བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར། ཆོལ་ཁ་གསུམ་ནང་སྤྱི་འཐུས་འོས་མིར་བཞེངས་མཁན་མང་པོ་ཡོང་བཞིན་ཡོད་སྟབས། འདི་གའི་གསར་ཁང་གིས་སྤྱི་འཐུས་ལས་ཐོག་མ་ཡིན་པའི་ཆོལ་ཁ་རེ་རེའི་འོས་མི་གསར་པ་དག་ལ་བཅར་འདྲིའི་ལས་རིམ་ཞིག་འགྲོ་བཞིན་ཡོད་པ་ལྟར། ཐེངས་འདིར་མདོ་སྟོད་སྤྱི་འཐུས་འོས་མི་སིམ་ལར་གནས་སྡོད་བསྟན་འཛིན་ལགས་སུ་བཅའ་འདྲི་ཞུས།
དྲི་བ། ཐོག་མར་ཁྱེད་རང་གི་ལོ་རྒྱུས་མདོ་བསྡུས་ཤིག་ངོ་སྤྲོད་དང་བོད་མི་མང་སྤྱི་འཐུས་སུ་ལངས་དགོས་པའི་རྒྱུ་མཚན་ངོ་སྤྲོད་ཅིག་གནང་རོགས།
ལན། ངའི་མིང་ལ་དབའ་ཧོར་བསྟན་འཛིན་ཟེར་གྱི་ཡོད། དབའ་ཧོར་ཚང་ཟེར་པ་ཁྱིམ་ཚང་གི་མིང་རེད། སྔོན་མ་ཕ་མ་ཚོ་རྒྱ་གར་ལ་བསླེབས་རྗེས་བལ་གོས་བཙོང་ནས་འཚོ་བ་སྐྱེལ་མཁན་དེ་འདྲ་རེད། དེང་སང་ང་རང་གིས་ཨར་ལས་ (construction)བྱེད་ཀྱི་ཡོད། ཞོར་དུ་བསྟན་འཛིན་སྨན་ཁང་ཟེར་བ་ཞིག་བཙུགས་ཡོད། དེ་གང་ལ་གང་འཚམ་ཡག་པོ་ཡོད། ད་ལྟ་ཧི་མ་ཅཱལ་མངའ་སྡེའི་ནང་གི་སྨན་ཁང་ཡག་ཤོས་ཤིག་ལ་རྩི་ཡི་ཡོད་པ་རེད། དེ་བཞིན་བཟོ་གྲྭ་ ༥ ཙམ་ཡོད་ལ་དེ་དང་མཉམ་དུ་སྐྱེལ་འདྲེན་ཁང་ཞེས་རླངས་འཁོར་ཡང་ ༥༠ ལྷག་ཅིག་ཡོད། ལྡི་ལིར་མགྲོན་ཁང་སོགས་ཀྱང་ཡོད་པ་རེད། ང་ད་ལྟ་སིམ་ལ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་བྱས་ཏེ་ལོ་ ༢༠ ལྷག་འགྲོ་བཞིན་ཡོད་པ་རེད།
ང་སྤྱི་འཐུས་ལ་ལང་དགོས་པའི་རྒྱུ་མཚན་གཙོ་བོ་དེ་བོད་པའི་གནས་སྟངས་ཧ་ཅང་ཉག་ཕྲ་བོ་འདི་འདྲའི་སྐབས་ལ་བོད་པ་མི་རེ་ངོ་རེར་འགན་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དགུང་ལོ་ ༡༦ ནས་ ༨༠ ལ་བསླེབས་པའི་བར་སྐུ་ངལ་སྐྱོན་པ་རེད། སོ་སོར་འཚོ་བ་འགྲིག་ཙམ་བྱུང་ན་ཟུར་ནས་སྐྱིད་པོ་བཏང་ནས་བསྡད་ན་འགྲིག་གི་མི་འདུག ཆེ་འཐབ་ཆུང་འཐབ་ཀྱིས་སྤྱི་བར་ལས་ཀ་ཞིག་བྱ་དགོས་བསམ་པ་ཡིན། སྤྱིར་བཏང་ད་ལྟ་ཡིན་ནའང་གང་ཐུབ་ཐུབ་བྱེད་ཀྱིན་ཡོད། ཉུང་མཐར་ང་ཚོའི་བཟོ་གྲྭ་ནས་ལོ་གཅིག་ལ་བོད་པའི་སྤྱི་ཚོགས་ནང་འགྲོ་སོང་ཧིན་སྒོར་འབུམ་ ༡༥ ལྷག་རེ་གཏོང་གི་ཡོད། ཡིན་ནའང་སྤྱི་འཐུས་ནང་འགྲོ་ཐུབ་པ་ཡིན་ན། སོ་སོར་ལྷག་བསམ་དང་སེམས་ཤུགས་ཡོད་ན་ནུས་པ་འདོན་པའི་གོ་སྐབས་དང་སྡིངས་ཆ་ཡོད་པ་རེད་བསམ་གྱི་འདུག
