ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ ལོའི་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ཁྱོན་ལས་བྱེད་གསར་པ་ ༢༤༤ ཡར་འཇུག་གནང་ཡོད་པ་དང་ལས་བྱེད་ ༨༧ གྱིས་རྩ་དགོངས་ཞུས་ཡོད་འདུག
གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ནང་ཕྱི་ལོ་ ༢༠༡༡ ནས་ ༢༠༡༢ བར་ལས་བྱེད་གསར་པ་ ༥༤ ཡར་འཇུག་དང་ལས་བྱེད་ ༡༡ གིས་རྩ་དགོངས་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ནས་ ༢༠༡༣ བར་ལས་བྱེད་གསར་འཇུག་ ༣༤ དང་རྩ་དགོངས་ཞུ་མཁན་ ༡༠། ཕྱི་ལོ་ ༢༠༡༣ ནས་ ༢༠༡༤ བར་ལས་བྱེད་གསར་འཇུག་ ༤༨ དང་རྩ་དགོངས་ཞུ་མཁན་ ༢༣། ཕྱི་ལོ་ ༢༠༡༤ ནས་ ༢༠༡༥ བར་ལས་བྱེད་གསར་པ་ ༢༡ དང་རྩ་དགོངས་ཞུ་མཁན་ ༣༠། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༦ ཉིན་གྱི་བར་ལས་བྱེད་གསར་པ་ ༨༧ ཡར་འཇུག་དང་ ༡༣ གྱིས་རྩ་དགོངས་ཞུས་ཡོད་པ་བཅས། ༢༠༡༡ ལོ་ནས་ ༢༠༡༥ ལོའི་བར་ཁྱོན་ལས་བྱེད་གསར་པ་ ༢༤༤ ཡར་འཇུག་གནང་ཡོད་པ་དང་། ལས་བྱེད་པ་ ༨༧ གྱིས་རྩ་དགོངས་ཞུས་ཡོད་འདུག
ཁ་སང་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་མི་འགྱུར་རྡོ་རྗེ་ལགས་སུ། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ལས་བྱེད་ནང་ལོ་ལྟར་རྩ་དགོངས་ཞུས་ནས་ཐོན་འགྲོ་མཁན་མང་པོ་ཡོང་གི་ཡོད་པ་དེ་དག་རྒྱུ་མཚན་ག་འདྲ་ཞིག་གི་འོག་ནས་རྩ་དགོངས་ཞུ་བཞིན་ཡོད་མེད་དྲིས་པར་ཁོང་གིས། ང་ཚོའི་ལས་བྱེད་ཀྱི་བླང་དོར་སྒྲིག་གཞིའི་ནང་དགོངས་པ་ཞུ་བའི་ཆ་རྐྱེན་དེ་གཅིག་རང་མ་གཏོགས་མེད་སྟབས། ལས་བྱེད་པ་སོ་སོར་དགོངས་པ་བཞེས་ཕྱོགས་ག་རེ་བྱུང་བ་རྣམས་ང་ཚོས་ཚོད་དཔག་ཞུ་ཐུབ་རྒྱུ་ཁག་པོ་ཞེ་དྲགས་རེད། སྒྲིག་གཞིའི་ནང་སོ་སོ་སྒེར་གྱི་དཀའ་ངལ་ཞིག་བྱུང་བ་ཡིན་ན་རྩ་དགོངས་ཞུ་ཆོག་གི་རེད་ཅེས་གསལ་ཡོད་སྟབས། ལས་བྱེད་སུ་ཞིག་