མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦལ་ཏི་ཡུལ་དུ་བོད་ཡིག་བསྐྱར་གསོ།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། མུ་ཧ་མ་དྷི་ ར་ཟ་ གྷ་ལིབ།

ལོ་ཙཱ་བྱེད་མཁན། བསྟན་འཛིན་ཉིན་བྱེད་དང་ཚེ་རིང་རྒྱལ།

rinchen

 

 

 

 

 

 

 

 

 

 

 

དེང་གི་སྦལ་ཏི་སི་ཐན་གྱི་ཁོངས་སུ་གངས་ཆེ་དང་བྲག་མཁར། མཁར་མང་། རོང་མདོ། སྐར་རྡོ་བཅས་ས་ཁུལ་ཁག་ཚུད་ཀྱི་ཡོད་ལ། ཡུལ་མི་མང་ཆེ་བས་སྦལ་ཏིའི་སྐད་བཤད་ཀྱིན་ཡོད། ཚོ་ཁག་འགའ་རེས་ཤིས་ནའ་སྐད་ (Shina) དང་དེ་མིན་གྱི་སྐད་ཡིག་གཞན་སྤྱོད་ཀྱིན་ཡོད། སྦལ་ཏི་མི་མང་བརྒྱ་ཆ་དགུ་བཅུ་ནི་བོད་རིགས་ཡིན། འདས་པའི་ལོ་རྒྱུས་ནང་ས་ཁུལ་འདིར་སྦལ་ཏི་ཡུལ་དང་ནང་གོང་ (Nang-gong) སོགས་མིང་འདྲ་མིན་འབོད་སྲོལ་འདུག སྦལ་ཏི་སི་ཐན་ཞེས་པའི་མིང་དེ་ནི་ཕྱི་ལོ་ ༡༨༤༠ ལོའི་རྗེས་སུ་བྱུང་བ་ཞིག་ཡིན་ལ། སྐབས་དེ་དུས་ས་ཁུལ་འདི་ཊོག་ར་རྒྱལ་ཕྲན་ (Dogra) གྱི་མངའ་ཁོངས་སུ་བསྒྱུར་པ་དང་། ཏ་ཟིག་སྐད་ (Persian) གཞུང་འབྲེལ་སྐད་ཡིག་ཏུ་བེད་སྤྱོད་བྱས་པ་བཅས་ལ་བརྟེན་ནས་མིང་དེ་ཡོངས་གྲགས་ཆགས་པ་ཞིག་རེད།

 

དུས་རབས་བཅུ་བཞི་པའི་ནང་དབུས་ཨེ་ཤ་ཡ་དང་ཀ་ཤི་སྨྲིར་གྱི་ཁ་ཆེ་ (Muslim) ཆོས་སྤེལ་བ་ཚོས་སྦལ་ཏི་ཡུལ་དུ་དབྱི་སི་ལིམ་ཆོས་ལུགས་ (Islam) ཐོག་མར་ངོ་སྤྲོད་བྱེད་མགོ་ཚུགས་ཡོད་པ་དང་། ཁོང་ཚོས་ས་ཁུལ་འདིར་དབྱི་སི་ལིམ་ཆོས་ལུགས་ལག་བསྟར་བྱས་པར་བརྟེན། སྦལ་ཏིའི་ཡུལ་མིས་ངོས་ནས་སོ་སོའི་སྲོལ་རྒྱུན་གོམས་གཤིས་དང་བྱེད་སྒོ་རྣམ་གཞག རིན་ཐང་ལྟ་བ་བཅས་འདོར་མགོ་ཚུགས་ཡོད། མ་གཞི་སྐད་ཡིག་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེ་ཤོས་ཤིག་ཡིན་པ་ལྟར།   དུས་སྐབས་དེར་སྦལ་ཏིའི་སྐད་ཡིག་ (Balti) ལ་དོ་ཕོག་ཤུགས་ཆེན་པོ་བྱུང་ཡོད། སྦལ་ཏིའི་སྐད་ཡིག་དབྱི་སི་ལིམ་ཆོས་ལུགས་ཀྱི་ངོ་བོར་བསྒྱུར་པར་བརྟེན། སྦལ་ཏིའི་ཐ་སྙད་དང་ཚིག་བརྗོད་མང་པོ་ཞིག་གི་ཚབ་ཏུ། ཨ་རབ་ (Arab) དང་ཕར་ཤི་ཡཱའི་ཐ་སྙད་དང་ཚིག་བརྗོད་སྤྱོད་མགོ་ཚུགས་ཡོད། ཕར་ཤི་ཡཱའི་སྐད་དེ་རྒྱ་ཁྱབ་ཏུ་འགྱུར་དགོས་པའི་རྒྱུ་མཚན་ནི། དབྱི་སི་ལིམ་ཆོས་སྤེལ་བ་རྣམས་ཕར་ཤི་ཡཱ་ནས་ཡིན་པ་མ་ཟད། ཕར་ཤི་ཡཱའི་སྐད་ཡིག་ལ་སྐབས་དེའི་མུ་གྷལ་བཙན་པོ་ (Mughal Empire) དང་སྦལ་ཏི་ས་གནས་དཔོན་རིགས་ཚོས་རོགས་འདེགས་ཤུགས་ཆེན་པོ་བྱས་པས་རེད།