དྲི་བ། བོད་མི་མང་སྤྱི་འཐུས་ཀྱི་ལས་འགན་གཙོ་བོ་གང་ལ་ངོས་འཛིན་གནང་གི་ཡོད་པ་དང་། ཁྱེད་རང་ལ་ལས་འགན་དེ་དག་བསྒྲུབ་ཐུབ་པའི་ནུས་པ་དང་ཆ་རྐྱེན་གང་དག་ཡོད་དམ།
ལན། སྤྱི་འཐུས་ཀྱི་ལས་ཀ་ཟེར་བ་དེ་སྤྱིར་བཏང་ཉི་མ་ཉི་མར་ལས་ཀ་མང་པོ་ཞིག་ཡོད་རྒྱུ་རེད། དེ་ཚོ་གལ་སྲིད་རྗེས་མ་སྤྱི་འཐུས་ནང་བསླེབ་པ་ཡིན་ན་ཤེས་འགྲོ་བ་ཞིག་རེད་བསམ་གྱི་འདུག ཕྱོགས་ཆེ་ས་ནས་བོད་མི་མང་གི་སྐུ་ཚབ་ཟེར་ན་འདྲ་སྤྱི་མི་ཞིག་གིས་དོ་འཁུར་བྱེད་དགོས་པ་ཁ་ཤས་འདུག་བསམ་གྱི་ཡོད། མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད། དེང་སང་བོད་པ་ཚོ་ཕྱི་རྒྱལ་ལུང་པ་ག་ས་ག་བ་ཡོད་པ་རེད། ཡིན་ནའང་ལུང་པ་དེ་དང་དེའི་མི་རིགས་དང་འདྲེས་འགྲོ་བཞིན་ཡོད་པ་མ་ཟད། མཐའ་ན་བོད་སྐད་ཙམ་ཡང་བཤད་མི་ཤེས་མཁན་མང་པོ་ཞིག་ཡོང་གི་ཡོད་སྟབས། མི་རིགས་འདི་བརླག་འགྲོ་བའི་ཉེན་ཁ་ཞིག་ལ་ཐུག་ཡོད་པ་རེད། སྤྱི་འཐུས་ཤིག་གིས་ཞེ་དྲགས་བྱེད་ཐུབ་པ་མེད་ཀྱང་། སྤྱི་འཐུས་ཀྱིས་བོད་མི་རིགས་དང་བོད་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐོག་དཀའ་ལས་རྒྱག་རྒྱུ་གང་ཡོད་པ་དེ་རྒྱག་དགོས་བསམ་གྱི་ཡོད།
ད་ལྟའི་སྤྱི་འཐུས་རྣམ་པས་ལས་སྟངས་དེ་ཁྱོན་ནས་འགྲིག་གི་མི་འདུག ཕྱོགས་རིས་ཀྱིས་གཅིག་གིས་གཅིག་ལ་རྒྱབ་སྐྱོར་བྱས་ཏེ་ནང་ཁུལ་མ་འཆམ་པ་ཆགས་ཀྱི་འདུག དེ་མེད་པ་བཟོས་ནས་ཆོལ་ཁ་གསུམ་པོ་མཉམ་རུབ་ཐོག་ལས་ཀ་ཡག་པོ་སུས་བྱས་ན་དེར་རྒྱབ་སྐྱོར་བྱ་དགོས་པ་རེད་བསམ་གྱི་འདུག སྤྱིར་བཏང་མི་སུ་དང་སུ་ཡིན་ནའང་རང་གི་ཕྱོགས་ལ་དགའ་ཞེན་ཡོད་པ་རེད། ཡིན་ནའང་སྤྱི་འཐུས་ཚོགས་ཁང་ནང་ནས་བོད་ཀྱི་བསྟན་པ་ཆབ་སྲིད་དང་མང་ཚོགས་སྤྱི་ཡོངས་ལ་དགོངས་པ་བཞེས་ཏེ་བཀའ་མོལ་གནང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ལྷག་པར་དུ་སོ་སོ་མི་སྒེར་ལ་འགྲིག་དང་མ་འགྲིག་གི་སྐད་ཆ་བཤད་ན་ཁྱོན་ནས་འགྲིག་གི་ཡོད་པ་མ་རེད།
ང་ལ་སྤྱི་འཐུས་ཀྱི་ནུས་པ་དང་འཇོན་ཐང་ཟེར་ན་མི་ཤེས་ཏེ། སིམ་ལ་ས་གནས་ཡིན་ན་རེད། རྒྱ་གར་ལ་ཁྲིམས་ཐོག་ནས་ཡིན་ན་རེད། ལས་ཀ་གང་ལ་གང་འཚམ་སྔོན་ཆད་བྱས་མྱོང་ཡོད་ལ། མ་འོངས་པར་ཡང་བྱེད་དགོས་བསམ་ཡོད། སྔོན་ཆད་སིམ་ལ་རུ་བོད་པར་ལག་འཁྱེར་མེད་མཁན་བཙོན་ཁང་ལ་བཅུག་པའི་གནས་ཚུལ་ཞིག་བྱུང་བ་རེད། སྐབས་དེར་ང་ཚོས་ཁྲིམས་ཁང་ལ་ཁ་མཆུ་བརྒྱབ་སྟེ་ང་ཚོར་ཐོབ་པ་རེད། དེ་བཞིན། བོད་པའི་ས་ཆའི་ཐོག་རྙོག་དྲ་ཡོང་དུས་ང་ཚོ་མཐོ་རིམ་ཁྲིམས་ཁང་ལ་སོང་ནས་ལས་ཀ་མང་པོ་བྱས་པའི་མཐའ་མར་རྒྱལ་ཁ་འདྲ་བོ་ཐོབ་པ་རེད། ལྷག་བསམ་རྣམ་དག་གིས་སྤྱི་བར་ལས་ཀ་བྱེད་པའི་སེམས་ཤུགས་ཡོད་ན། འདི་དང་དེ་བྱེད་ཐུབ་ཀི་རེད་བསམ་པ་དང་། ནུས་པ་འཐོན་གི་རེད་བསམ་པའི་གདེང་ཚོད་སོ་སོར་གང་ལ་གང་འཚམ་ཡོད།