གིས་རྩ་དགོངས་ཀྱི་སྙན་ཞུ་བཏང་ཡོང་སྐབས། སྒེར་གྱི་དཀའ་ངལ་སེལ་ཐབས་སུ་རྩ་དགོངས་ཞུ་ཡི་ཡོད་ཅེས་བཀོད་པ་མ་གཏོགས་ཐབས་ལམ་གཞན་བརྒྱུད་དེ་རྩ་དགོངས་ཞུ་པའི་ལམ་ཀ་ཡོད་པ་མ་རེད། གཞི་རྩའི་རྒྱུ་མཚན་མང་པོ་ཡོད་སྲིད་པ་རེད་དེ་ཡིག་ཆའི་ཐོག་ནས་རྟོགས་ཐུབ་པ་ཡོད་པ་མ་རེད། ཡིན་ནའང་འདི་ལྟར་བལྟས་པ་ཡིན་ན། རྩ་དགོངས་ཞུ་མཁན་མང་ཆེ་བར་ཕྱི་རྒྱལ་ཁག་ཏུ་འགྲོ་བའི་གོ་སྐབས་བྱུང་བ་དང་། ལྷག་པར་དུ་གཉེན་སྒྲིག་བྱས་ནས་ཕྱི་རྒྱལ་དུ་འགྲོ་མཁན་མང་པོ་འདུག ཡིན་ནའང་ཚང་མ་དེ་འདྲ་མ་རེད། རྒྱུ་རྐྱེན་གཞན་གྱི་ཐོག་ནས་རྩ་དགོངས་ཞུ་མཁན་ཡང་ཡོད་པ་རེད་བསམ་གྱི་འདུག ཅེས་ངོ་སྤྲོད་གནང་སོང་།
དེ་སྔོན་གཞུང་ཞབས་ཚུད་རྒྱུགས་ཀྱི་སྦྱོང་བརྡར་ཟབ་སྦྱོང་གནང་ཡོད་པ་ལྟར། ཟབ་སྦྱོང་དེ་མུ་མཐུད་དུ་གནང་འཆར་ཡོད་སྐོར་ལ་ཁོང་གིས། ལས་བྱེད་སྦྱོང་བརྡར་ཟབ་སྦྱོང་གི་ལས་འཆར་དེ་བཀའ་ཤག་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གཞི་རིམ་ལས་འཆར་ནང་ཡོད་པ་དང་། ལས་བྱེད་ཟབ་སྦྱོང་སྤྲོད་སྟངས་དེ་ལའང་རིགས་མ་འདྲ་བ་མང་པོ་ཡོད་པ་རེད། དཔེར་ན། ས་ར་མཐོ་སློབ་ལྟ་བུར་ཆ་བཞག་ན། སློབ་ཕྲུག ༤༠ ཞིག་ལ་སྤྱི་ཡོངས་ནས་ལས་དོན་གནང་ཕྱོགས་སྐོར་ལ་ཟླ་ ༦ རིང་ཟབ་སྦྱོང་སྤྲོད་པའི་ལས་འཆར་ཞིག་ཡོད་པ་རེད། ཡིན་ནའང་ད་ལྟའི་བར་མགོ་འཛུགས་ཞུ་རྒྱུ་བྱུང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།
ཁོང་གིས་མུ་མཐུད་དུ། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ལས་ཀའི་ནང་ནས་གཙོ་ཆེ་ཤོས་ལས་བྱེད་འདེམས་སྒྲུག་བྱེད་པ་དེ་ཡིན་ལ། འདེམས་སྒྲུག་བྱས་པ་རྣམས་སྤུས་དག་པོ་ཡོང་བར་སྦྱོང་བརྡར་འབུལ་དགོས་པ་དེ་ལས་འགན་གཙོ་བོ་ཞིག་ཆགས་ཡོང་གི་ཡོད་པ་རེད། དེར་བརྟེན། གཞུང་ཞབས་སུ་བདམས་ཚར་བ་རྣམས་ལས་ཀར་དངོས་སུ་མ་ཞུགས་གོང་དུའང་ཟབ་སྦྱོང་སྤྲོད་པའི་བང་རིམ་ཞིག་བསླེབ་ཀྱི་རེད་ལ། དེ་ལས་གལ་ཆེ་བ་ཞིག་ལ་ད་ལྟ་འཛིན་སྐྱོང་ནང་ཕྱག་ལས་གནང་བཞིན་པའི་ལས་བྱེད་ཚོར་འཛིན་སྐྱོང་རིག་པའི་གནས་ཚད་མཐོ་རུ་གཏོང་བར་སྐབས་དང་དུས་སོ་སོར་ཟབ་སྦྱོང་སྤྲོད་པའི་ལས་འཆར་ཡོད་པ་རེད། དེ་ཞེ་དྲགས་གལ་ཆེན་པོ་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།
ཐེངས་སྔོན་མའི་གཞུང་ཞབས་ཚུད་རྒྱུགས་ཀྱི་སྦྱོང་བརྡར་བརྒྱུད་གཞུང་ཞབས་ནང་ཚུད་པའི་ལས་བྱེད་ཚོར་དང་ཐོག་ཐུགས་རེ་གནང་བ་ལྟར་ཞབས་ཞུའི་ཐོག་ཕན་ནུས་ཅི་ཙམ་ཐོན་གྱི་ཡོད་དྲིས་པར། བོད་རྒྱལ་ཁབ་དང་བོད་མི་རིགས་གནས་བབ་ཐབས་སྐྱོ་བོ་ཞིག་གི་སྒང་ལ་གནས་ཡོད་པའི་སྐབས་འདིར། དངོས་གནས་དྲང་གནས་རང་དོན་གང་ལ་གང་འཚམ་ཞིག་བློས་བཏང་ནས་ཤུགས་རྒྱག་དགོས་པ་དེ་བོད་མིའི་སྒྲིག་འཛུགས་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཐོག་མའི་རེ་བ་དེ་རེད། ཡིན་ནའང་། ལས་བྱེད་པ་སུ་ཞིག་ཡིན་ནའང་མི་ཡིན་པའི་ཆ་ནས་ང་ཚོས་རེ་བ་བཅངས་བ་གཅིག་པུས་འདང་གི་ཡོད་པ་མ་རེད། ལས་བྱེད་པ་ཞིག་ལ་གལ་ཆེ་ཤོས་དེ་ག་རེ་ཆགས་ཀྱི་ཡོད་པ་རེད་ཟེར་ན། རྒྱལ་ཁབ་རང་བཙན་ཡོད་པ་དེ་ཚོ་ལྟ་བུའི་མཐུན་རྐྱེན་དེ་འདྲ་སྦྱོར་ཐུབ་པའི་ནུས་པ་ང་ཚོར་ཡོད་པ་མ་རེད། འོན་ཀྱང་། གོང་དུ་ཞུས་པ་ལྟར། གཞུང་ཞབས་ནང་འཛུལ་མཁན་མང་ཆེ་བ་ཞིག་གིས་བོད་མི་རིགས་དང་རྒྱལ་ཁབ། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ངས་ཞབས་ཞུ་བསྒྲུབ་རྒྱུ་ཡིན་བསམ་པའི་ཀུན་སློང་ཞིག་དང་སེམས་ཤུགས་ཤིག་འཁུར་ནས་འཛུལ་ཡོང་བ་ཡིན་སྟབས། ལས་བྱེད་བདག་སྐྱོང་དང་གཅེས་སྐྱོང་ཚད་དང་ལྡན་པ་ཞིག་དགོས་པ་རེད་བསམ་གྱི་འདུག དེ་ལས་ཀྱང་གལ་ཆེ་ཤོས་གཞན་ཞིག་ལ་མི་སུ་ཡིན་ནའང་རྒྱུ་དཔལ་འབྱོར་སོགས་ཀྱི་གནས་བབ་ལ་ལྟ་རྒྱུ་མེད་ནའང་སྤྱི་ཚོགས་ནང་མིའི་མཐོང་དང་ཆ་འཇོག