 

དུས་ཀྱི་འགྱུར་བ་དང་བསྟུན་ནས་སྐད་ཡིག་ལ་ཆོས་ལུགས་ཀྱི་ཚོས་མདོག་བྱུགས་ཏེ། ཁ་ཆེ་བླ་དཔོན་ཚོས་བོད་ཡིག་ནི་ནང་ཆོས་ཀྱི་ཡི་གེར་ངོས་འཛིན་བྱས་ཏེ། སྦལ་ཏིའི་ཡུལ་མི་ཚོར་བོད་ཡིག་སྤྱོད་རྒྱུར་སྐྱོན་བརྗོད་བྱེད་མགོ་ཚུགས་ཡོད། དེར་བརྟེན། བོད་ཡིག་བེད་སྤྱོད་བྱེད་རྒྱུ་མཐའ་གཅིག་ཏུ་མཚམས་འཇོག་བྱས་པ་རེད། དེང་སང་ཡང་བོད་ཡིག་ལ་“བཅོམ་ལྡན་འདས་ཀྱི་ཆོས་ཡིག” (Bodh agay) ཅེས་འབོད་བཞིན་ཡོད། ཁ་ཆེ་བླ་དཔོན་དེ་དག་གིས་དབྱི་སི་ལིམ་ཆོས་ལུགས་དད་ལྡན་པ་ཚང་མས་སོ་སོའི་མི་ཚེ་ནང་ཕྱོགས་ཡོངས་ནས་དབྱི་སི་ལིམ་ལུགས་སྲོལ་ལག་བསྟར་བྱེད་དགོས་པར་བཀོད་མངགས་བྱས་པར་བརྟེན། སྦལ་ཏི་ཡུལ་མི་ཚོའི་ངོས་ནས་ཨ་རབ་དང་ཕར་ཤི་ཡཱའི་ཡི་གེ་སྦྱོང་མགོ་ཚུགས་ཡོད། དེའི་རྒྱུ་མཚན་ནི་ཡི་གེ་དེ་ཉིད་དབྱི་སི་ལིམ་ཆོས་ལུགས་སློབ་གཉེར་བྱེད་པར་གལ་ཆེན་པོ་ཆགས་ཡོད། བོད་ཡིག་མཚམས་འཇོག་བྱས་པའི་རྐྱེན་གྱིས་སྦལ་ཏི་ཡུལ་མིས་སྦལ་ཏིའི་བོད་ཡིག་ཨ་རབ་དང་ཕར་ཤི་ཡཱའི་ཡིག་གཟུགས་ནང་འབྲི་མགོ་ཚུགས་པ་རེད། ཡ་མཚན་པ་ཞིག་ལ་ཕར་ཤི་ཡཱ་མི་རིགས་ཚོས་ཕར་ཤི་ཡཱ་རྒྱལ་ཁབ་ (Persia) ནང་དབྱི་སི་ལིམ་ཆོས་ལུགས་དང་ཨ་རབ་སྐད་ཡིག་ངོ་སྤྲོད་བྱས་ཡོད་ཀྱང་། ཁོང་ཚོས་སོ་སོའི་ཕར་ཤི་ཡཱའི་སྐད་ཡིག་དང་ཡུལ་སྲོལ་སྔར་མུས་ལྟར་རྒྱུན་འཛིན་བྱེད་བཞིན་ཡོད། དེ་ནི་སྦལ་ཏིའི་ཡུལ་མི་ཚོའི་བྱེད་སྟངས་ལས་རྦད་དེ་ལྡོག་ཡོད། དེར་བརྟེན། ད་ལྟའི་སྦལ་ཏིའི་སྐད་ཡིག་གི་ཉེན་འཇིགས་ལས་དབང་དེ་ཉིད། ཕར་ཤི་ཡཱའི་སྐད་ཀྱིས་མྱངས་དགོས་ཆགས་མེད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་ལྷན་ཚོགས་ (UNESCO) ལྟར་ན། ད་ཆར་སྦལ་ཏིའི་སྐད་ཡིག་ནི་རྩ་སྟོངས་འགྲོ་ཉེན་གྱི་སྐད་ཡིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།

