་རེས་རྒྱལ་ཡོངས་འོས་བསྡུའི་ནང་ཞུགས་རྒྱུར་འབད་བརྩོན་བྱེད་ཀྱི་མེད་པ་དང་། འོས་བསྡུའི་སྒྲིག་གཞིས་ཀྱང་མི་མང་རྒྱལ་ཡོངས་འོས་བསྡུར་ཞུགས་དགོས་པའི་སྐུལ་འདེད་གཏོང་གི་མེད་པ་དེས། དངོས་ཤུགས་བརྒྱུད་གསུམ་ནས་མི་མང་གི་འོས་བསྡུའི་ཁེ་དབང་ལ་རྩིས་མེད་གཏོང་གི་འདུག ཅེས་བརྗོད་འདུག
༢༠༡༡ ལོར་འབར་མའི་དམག་གཞུང་གིས་སྲིད་དབང་སྒེར་འཛིན་བྱས་པ་ནས་བཟུང་འབར་མའི་རྒྱལ་དམངས་གཉིས་ཁ་འཐོར་འགྲོ་བཞིན་པ་བསྐྱར་གསོ་དང་བཅོས་བསྒྱུར་གྱི་ལམ་ནས། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༨ ཉིན་སྔོན་འགྲོའི་འོས་བསྡུ་བྱ་རྒྱུ་ཡིན་པ་ལྟར། འབར་མའི་དམག་གཞུང་གི་ཕྱོགས་གཏོགས་འབར་མའི་ཆིག་སྒྲིལ་ཡར་ཐོན་ཚོགས་པ་ (USDP)ཡིས་ཐེངས་འདིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་དུ་ལྕམ་ཨང་སིན་སུའུ་ཀེ་ཡིས་དབུ་འཁྲིད་པའི་རྒྱལ་ཡོངས་དམངས་གཙོ་མནའ་མཐུན་ཚོགས་པར་རྒྱལ་ཁ་འཐོབ་སྲིད་པར་ངོས་འཛིན་གནང་གི་ཡོད་པ་དང་། ༡༩༩༠ ལོའི་འབར་མའི་རྒྱལ་ཡོངས་འོས་བསྡུའི་སྐབས་སུ་དམངས་གཙོ་ཚོགས་པ་འདི་ལ་མང་མོས་རྒྱལ་ཁ་ཐོབ་ཡོད་ཀྱང་། འབར་མའི་དམག་གཞུང་གིས་དེ་ལ་ངོས་ལེན་བྱས་ཡོད་པ་མ་རེད།
འདས་པའི་དུས་རབས་ཕྱེད་ལྷག་ཙམ་རིང་འབར་མའི་དམག་གཞུང་གི་དབང་སྒྱུར་ལམ་ལུགས་འོག འབར་མའི་རྒྱལ་དམངས་གཉིས་ལ་འོས་བསྡུའི་འཛིན་སྐྱོང་དང་གོ་སྒྲིག་ཞུ་ཕྱོགས་ཐད་ཉམས་མྱོང་གང་འཚམ་ཐོབ་ཡོད་ཀྱང་། དམག་གཞུང་གི་དབང་སྒྱུར་ལ་སྟོབས་ཤུགས་ཆེ་སྟབས། གྲོས་ཚོགས་གོང་འོག་གི་རྐུབ་སྟེགས་བཞི་ཆའི་གཅིག་ལྷག་དམག་གཞུང་གིས་བཟུང་སྟེ། སྤྱི་དམངས་ཀྱི་ཁྲིམས་མཐུན་འོས་བསྡུའི་ཁེ་དབང་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་དང་། འདི་ཟླའི་རེས་གཟའ་སྔོན་མར་འབར་མའི་དབུས་འོས་བསྡུ་ལྷན་ཚོགས་ (UEC) ཀྱི་ཚོགས་གཙོ་ཊེན་ཨ་ཡེ་ (Tin Aye) ཟེར་བ་དེས། འབར་མའི་རྒྱལ་ནང་གི་ཆབ་སྲིད་ཤོག་ཁག་མང་ཆེ་བར་འབོད་འགུག་བྱས་ཏེ། ཉེ་ལམ་ནས་རྒྱལ་ནང་གི་མི་སེར་ཕྱི་ཡུལ་དུ་འགྲོ་བཞིན་ཡོད་སྟབས། ད་རེབ་འབར་མའི་རྒྱལ་ཡོངས་བསྡུ་ཆེན་མོ་ཕྱིར་འགྱང་དགོས་སྐོར་གྱི་བསམ་ཚུལ་ཡང་བཏོན་ཡོད་པ་རེད།
གསར་འགོད་པ། པདྨ་རྒྱལ།