དྲི་བ། ཉིད་ཀྱིས་ད་ལྟའི་སྤྱི་འཐུས་ལས་ཐོག་རྣམ་པས་བོད་མི་མང་གི་དགོས་འདུན་བསྐོངས་ཐུབ་ཀྱི་མེད་པ་ཟེར་ན་འདྲ། སྤྱི་བའི་ལས་ཀ་འཐུས་ཤོར་གཏོང་གི་ཡོད་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།
ལན། འཐུས་ཤོར་ཏོག་ཙམ་མ་རེད་འཐུས་ཤོར་ཞེ་དྲགས་འགྲོ་བཞིན་འདུག འཐུས་ཤོར་ག་འདྲ་བྱས་ཏེ་འགྲོ་བཞིན་འདུག་ཟེར་ན། སྤྱི་ཚོགས་ནང་གི་ལས་ཀ་བཤད་མ་དགོས་པ་རེད། མཐའ་ན་གྲོས་ཚོགས་ནང་ནས་འཐུས་ཤོར་ཞེ་དྲགས་གཏོང་གི་ཡོད་པ་རེད། འགའ་རེ་ཡིས་རྐུབ་སྟེགས་ཚ་བོ་བཟོས་ཏེ་སྡོད་པ་མ་གཏོགས་ཁ་གྲགས་ཀྱི་ཡོད་པ་མ་རེད། གྲོས་ཚོགས་ནང་སྐད་ཆ་མ་བཤད་པ་ཡིན་ན་མང་ཚོགས་ཀྱི་བདེ་སྡུག་ཡར་བསྐྱལ་ས་དེར་བསྐྱལ་ཐུབ་ཀྱི་ཡོད་པ་མ་རེད། ཡང་ཁག་ཅིག་གིས་ཕྱོགས་རིས་འཐེན་འཁྱེར་ཤུགས་ཆེན་པོ་བྱས་ཏེ་སྡོད་ཀྱི་ཡོད་པ་རེད། དེས་གྲོས་ཚོགས་ནང་ཙམ་མ་རེད་སྤྱི་ཚོགས་ནང་ལྟ་སྡོད་མཁན་ཚོར་ཡང་བག་ཆགས་རྦད་དེ་ངན་པ་འཇོག་གི་ཡོད་པ་རེད། དེ་ཁྱོད་རང་ཚོ་གསར་འགོད་པ་རེད། མཐོང་གི་ཡོད་རྒྱུ་རེད། ང་རང་གིས་སྤྱི་འཐུས་ཀྱི་འཐུས་ཤོར་ཆེ་ཤོས་ཟེར་ན་འདྲ་སྤྱི་ཚོགས་ལ་གནོད་སྐྱེལ་བ་རྫབ་ཆེ་ཤོས་དེ་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བྱས་པ་དེ་མཐོང་གི་ཡོད།
དྲི་བ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འཛིན་སྐྱོང་བཀའ་ཤག་ལ་སྟངས་འཛིན་བྱེད་པའི་ལས་འགན་དམིགས་ཡོད་སྟབས། ད་སྔ་འཛིན་སྐྱོང་བཀའ་ཤག་གིས་ཕྱག་ལས་གནང་ཕྱོགས་འགྲིག་གི་མེད་པའི་སྐྱོན་གནས་གང་དག་གཟིགས་ཀྱི་ཡོད་དམ།
ལན། བཀའ་ཤག་གི་ཐོག་ལ་ངས་ཞུ་ཐུབ་ཀྱི་མི་འདུག ང་ཚོ་བཀའ་ཤག་དང་དབུ་འཁྲིད་དེ་ཚོར་འབྲེལ་བ་ཞེ་དྲགས་མེད། ཡིན་ནའང་སོ་སོར་བསམ་ཚུལ་ཏོག་ཙམ་ཡོད། གང་ཡིན་ཟེར་ན། སྤྱིར་བཀའ་བློན་དང་ལས་བྱེད་སུ་ཞིག་ཡིན་ནའང་དྷ་རམ་ས་ལར་བསླེབས་ཏེ། གཞུང་ཞབས་ཀྱི་རྐབ་སྟེགས་སྟེང་བསྡད་ཚར་པ་ཡིན་ན། ལྷག་བསམ་རྣམ་དག་དང་དྲང་མོ་དྲང་བཞག་གིས་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཁ་ཤས་ཤིག་ཡར་འཛུལ་ཡོང་