 

ང་རང་གི་ངོས་ནས་ཆོས་ལུགས་དང་ཡི་གེ་གཉིས་ཐ་དད་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། སྦལ་ཏི་ཡུལ་དུ་དབྱི་སི་ལིམ་ཆོས་ལུགས་མ་དར་བའི་ཡར་སྔོན་ལ། སྦལ་ཏིའི་ཡུལ་མི་རྣམས་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་དེ་ཚད་མཐོའི་རིག་གནས་སློབ་གཉེར་གནང་སྲོལ་ཡོད། དེ་ལྟར་སྦལ་ཏི་དང་བོད་གཉིས་བར་ལོ་རྒྱུས་ཀྱི་འབྲེལ་བ་གཏིང་ཟབ་ཡོད། འོན་ཀྱང་། བོད་ཀྱི་བཙན་པོའི་རྒྱལ་ཁབ་འཐོར་བཤིག་སོང་སྟེ་ནང་ཁུལ་ཁ་འཐོར་དུ་གྱུར་བ་དང་། སྦལ་ཏི་ཡུལ་དུ་དབྱི་སི་ལིམ་ཆོས་ལུགས་ངོ་སྤྲོད་བྱེད་མགོ་ཚུགས་པ་ནས་བཟུང་། སྦལ་ཏི་ཡུལ་གྱི་ཁ་ཆེ་མགོ་ཁྲིད་ཚོས་བོད་ཐོག་ཆེད་མངགས་ཆོས་ལུགས་ཀྱི་འཁོན་འཛིང་རབ་དང་རིམ་པ་སྤྱད་དེ། བོད་དང་སྦལ་ཏིའི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་ཐག་བཅད་པ་རེད།   དེ་ལྟར་བོད་དང་སྦལ་ཏིའི་ལོ་རྒྱུས་འབྲེལ་ལམ་ལ་དོ་ཕོག་བྱུང་བ་དང་། བོད་ཡིག་དེ་ནང་ཆོས་ཀྱི་ངོ་བོར་ཡོངས་ཁྱབ་ངོས་འཛིན་གྱིས་སྦལ་ཏིའི་བོད་ཡིག་ལོ་བརྒྱ་ཕྲག་འགའ་ཤས་རིང་སྣང་མེད་སྐྱུར་འཇོག་བྱས་ཡོད།

 

renchenསྤྱིར་སྦལ་ཏིའི་ཡུལ་མི་ཚོས་ཆོས་ལུགས་ཀྱི་དོན་གནད་རྣམས་སྦལ་ཏིའི་སྐད་ཡིག་ནང་འགྲེལ་བརྗོད་ཡག་པོ་བྱེད་ཐུབ་ཀྱིན་ཡོད་ནའང་། དེ་ལྟར་མ་བྱས་པར་ཨ་རབ་དང་ཕར་ཤི་ཡཱའི་སྐད་ཡིག་སྤྱོད་རྒྱུར་དབྱིངས་ཞུགས་པར་བརྟེན། སྦལ་ཏིའི་ཐ་སྙད་རྣམས་བེད་མེད་དུ་གྱུར་པ་དང་། གསེར་ལས་དཀོན་པའི་རྩ་ཆེའི་ཚིག་བརྗོད་རྣལ་མ་རྣམས་མི་རབས་རིམ་བརྒྱུད་ཀྱིས་བོར་བརླག་ཕྱིན་ཡོད། སྦལ་ཏིའི་ཡུལ་མི་རྣམས་ཕྱི་རྒྱལ་སྐད་ཡིག་ལ་ཕར་བསྟུན་ཤུགས་ཆེ་རུ་གྱུར་ཡོད། དེང་སྐབས་སྦལ་ཏིའི་ཡུལ་མི་མང་པོ་ཞིག་གིས་སྦལ་ཏི་བོད་ཡིག་གི་ཐ་སྙད་དང་ཚིག་བརྗོད་དེ་རིགས་འབྲི་ཀློག་ཤེས་ཀྱི་མེད་པ་མ་ཟད། ཐ་ན་གོ་དོན་ཡང་རྟོགས་ཐུབ་ཀྱི་མེད་པ་རེད།