ཡིད་ཆེས་བཅས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། མིའི་མཐོང་དང་ཆ་འཇོག་དེ་ཚོ་མེད་པ་ཡིན་ན་སུ་ཡིན་ནའང་འདུག་འདོད་ཡོད་པ་མ་རེད། དེར་ང་རང་ཚོ་ལས་ཀྱི་སྣེ་མོར་གཏོགས་པ་ཚང་མས་དགོངས་པ་ཡག་པོ་བཞེས་དགོས་པ་རེད་བསམ་གྱི་འདུག མི་ལ་མཐོང་དང་ཆ་འཇོག་བྱས་པ་ཡིན་ན། ལས་ཀ་བྱེད་མཁན་ཚོ་ཡིན་ནའང་གོང་རིམ་ནས་ང་ལ་མཐོང་དང་ཆ་འཇོག་ཅིག་གནང་གི་ཡོད་པས། ངའི་ངོས་ནས་ཀྱང་དངོས་གནས་དྲང་གནས་འབད་བརྩོན་བྱེད་དགོས་བསམ་པ་མི་སུ་ལ་ཡིན་ནའང་ཡོང་གི་རེད་བསམ་གྱི་འདུག དེར་བརྟེན་ངས་བསམ་པར་ང་ཚོས་རེ་བ་བརྒྱབ་པ་གཅིག་པུ་མ་ཡིན་པར་རེ་བ་དེ་དོན་དུ་འགྱུར་ཆེད་ཆ་རྐྱེན་ག་རེ་བསྐྲུན་དགོས་ཀྱི་འདུག ཡིན་གཅིག་མིན་གཅིག་ཕོགས་ཆེ་རུ་གཏོང་བ་དང་མཐུན་རྐྱེན་ཡག་ཏུ་གཏོང་བའི་ཆ་རྐྱེན་མ་རེད། མི་ཡིན་པའི་ཆ་ནས་མིའི་བསམ་བློར་འགྱུར་བ་གཏོང་ཐུབ་དགོས་པ་དེ་དཔེ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།
མཇུག་ཏུ་ཁོང་གིས་ལོ་ངོ་ ༣༧ ཙམ་གྱི་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་ཞུས་པའི་ཉམས་མྱོང་བརྒྱུད་གཞུང་ཞབས་ལས་བྱེད་གསར་པ་ཚོར་འབོད་སྐུལ་གནང་དོན། ང་ཚོ་དང་པོ་གཞུང་ཞབས་ནང་འཛུལ་ཡོང་སྐབས་ཀུན་སློང་གཅིག་ཡོད་པ་རེད། གཞུང་ཞབས་ཀྱི་ལས་ཀར་དངོས་སུ་ཞུགས་པའི་ཉིན་མོ་ནས་བཟུང་དམ་བཅའ་ག་འདྲ་ཞིག་དགོས་པ་རེད་ཟེར་ན། མཆོངས་ཟེར་ན་དམྱལ་བར་མཆོང་ཐུབ་མཁན་ཞིག་དང་། རྒྱོབས་ཟེར་ན་སོ་སོའི་ཨ་ཕའི་མགོ་ལའང་རྒྱག་ཐུབ་མཁན་ཞིག་དགོས་པ་རེད་ཅེས་སྔོན་མ་བཤད་སྲོལ་ཡོད་པ་རེད་ལ། ང་ཚོ་གང་ལ་གང་འཚམ་གྱིས་བསམ་བློ་དེ་ལྟར་གཏོང་མཁན་ཞིག་ཡིན། ཡིན་ནའང་། ཆབ་སྲིད་བརྒྱུད་སྤྲོད་དང་འཛིན་སྐྱོང་གི་འཕོ་འགྱུར་སོགས་གནས་ཚུལ་མང་པོ་ཞིག་ལ་ལྟ་དུས། དེ་འདྲའི་དམ་བཅའ་སྲུང་མཁན་དེ་ཏོག་ཙམ་དཀོན་པོ་ཆགས་ཡོང་གི་ཡོད་པ་རེད། ད་ལྟ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཞོན་པ་ཚོར་ང་ཚོ་རྒན་པ་ཚོས་ག་རེ་ཞུ་ཐུབ་ཀྱི་རེད་ཟེར་ན། དཔལ་འབྱོར་ཆེན་པོ་དང་ཕྱི་དངོས་པོའི་གནས་བབ་མཐོ་རུ་གཏོང་དགོས་ཀྱི་ཡོད་ན་ལས་ཀ་བྱེད་ས་དེ་འདི་མ་རེད། དེ་ལས་ལྡོག་སྟེ་དངོས་གནས་དྲང་གནས་བོད་མི་རིགས་དང་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ངས་ཞབས་ཞུ་ཧུར་ཐག་འབད་ཐག་གིས་ཞུ་རྒྱུ་ཡིན་བསམ་ན། བོད་མིའི་སྒྲིག་འཛུགས་དེ་ག་ཚོད་ཀྱིས་མེད་ཟེར་བ་ཡིན་ནའང་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་སྒང་ནས་གཟིགས་ནས་བཞུགས་བསྡད་ཡོད་པ་རེད། དེར་བརྟེན། རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་དེ་དྲན་པའི་ཐོག་ནས་བསམ་པ་རྣམ་དག་གིས་གཞུང་ཞབས་ནང་འཛུལ་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད། དེ་རིང་ཁྱེད་རང་ཚོའི་ཚགས་པར་བརྒྱུད་དེ་ངས་ལས་བྱེད་པ་དགུང་ལོ་ཆུང་བ་དེ་ཚོར་ཞུ་དགོས་པ་ཞིག་ལ། མཚམས་མཚམས་ལ་གནས་སྟངས་མང་པོ་མཐོང་སྟེ་རང་ཉིད་དང་མ་འཚམ་པའི་གནས་སྟངས་དེ་འདྲ་ཡོང་སྲིད་པ་རེད་དེ། རྒྱ་ཆེ་ས་ཞིག་ལ་དགོངས་པ་བཞེས་ནས་ལྷག་བསམ་རྣམ་དག་དང་ཧུར་ཐག་འབད་ཐག་བྱེད་དགོས་པ་དེ་ང་ཚོའི་སྐབས་སུ་བབ་པའི་ལས་འགན་ཞིག་ཆགས་བསྡད་ཡོད་སྟབས། དེ་ལྟར་གནང་རྒྱུའི་དམ་བཅའ་བརྟན་པོ་ཞིག་གི་ཐོག་ནས་ཕྱག་ལས་གནང་རོགས་བྱོས་ཟེར་ནས་ཞུ་འདོད་བྱུང་སོང་། ཞེས་རེ་སྐུལ་དང་བཅས་བརྗོད་བྱུང་།
གསར་འགོད་པ། པདྨ་མཚོ།
སྒྲིག་འཛུགས་ནང་ལས་བྱེད་འགའ་རེ་ནས་མཐོ་འབྱར་དམའ་བརྡུང་བྱས་ཀྱི་ཡོད་པ་དང་འགའ་རེ་སོ་སོའི་གོ་གནས་ལ་སྤོབས་པ་ཁེངས་དྲེགས་བྱས་ཀྱི་ཡོད་པ་བཤད་ཚུལ་འདུག མ་ཟད་གཞིས་ཆགས་ཁག་གི་ནང་ཀྱང་ས་གནས་འགོ་འཛིན་དང་ལས་དྲུང་ཚོས་ཁེངས་དྲེགས་ཀྱི་སྤྱོད་ཚུལ་མང་དག་སྤེལ་བཞིན་ཡོད་པའི་བཤད་ཚུལ་འདི་དག་ཀྱང་འདུག གནས་ཚུལ་དེ་དག་དངོས་འབྲེལ་ཡིན་ན་ངོ་ཚ་པོ་རེད། ལས་རྒྱུ་འབྲས་མ་བརྩིས་མཁན་ཀླ་ཀློ་རེད།