སྐབས་ཁས་ལེན་དམ་བཅའ་མང་པོ་ཞིག་བྱས། གཞུང་གི་རྐུབ་སྟེགས་དེ་ཚོ་རེག་ཡོང་སྐབས་གང་བྱུང་མང་བྱུང་བྱེད་པ་དང་། སོ་སོ་སྒེར་གྱི་ཁེ་ཕན་བསྒྲུབ་བསྡད་པ་ཡིན་ན་འགྲིག་གི་ཡོད་པ་མ་རེད། དེ་ནས་ལས་བྱེད་མང་པོ་ཞིག་གིས་གཞུང་གི་མིང་ཐོག་ནས་ཕྱི་རྒྱལ་ཁག་ལ་ཕྱོགས་སྐྱོད་གནང་། ག་ལེར་རྦད་དེ་གཞུང་ནས་རྩ་དགོངས་ཞུས་ཏེ་ཕྱི་རྒྱལ་ནས་བསྡད་འཇོག་པ་དེ་འདྲ་མང་པོ་འདུག་ལ། ཁ་ཤས་ཀྱིས་ཕྲུ་གུ་དང་སྐྱེས་དམན་དེ་ཚོ་སྔ་ས་ནས་ཕྱི་རྒྱལ་ཁག་ལ་བཏང་སྟེ་རྐང་པ་ཉིས་འཛུགས་བྱས་ནས་སྡོད་པ་དེ་འདྲའང་གོ་སོང་། དེ་ཚོ་ཏག་ཏག་བསྡད་ཡོད་པ་མ་རེད། ལས་ཀའི་ཐོག་འཐུས་ཤོར་འགྲོ་བཞིན་ཡོད་པ་རེད་ལ་སྤྱི་ཚོགས་ནང་གཞུང་ལ་ལྟ་སྟངས་ཀྱང་ཡག་པོ་ཡོང་གི་མ་རེད།
གཉིས་པ་དེ་བཀའ་བློན་དེ་ཚོས་སྤྱི་ཚོགས་ནང་གཞུང་ལ་གང་བྱུང་མང་བྱུང་ཤོད་མཁན་དང་། བོད་སྤྱི་བར་གནོད་སྐྱེལ་མཁན་དེ་ཚོར་ལན་ཏག་ཏག་རྒྱག་ཐུབ་ཀྱི་མི་འདུག དེ་ཚོར་ལན་རྒྱག་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། བོད་གཞུང་གིས་ཞེད་སྣང་འཚེར་སྣང་སྐྱེས་ནས་ལས་ཀ་བྱེད་ཀྱི་འདུག དེ་འགྲིག་གི་ཡོད་པ་མ་རེད། ལན་རྒྱག་དགོས་སར་ལན་ཏག་ཏག་རྒྱག་དགོས་པ་རེད། དཔེར་ན། ཁྲིམས་དཔོན་ཞིག་བསྐོས་པ་ཡིན་ན། ཁོས་ཉེས་ཅན་ལ་ཁྲིམས་ཐག་གཅོད་སྐབས། ཁོའི་སྐེ་ལ་གྲི་བཙུགས་ཡོད་ནའང་ཉེས་ཅན་ལ་ཉེས་ཆད་ག་རེ་འབབ་པ་དེ་དྲང་པོ་དྲང་བཞག་གིས་གཅོད་དགོས་པ་རེད་མ་གཏོགས་ཞེད་སྣང་འཚེར་སྣང་བྱེད་རྒྱུ་ཡོད་པ་མ་རེད། གང་ཡིན་ཟེར་ན་དེ་ཁོའི་ལས་འགན་རེད། བཀའ་བློན་དེ་ཚོར་ཡང་སྤྱི་ཚོགས་ནང་འགྲིག་གི་མེད་ན་འགྲིག་གི་མི་འདུག་ཟེར་ནས་གསལ་བཤད་བྱེད་རྒྱུའི་ལས་འགན་ཡོད་པ་རེད།
དྲི་བ། ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་རྩ་དོན་སྒྲུབ་ཕྱོགས་ཐད་རང་བཙན་དང་དབུ་མ་ཞེས་རྩོད་པ་གང་འཚམས་ཡོང་གི་ཡོད་སྟབས་གལ་སྲིད་ཁྱེད་རང་སྤྱི་འཐུས་ནང་བསླེབ་པ་ཡིན་ན་ཕན་ཚུན་གྱི་ལྟ་བ་ལངས་ཕྱོགས་ལ་བརྩི་བཀུར་ཡོང་ཐབས་སུ་ཕྱག་ལས་གང་འདྲ་གནང་འཆར་ཡོད་དམ།