བློ་སེང་གི་སྲིད་སྐྱོང་གི་ལས་དུས་རིང་ལས་བྱེད་ལྷག་བསམ་ཅན་མང་པོ་ཞིག་རྩ་དགོངས་མ་ཞུས་རང་ཞུས་ཆགས་ཡོད་པ་དངོས་གསལ་རེད། དེའི་ཐད་རྒྱུ་མཚན་མང་པོ་ཡོད་རེད།
ངས་གོ་ཐོས་ལྟར་ན་གཞུང་ཞབས་དགོངས་པ་ཞུ་མཁན་དེ་ཚོ་ནི་ཕྱི་རྒྱལ་ཁག་ལ་ཡིག་ཆ་འགྲིགས་སོང་བས་ཡིན་འདུག བོད་མིས་སྒྲིག་འཛུགས་ཀྱི་ངོས་ལས་བྱེད་རྙིང་པ་དེ་ཚོ་དགོངས་པ་ཞུ་སྐབས་བློ་འཚབ་དང་བཅས་ཐུགས་རེ་ཆེན་པོས་དགོངས་པ་མི་ཞུ་བའི་རེ་སྐུལ་བྱེད་ཀྱི་ཡོད་འདུག ཡིན་ནའང་ཕྱི་རྒྱལ་དོན་གཅོད་ཁག་ཏུ་ལས་བྱེད་བཏང་བ་རྣམས་ལོ་གསུམ་རྗེས་རྡ་སར་ཕྱིར་འཁོར་མཚམས་ཟླ་རེ་ཟུང་བསྡད་མཚམས་རྩ་དགོངས་ཞུ་འགྲོ་བ་དང་། གཞུང་གི་ལས་དོན་ཆེད་གཞུང་འབྲེལ་ཨ་རི་སོགས་སུ་ཐོངས་མཆན་རག་སོང་བ་རྣམས་ཚུར་ཡོང་ཙམ་བྱེད་ནས་དགོངས་པ་ཞུ་འགྲོ་བ་ལས་གཞུང་གིས་བྱེད་ཕྱོགས་མ་འགྲིག་པ་ཞིག་ཡིན་པ་ཧ་མ་གོ། ཁྱེད་རང་ཚོས་གཟིགས་དང་ད་ལོ་གཞུང་ཞབས་ག་ཚོད་རྩ་དགོངས་ཞུས་འདུག དེ་དག་ད་ལྟ་རྒྱ་གར་ནང་བསྡད་ཡོད་མེད་དོ་སྣང་བྱས་ཡོད་དམ། མ་གཞི་མི་འགྱུར་རྡོ་རྗེ་ཟེར་བ་དེ་སྔོན་མ་བཀའ་བློན་ཁྲི་པ་ལངས་རྒྱུ་ཡིན་ཟེར་བ་དང་མངའ་རིས་སྤྱི་འཐུས་ཚོགས་པས་ཀྱང་རྒྱབ་སྐྱོར་བྱས་པ་རེད། ད་ལྟ་སྤྱི་འཐུས་སུ་ལངས་རྒྱུ་ཡིན་ཟེར། སྤྱི་འཐུས་ཨ་ཅར་ཡ་ཡེ་ཤེས་ཕུན་ཚོགས་ཟེར་མཁན་དེས་ཁོའི་དོན་དུ་གྲོས་ཚོགས་ནང་སྐད་ངན་མང་པོ་རྒྱབ་པ་རེད། ཁོ་བགྲེས་ཡོལ་བཏང་སོང་ཟེར། མི་འགྱུར་རྡོ་རྗེ་ནི་ཆེ་འཇིག་ཅན་དང་ལས་བྱེད་རྣམས་ལ་མཐོང་ཆུང་ཁྱད་གསོད། ཐུབ་ཚོད་གཏོང་མཁན་ཞིུག་ཡིན་པ་གངས་སྐྱིང་དུ་ཡོངས་སུ་གྲགས་ཀྱང་ད་ལྟ་ལས་བྱེད་ལ་མིའི་མཐོང་དང་ཆ་འཇོག་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཟེར་བ་འདི་བོང་བུའི་ཁ་ནས་གསེར་སྐྱུགས་པ་དང་མཚུངས་སོ།།
སུང་རྒྱལ་རབས་ཀྱི་དུས་སུ།་་ནང་བློན་ཀའོ་ཤུན་གྱི་དབང་ཤུགས་འོག་སྤུན་མཆེད་མིན་ན་གཞུང་ཞབས་མི་ཐོབ།་་་འབུལ་ཚན་མེད་ན་གོ་གནས་མི་རེག་་་སྤྲེལ་ལད་མ་འཁྲབ་ན་གནས་རིམ་མི་འཕར་ཟེར་བ་ཞིག་བྱུང་སྟེ་ཕུལ་བྱུང་གི་དམག་སྲིད་གཉིས་ཀྱི་གཞུང་ཞབས་མང་པོ་ཞིག་གིས་གཞུང་ལ་ངོ་ལོག་སྟེ་ཇག་ཚོགས་ནང་འགྲོ་དགོས་བྱུང་བའི་གཏམ་རྒྱུས་ཤིག་ཡོད་པར་མང་པོ་ཞིག་གིས་ཤེས་ཚོད་རེད།་་་ཡང་སྐབས་་༡༣་པའི་བཀའ་ཤག་གི་ལས་དུས་སུ་གངས་སྐྱིད་ཀྱི་ཁོར་ཡུག་ནང་དུ་གྷལ་རིལ་གསུམ་མ་ཚང་ན་མིང་དོན་མཚུངས་བའི་ལས་བྱེད་ཅིག་གི་ཐོབ་ཐང་མེད་ཅེས་པ་ཞིག་བྱུང་ཡོད་ཅིང་།་་་དེ་ནི་ཅམ་ཅལ་གྷལ་རིལ་དང་།་་་རྡ་རྡ་གྷལ་རིལ།་་་དཔལ་འབྱོར་གྷལ་རིལ་གསུམ་ཟེར་གྱི་ཡོད་པ་རེད།་་་སྤྲེལ་ལད་འཁྲབ་མཁན་དང་དཔུང་ངོམས་ཧམ་ཤེད་ཅན།་་ཡང་ན་གསོལ་སྟོན་དང་ལྐོག་བརྔན་འབུལ་ཐུབ་མཁན་བཅས་ལ་གོ་དགོས་པ་རེད།་་་དེར་བརྟེན་སྐབས་་༡༣་པའི་བཀའ་ཤག་གི་ལོ་ལྔའི་ལས་དུས་རིང་གཞུང་ཞབས་ལས་བྱེད་པ་༢༦༠ལྷག་གིས་རྩ་དགོངས་ཞུས་པ་རེད།་་་་ལས་བྱེད་པའི་བླང་དོར་སྒྲིག་གཞིའི་ནང་འཚོ་བའི་དཀའ་ངལ་སེལ་ཆེད་རྩ་དགོངས་ཞུ་འཐུས་ཞེས་པ་ཞིག་ཡོད་ནའང་།་་་་གནད་དོན་གཞན་ཞིག་ནི་མི་ལ་མི་མཐོང་དང་ཆེ་མཐོང་དགོས་པ་དེ་ཡིན།་་་ལྷག་པར་དུ་འཛིན་སྐྱོང་པས་ལས་དོན་བཀོད་སྒྲིག་གནང་ཕྱོགས་ཐད་གླ་པ་རྒན་གཞོན་དང་ཤེས་ཚད་ཉམས་མྱོང་།་་མིའི་ཀུན་སྤྱོད་སོགས་ལ་ལུགས་མཐུན་དགོངས་བཞེས་མ་གནང་བར་གང་བྱུང་གིས་ལས་བྱེད་པར་ལས་འགན་བཀོད་སྒྲིག་གནང་སྟེ་ལས་བྱེད་མྱོང་རྒྱུས་ཅན་རྒན་གྲས་མང་པོ་ཞིག་བློ་ཕམ་དགོས་པའི་གནས་ཚུལ་ཇི་རྙེད་ཅིག་བྱུང་ཡོད་པ་རེད།་་་་ད་ལྟའི་སྲིད་སྐྱོང་ངམ་དེ་སྔོན་གྱི་བཀའ་ཁྲི་མཆོག་གིས་རང་ཉིད་ཀྱི་འཕྲིས་སུ་ཅམ་ཅལ་གྷ་རིལ་འགའ་ཞིག་བཞག་སྟེ་དེ་དག་ལ་བློ་འདྲི་བྱུས་སྟོན་བྱེད་རུ་བཅུག་སྟེ་མཐའ་མཇུག་ལས་བྱེད་པ་ལྷག་བསམ་ཅན་མང་པོ་ཞིག་བློ་ཕམ་སྐྱེས་རུ་འཇུག་གི་ཡོད་པ་རེད།་་་ཐེངས་འདིར་སྲིད་སྐྱོང་འོས་བསྡུའི་སྐབས་སྲིད་སྐྱོང་ལས་ཐོག་ལ་གངས་སྐྱིད་ཁུལ་ནས་འོས་གྲངས་ཉུང་ཤོས་སུ་སླེབས་དགོས་པ་དེའང་ཟུར་བལྟས་ལེབ་མཐོང་ཞིག་མ་ཡིན་ནམ།