ལན། དེ་གནས་ཚུལ་ཐབས་སྐྱོ་བོ་ཞེ་དྲགས་རེད། རང་བཙན་དང་དབུ་མ་གང་ཡིན་ཡང་སྤྱི་དོན་རེད། སྤྱི་དོན་བསྒྲུབ་རྒྱུ་ཡིན་ཟེར་ནས་སྤྱི་ཚོགས་ལ་བརྡབ་གསིག་གཏོང་གི་ཡོད་པ་དེ་ཤ་ཚ་སྟངས་མ་ཤེས་པ་རེད། ཚང་མས་བསམ་བློ་གུ་ཡངས་པོ་བྱེད་དགོས་པ་རེད། ད་ལྟའི་ཆར་ང་ཚོར་དབུ་མའི་ལམ་ཡག་ཤོས་ཡིན་པའི་ཆ་ནས་དབུ་མའི་ལམ་ཤོད་ཀྱི་ཡོད་པ་རེད་མ་གཏོགས་རང་བཙན་དགོས་ཀྱི་ཡོད་དམ་ཞེས་ན། ཚང་མ་ལ་རང་བཙན་དགོས་ཀྱི་ཡོད་པ་རེད། ང་ལ་ཡང་རང་བཙན་དགོས་ཀྱི་ཡོད་པ་རེད། ངས་བསམ་བློ་བཏང་ན། རང་བཙན་རྩོད་མཁན་དེ་ཚོས་ཀྱང་རང་བཙན་ལེན་པའི་ཐབས་ཤེས་ཡག་ཤོས་དེ་དང་པོ་དབུ་མའི་ལམ་རྩོད་དགོས་པ་རེད་བསམ་གྱི་འདུག དང་པོ་རྐང་པ་འཇོག་ས་མེད་པར་རྐུབ་འཇོག་ས་ཞིག་གང་ནས་རག་གི་རེད། རྐུབ་འཇོག་ས་རག་ན་ཉལ་སའང་ག་ལེར་རག་རྒྱུར་རེ་བ་ཡོད་པ་རེད། དེ་ལ་བསམ་བློ་ཡག་པོ་གཏོང་དགོས་པ་རེད་བསམ་གྱི་འདུག
རང་བཙན་བཤད་མཁན་མང་པོ་ཡོད་པ་རེད། གཞོན་ནུ་ཚོགས་པས་རང་བཙན་བཤད་ཀྱི་ཡོད་པ་རེད། བཀའ་བློན་ཁྲི་བའི་འོས་མི་ཀླུ་མཁར་བྱམས་ཀྱིས་རང་བཙན་བཤད་ཀྱི་ཡོད་པ་རེད། རང་བཙན་ག་རེ་བྱས་ནས་ལེན་རྒྱུ་ཡིན། རང་བཙན་ལེན་པའི་ཆ་རྐྱེན་ཡོད་དམ། དམག་རྒྱག་གི་ཡིན་ནམ། ངས་སྔོན་མ་ཚོགས་འདུ་དེ་འདྲའི་ཐོག་བཤད་མྱོང་ཡོད། ཁྱེད་རང་ཚོས་རང་བཙན་ལེན་པར་ཆ་རྐྱེན་ཞིག་དགོས་པ་རེད། ཆ་རྐྱེན་ག་རེ་ཡོད་གསུངས་རོགས། ཆ་རྐྱེན་མེད་པར་རང་བཙན་བརྩོད་རྒྱུ་ཡིན་ལབ་ན་འགྲིག་གི་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེའི་གསུང་ཐོག་ལ་འགྲོ་རྒྱུ་ཞེ་དྲགས་གལ་ཆེན་པོ་རེད། ༧རྒྱལ་བ་རིན་པོ་ཆེའི་གསུང་ལ་འཛམ་བུ་གླིང་གིས་ངོས་ལེན་གནང་གི་ཡོད་པ་རེད་མ་གཏོགས་རང་བཙན་ལ་ངོས་ལེན་གནང་གི་ཡོད་པ་མ་རེད།
དྲི་བ། ད་ལྟ་ཁྱེད་རང་ལ་བཟོ་གྲྭ་ལས་གཞི་རྒྱ་ཆེན་པོ་མང་པོ་ཡོད་པ་རེད། གལ་སྲིད་ཁྱེད་རང་སྤྱི་འཐུས་ནང་བསླེབ་པ་ཡིན་ན་ཁྱོད་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་ལས་དོན་ཐོག་དུས་ཚོད་གཏོང་ཐུབ་ཀྱི་ཡོད་དམ།
ལན། དེའི་སྐོར་ལ་ང་རང་གིས་སྔོན་མ་ནས་བསམ་བློ་བཏང་ཡོད། སྤྱི་འཐུས་ནང་བསླེབ་པ་ཡིན་ན་དུས་ཚོད་གཏོང་ཐུབ་དང་མི་ཐུབ། སོ་སོར་སྤྱི་འཐུས་བྱེད་རྒྱུའི་འཇོན་ཐང་དང་ནུས་པ་ག་རེ་ཡོད་མེད་ཐོག་ང་རང་གིས་བསམ་བློ་བཏང་པ་ཡིན། སྤྱི་འཐུས་གྲོས་ཚོགས་ནང་བསླེབས་རྗེས་སྤྱི་བའི་ལས་ཀ་འཐུས་ཤོར་བཏང་ན་རྩ་བ་ནས་འགྲིག་གི་ཡོད་པ་མ་རེད། ད་ལྟ་ང་རང་ཚོར་བཟོ་གྲྭ་ ༥ ཡོད་པ་རེད་ལ་ལས་བྱེད་ཧ་ཅང་མང་པོ་ཞིག་ཡོད་པ་རེད། ཡིན་ནའང་ད་ལྟའི་ཆར་ང་ཚོས་ཟླ་བ་གཅིག་གི་ཉི་མ་ ༡༠ རེ་བོད་སྤྱི་བའི་ཐོག་དུས་ཚོད་གཏོང་གི་ཡོད། སྤྱི་འཐུས་ཁོ་རང་ཚོའི་ཚོགས་འདུ་ཚོགས་པ་དང་ཡར་མར་གཞུང་དོན་ལ་འགྲོ་དགོས་པ། དེ་བཞིན་ནམ་བཞག་རྒྱུན་དུ་སྤྱི་ཚོགས་ནང་འགན་འཁུར་དགོས་པ་དེ་ཚོར་གནོད་སྐྱོན་རྩ་བ་ནས་མ་ཐེབས་པ་ཞིག་བྱེད་དགོས་པ་རེད།
ད་ལྟ་ངས་ཁྱེད་རང་ལ་གཅིག་ཞུ་རྒྱུ་ཡིན། ཁྱེད་རང་གིས་སྲུང་མ་ཚོགས་པའི་སྐོར་ལ་དྲི་བ་དྲིས་མ་སོང་། ངས་ག་རེ་བཤད་འདོད་བྱུང་སོང་ཟེར་ན། ༧རྒྱལ་བ་རིན་པོ་ཆེ་ཡི་ཐུགས་རྗེ་བཀའ་དྲིན་དང་བོད་གཞུང་གི་བཀའ་དྲིན་གྱིས་བོད་པ་ཚོ་ཕྱི་རྒྱལ་ལ་བསླེབས་པ་དང་ཕྱི་རྒྱལ་ལ་སྡོད་ཐུབ་ཀྱི་ཡོད་པ་རེད། དེ་བཞིན། ཁོ་རང་ཚོར་ཡོན་ཏན་དང་དཔལ་འབྱོར་གང་ལ་གང་འཚམ་རག་གི་ཡོད་པ་དེའང་༧རྒྱལ་བ་རིན་པོ་ཆེ་ཡི་བཀའ་དྲིན་ལ་བརྟེན་ནས་བྱུང་པ་རེད། ཡིན་ཡང་ཁོ་ཚོ་ཁ་ཤས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ཕྱི་རྒྱལ་ལ་ཕེབས་སྐབས་ངོ་རྒོལ་བྱེད་བཞིན་ཡོད་པ་དེ་ཐབས་སྐྱོ་བོ་ཞེ་དྲགས་རེད། ༧རྒྱལ་བ་རིན་པོ་ཆེས་ག་རེ་གསུང་གི་འདུག་ཅེ་ན། ཁྱེད་རང་ཚོས་སྲུང་མ་གསོལ་ན་ང་ཚོའི་སྤྱི་ཚོགས་ལ་གནོད་ཀྱི་འདུག ནང་པའི་ཆོས་བྱེད་མཁན་ཞིག་གིས་གདོན་འདྲེ་གསོལ་ན་འགྲིག་གི་ཡོད་པ་མ་རེད། གལ་སྲིད་ཁྱེད་རང་ཚོས་གསོལ་རྒྱུ་ཡིན་ན་གསོལ། གསོལ་རྗེས་ངའི་རྩ་ནས་ཆོས་མ་ཞུ། བླ་མ་དང་སློབ་མའི་བར་ལ་དམ་ཚིག་དགོས་ཀྱི་ཡོད་པ་རེད། ཅེས་གསུང་པ་ཡིན་ན་ཁོ་རང་ཚོའི་རང་དབང་བཀག་སོང་ཟེར་ནས་འཁྱོག་བཤད་བྱེད་ཀྱི་ཡོད་པ་རེད།
༧རྒྱལ་བ་རིན་པོ་ཆེ་ཡིས་ཤ་མ་ཟ་སྡུག་པ་ཡོད་རེད་གསུང་གི་ཡོད་པ་རེད། ཐ་མག་དང་ཆང་རག་འཐུང་ན་གཟུགས་པོར་གནོད་པ་ཡོད་པ་རེད་གསུང་གི་ཡོད་པ་རེད། དེ་བཞིན། སྟག་གཟིག་གི་ལྤགས་སྲམ་སོགས་མ་གྱོན་རོགས། ཁོར་ཡུག་དང་རི་དྭགས་རྩ་ཆེན་པོ་དེ་ཚོར་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པ་རེད་གསུང་གི་ཡོད་པ་རེད། དེར་ཁོ་ཚོས་ང་ཚོའི་ཤ་དང་ཐ་མག ཨ་རག་འཐུང་འཇུག་གི་མི་འདུག་ཅེས་ནས་སྐད་བརྒྱབ་པ་དང་གཅིག་པ་རེད། དེ་འགྲིག་གི་ཡོད་པ་མ་རེད། ཁོ་རང་ཚོས་ཁ་ནས་སྲུང་མ་ལབ་ཀྱི་ཡོད་པ་རེད་མ་གཏོགས་ལས་ཀ་བྱེད་སྟངས་རྒྱ་ནག་གི་བྱེད་སྟངས་དང་གཅིག་པ་རེད། རྒྱལ་བ་རིན་པོ་ཆེར་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད། བོད་པའི་སྤྱི་ཚོགས་ནང་ཁུལ་ལ་དཀྲུག་ཤིང་རྒྱག་གི་ཡོད་པ་རེད།
གསར་འགོད་པ། འཇིགས་མེད་རྒྱ་མཚོ།
དངོས་འབྲེལ་ཡག་པོ་གསུངས་འདུག ཐུགས་རྗེ་ཆེ། མདོ་སྟོད་མི་དམངས་ཀྱིས་ སྤྱི་མིར་འོས་འདེམས་གནང་གལ་ཆེ།
རྒྱུ་འབྱོར་བའི་སྟོབས་ཤུགས་ཡོད་པ། ནང་དཀྲུག་པའི་ཕྱོགས་རེས་མེད་པ། སེམས་གཏིང་ནས་༧གོང་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་འདུན་ཡོད་མཁན་ཁྱེད་ལྟ་བུ་ནི་བོད་ཀྱི་སྤྱི་འཐུས་ཆགས་དགོས་པ་ལྟ་བུ་ཞིག་རེད་མོད། དེང་སང་ཆོལ་ཁ་དང་ཆོས་བརྒྱུད་འགའ་རེ་ལ་ཞེན་ཁོག་དང་དཀྲུག་ཤིང་གི་ལས་མ་བསྒྲུབས་ཚེ། གུ་དོགས་པའི་ཆབ་སྲིད་པ་ཆུང་ཆུང་དག་རྩེད་མོ་རྩེ་སྟངས་འདིའི་ཁྲོད་ནས་ཁྱེད་སྤྱི་འཐུས་ལ་སླེབས་ཐབས་མེད་པ་ལྟ་བུ་ཞིག་རེད། འོན་ཀྱང་། ཐུགས་མ་ཕམ་རོགས། བོད་སྤྱི་ལ་མི་ཕན་པའི་ཕྱོགས་རེས་ཀྱི་དཔུང་སྡེའི་ནང་འཚང་ཁ་རྒྱག་པ་ལས། རང་ཚུགས་བརྟན་པོའི་ངང་། བློ་སེམས་དཀར་པོའི་ངང་། སྔར་བཞིན་བོད་སྤྱི་ཚོགས་སུ་ཞབས་ཞུ་རྣལ་མ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ན་གཟི་བརྗིད་དང་དགེ་མཚན་ཆེ་ངེས། (རྒྱ་གར་བྷི་ཧར་མངའ་སྡེའི་བློན་ཆེན་མིང་འཛིན་པ་ལ་ལུ་པེར་ས་ཊ་ཡིས་གཞི་རིམ་སློབ་གྲྭ་ཙམ་ཡང་འགྲིམ་མ་མྱོང་བའི་རང་གི་ཆུང་མ་སྲིད་སྟེགས་སུ་བསླངས་པ་བཞིན། དེང་སང་གཞི་རིམ་སློབ་མའི་ཆུ་ཚད་ཙམ་ཡང་མེད་ཀྱང་། ཞེན་ཁོག་གིས་འོས་གྲངས་ཡང་རྩེར་སོན་པ་དེ་འདྲ་བོད་ཀྱི་སྤྱི་ཚོགས་ནང་དངོས་སུ་ཡོང་གི་ཡོད་པ་རེད། ) བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག །
བྱམས་སེམས་ལྡན་ལ་གཏོང་ཕོད་ཆེ་བའི་སྦྱིན་བདག་ཆེན་མོ་སིམ་ལ་བ་བསྟན་འཛིན་ལགས་ཀྱི་མཚན་སྙན་གྲགས་ཐོས་ཀྱང་ཞལ་དངོས་སུ་དེ་རིང་འདི་ནས་འཇལ་བ་དགའ་བོ་བྱུང་། འོས་འགྲན་ཁྱོད་ཁྱོད་ལ་རྒྱལ་ཁ་ཐོབ་པའི་བཀྲ་ཤིས་སྨོན་ལམ་ཡོད།
ལྷག་བསམ་དཀར་ལ་རང་ཚུགས་བརྟན་པོས་བོད་བསྟན་སྲིད་སྤྱི་ལ་སྨན་པའི་ལས་དོན་ལོ་དང་ཟླ་བ་སྦྲིལ་ནས་གནང་མཁན་བསྟན་འཛིན་ལགས་ལ་ཚང་མས་རྒྱབ་སྐྱོར་ཞུ་འོས་ངེས་ཤིག་རེད།་་་མགོ་ལ་བཞུགས་མཁན་དཔོན་པོ་དེ་ཚོ་དཀའ་ངལ་དང་རྙོག་དྲ་འཕྲད་དུས་རང་ཉིད་ཀྱི་ཐོབ་ཐང་དང་མིང་གྲགས་ལ་སྐྱོན་འཛུགས་ཡོང་རྒྱུར་སྐྲག་སྟེ་མི་གཞན་གྱི་ལག་ཆ་ཆགས་འགྲོ་ཡི་ཡོད་པར་འདས་པའི་ལོ་རྒྱུས་དངོས་ཀྱི་བྱུང་རིམ་ནང་དུ་མང་པོ་ཡོད་ལ།་་་ད་ལྟའི་ཆར་ཡང་དེ་དག་ཉམས་མྱོང་ཞིག་ཏུ་རྩིས་ཏེ་ངན་པ་ལང་ཤོར་དུ་འགྲོ་བཞིན་པ་ཞིག་དང་།་་་་བཀའ་སྤྱི་རྙིང་པ་ཚོར་ཉམས་མྱོང་ཡོད་རེད་ཅེས་ལོང་བཤད་བྱེད་མཁན་དང་།་་་