ངས་ཧ་གོ་ཡ་ཡིན་ན།བཙན་བྱོལ་སྤྱི་ཚོགས་ནང་ད་དུང་ལམ་ལུགས་རྙིང་པ་དྲི་ངན་དེ་ད་དུང་ཡོག་མུས་དང།ལས་ཀྱི་སྣེ་མོ་བ་རྣམས་ལ་ངོ་དགའ་སྤྲེལ་ལད་བྱ་དགོས་ཀྱི་ཡོད་པ།དེ་ལྟར་མ་བྱ་ན་སོ་སོར་བའི་མདུན་ལམ་མེད་པ་སོགས་བཤད་བཞིན་ཡོད།ངོར་དགའ་དང་སྤྲེལ་ལད་བཤད་མ་ཤེས་པ་དེ་དག་ཡུན་རིང་གནས་མ་ཐུབ་པ་ཡོད་མུས།ཡིན་ན་དགོངས་པ་ཞུ་མཁན་ཚང་མ་དེའི་རྐྱེན་རེད་ཟེར་ཞུ་ཡི་མེད།ལྷག་པར་དུ་ཚོགས་སྡེ་ཁག་ཏུ་དེ་དེར་བཞིན་ཡོད་སྐད།ད་དུང་སྐུ་ངོར་ཡང་ན་སྙིང་ལགས་ཞུ་དགོས་ཀྱི་ཡོད་པ།ལས་ཁུངས་ཁག་ཏུ་བསྐྱོད་སྐབས་ངོར་དགའ་སྤྲེལ་ལད་་མ་བྱ་ན་ཡ་ལན་མ་བྱ་པ་ཡང་བྱུང་གི་ཡོད་མོད།དེ་འདྲའི་ཡིན་པ་སོང་ཙམ་གསར་འབྱོར་མང་པོ་ཞིག་ཡང་མཐར་མར་བོད་དུ་ལོག་རྒྱུ་ཐག་བཅོད་བྱ་ཡི་ཡོད་པས་ཆབ་སྲིད་ཐོག་ནས་བཤད་ན་ཕམ་ཉེས་ཆེན་པོ་ཞིག་འགྲོ་ཡི་ཡོད་མུས་རེད།
གངས་སྐྱིད་ཀྱི་ལས་བྱེད་ཚོར་སྒང་གི་བྱེད་སྟངས་འདོད་པ་མ་འཚིམ་པའི་གནས་ཚུལ་ཞིག་ཡོང་གི་ཡོད་པ་དེ་ཧ་ཅང་ཛ་དྲག་རེད། བཀའ་ཤག་སྐབས་བཅུ་བཞི་པས་གཞུང་ཞབས་ལས་བྱེད་ཚོར་བླ་ཕམ་དུ་འཇུག་དོན་ཅི་ཡིན་ནམ། ད་ལོ་གཅིག་པུར་གཞུང་ཞབས་ལས་བྱེད་རྩ་དགོངས་ཞུ་མཁན་ ༣༠ ཙམ་བྱུང་འདུག་པ་འདི་གནས་ཚུལ་ཆུང་ཆུང་ཞིག་རྩ་བ་ཉིད་ནས་མ་རེད། ང་རང་གི་གོ་ཐོས་བྱས་ན་གཞུང་ཞབས་རྒན་གྲས་ལོ་བཅུ་ནས་ཉི་ཤུ་འགྲོ་བཞིན་ཡོད་པ་མང་པོ་ཞིག་གིས་རྒྱུ་རྐྱེན་ཁ་གསལ་མེད་པའི་ཐོག་ནས་རྩ་དགོངས་ཞུས་ཏེ་ད་ལྟ་རྡ་རམ་ས་ལའི་གཡས་གཡོན་ལ་ལས་མེད་དུ་ལྷག་འདུག་པའི་གནས་ཚུལ་ཞིག་གོ་སོང་། གནད་དོན་འདིའི་ཐད་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་དུ་ཚོགས་ཆུང་ཞིག་བཙུགས་ཏེ་ཞིབ་འཇུག་བྱེད་དགོས་པ་རེད་བསམ་གྱི་འདུག