རེ་འགས་ཉམས་མྱོང་ཡོད་ཅེས་རང་གིས་རང་ལ་འུར་བསྟོད་དང་འུར་བསྒྲོགས་བྱེད་ཀྱི་ཡོད་པ་རེད།་་་་ད་བར་བོད་བསྟན་སྲིད་སྤྱི་དང་ཁྱད་པར་དུ་༸གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་དོན་འཁྱོལ་ལག་བསྟར་གནང་མཁན་ཉུང་དྲག་པ་ལས་མང་བ་བྱུང་མེད།་་་མདོར་བསྡུས་ན།་་་་ད་ལྟའི་ཆར་༸གོང་ས་མཆོག་ལ་གཞི་མེད་ཀྱིས་མཚན་སྨད་ཞུ་མཁན་དང་ཟེུར་ཟ་སྒྲོ་མདོག་ཞུ་མཁན་ཇེ་མང་དུ་འགྲོ་བཞིན་པ་འདི་ཚོ་ལའང་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ནས་བཀག་བསྡོམས་གནང་མ་ཐུབ་པ་དེས་གང་ཞིག་མཚོན་གྱི་འདུག་གམ།་་་ད་དུང་མགོ་ལ་བཞུགས་མཁན་ལ་ལས་དེ་དག་དང་ལྐོག་གྱུར་གྱི་ངན་འབྲེལ་བརྒྱུད་བསྐུལ་གང་ཡང་གནང་སྲིད་པ་ལས་གནང་གི་མ་རེད་ཅེས་བརྗོད་ཐུབ་བམ།་་་དོན་དུ།་་་སྤྱི་འཐུས་ནང་དུ་བསྟན་འཛིན་ལགས་འདྲ་བའི་བསམ་ཕོད་ལ་བྱེད་ཐུབ་མཁན།་་དྲང་ཚུགས་ཅན་གྱི་མི་ཁག་གཅིག་ཡོད་དགོས་པ་དེ་ནི་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་པར་ཚང་མས་དགོངས་པ་བཞེས་དགོས་ཀྱི་འདུག་གོ།
གཞན་ཕན་དང་གཏོང་ཕོད་ཆེ་བའི་མདོ་སྟོད་སྤྱི་འཐུས་འོས་མི་བསྟན་འཛིན་ལགས་ནི་སྤྱི་ཚོགས་ཁྲོད་ཁ་ཡོད་ལག་ཡོད་ཀྱི་ཕན་ནུས་སྐྲུན་ཐུབ་མཁན་ཞིག་ཡིན་པར་གདོན་མི་ཟ། གུས་པས་འདིར་མཆན་བཏབ་དོན་ནི་ཁོང་ལ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད་ཁོང་གི་མི་གཤིས་ལེགས་པའི་དཔང་པོ་བྱ་རྒྱུ་དེ་ཡིན། ངས་ཁོང་གི་གཏོང་ཕོད་དང་གཞན་ཕན་གྱི་ལྷག་བསམ་དག་ནི་ཁོང་གི་སྤུན་མཆེད་དང་ས་གནས་གནས་སྡོད་ཀྱི་ངོ་ཤེས་དག་ལས་ཤེས་བྱུང་ལ་རང་ངོས་ནས་ཀྱང་ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པའི་དཔེར་གཞིགས་ཏེ་ཤེས་གང་ཐུབ་བྱས་མྱོང། དེར་བརྟེན་ཁྱེད་ནས་ཀྱང་ཁོང་ལ་རྒྱབ་སྐྱོར་གནང་རོགས།
བྱམས་བརྩེ་དང་གཞན་ཕན་གྱི་ལྷག་བསམ་ཤིན་ཏུ་དཀར་བའི་བསྟན་འཛིན་ལགས་ཀྱི་མཚན་དང་སྙན་གྲགས་སྔོན་མ་ནས་གོ་མྱོང་ཡོད། ཁྱོད་རང་ལ་རྒྱུ་ཆེན་པོ་ཡོད་པ་དང་མི་གཞན་ལ་རོགས་རམ་གནང་རྒྱུར་དགའ་བོ་ཡོད་པ་རེད་ཟེར་བ་གོ་མྱོང་ཡོད། ཁྱོད་ལྟ་བུ་བོད་པའི་སྤྱི་འཐུས་ནང་སླེབས་པ་ཡིན་ན་མི་མང་ལ་ཕན་ཐོག་པ་མ་ཟད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱན་ཆ་ཞིག་ཆགས་ངེས་ཡིན་པས་ང་རང་གིས་ཁྱོད་རང་ལ་འོས་ཤོག་བླུག་རྒྱུའི་ཁས་ལེན་བྱས་པ་ཡིན།