 

འདས་པའི་ལོ་ངོ་དྲུག་བརྒྱའི་རིང་སྦལ་ཏིའི་བོད་ཡིག་ཚགས་ཚུད་པོ་ཞིག་གནས་ཡོད། ད་ལྟའི་ཆར་སྦལ་ཏིའི་བོད་ཡིག་སྣང་མེད་དུ་འགྱུར་བཞིན་པའི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད། དེའི་རྒྱུ་མཚན་ནི་སྦལ་ཏི་ཡུལ་མི་མང་པོ་ཞིག་གིས་དབྱིན་སྐད་དང་ཨུར་དྷུ་སྐད་སྤྱོད་མགོ་ཚུགས་ཡོད་ལ། དེ་བཞིན། སྦལ་ཏིའི་ཐ་སྙད་ཀྱི་སྤྱོད་སྒོའི་ཁྱབ་རྒྱ་སྔར་ལས་ཀྱང་ཆུང་དུ་འགྲོ་བཞིན་ཡོད། ད་ལྟའི་ཆར་སྦལ་ཏིའི་ཡུལ་མི་ཕྱེད་ཀ་ལྷག་ཙམ་གྱིས་སོ་སོའི་སྐད་ཡིག་ངོས་ཟིན་གྱི་མེད། ཚོད་དཔགས་བྱས་ན་སྦལ་ཏི་ཡུལ་དུ་མི་ཁྲི་གཅིག་གི་ནང་ནས་མི་གཅིག་ཙམ་གྱིས་བོད་ཡིག་ཕྲན་བུ་ཤེས་རྟོགས་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད།

 

ད་ལྟའི་ཆར་ང་ཚོར་སྦལ་ཏིའི་ལོ་རྒྱུས་དང་འབྲེལ་བའི་ཡིག་ཆ་དང་རྒྱུ་ཆ་ཧ་ཅང་དཀོན་པོ་རེད། དེ་བས་ཡུལ་མིའི་ངོས་ནས་སོ་སོའི་འོད་སྟོང་འབར་བའི་ལོ་རྒྱུས་ཤེས་ཀྱིན་མེད་པ་རེད། ལྷག་པར་དུ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་སྦལ་ཏི་བོད་ཡིག་སྣང་མེད་སྐྱུར་འཇོག་བྱས་པ་དེས། སྦལ་ཏིའི་སྐད་ཡིག་ལ་བསྐྱར་གསོན་དཀའ་བའི་ཉམས་ཉེས་ཆེན་པོ་བྱུང་ཡོད། གལ་སྲིད། ཤེས་ཡོན་ཅན་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ། གཞུང་ཞབས་མི་སྣ། རྩོམ་པ་པོ། དེ་བཞིན། མཐོ་སློབ་ཀྱི་དགེ་རྒན་ཚོས་ཧི་མ་ལའི་རི་རྒྱུད་ཀྱི་སྐད་ཡིག་རྙིང་ཤོས་གྲས་ཡིན་པ་སྦལ་ཏི་བོད་ཡིག་བསྐྱར་གསོ་ཡོང་ཐབས་ལ་འབད་བརྩོན་མ་བྱས་ཚེ། སྦལ་ཏི་བོད་ཡིག་གི་མདུན་ལམ་མུན་ནག་ཅན་དུ་འགྱུར་ངེས་སོ།

 

སྒྱུར་བ་པོས་བཀོད་པའི་ཟུར་མཆན།

༡༽རྩོམ་ཡིག་འདི་འབྲི་མཁན་གྱི་རྩོམ་པ་པོ་མུ་ཧ་མ་དྷི་ ར་ཟ་ གྷ་ལིབ་ (Muhammad Raza Ghalib) ལགས་ནི། སྦལ་ཏི་ཡུལ་གྱི་སྐར་རྡོ་རྫོང་དུ་དགེ་རྒན་དང་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་གནང་མཁན་ཞིག་རེད། རྩོམ་ཡིག་འདི་ནི་བླ་དྭགས་སུ་འགྲེམས་སྤེལ་བཞིན་པའི་ཟླ་རེའི་དུས་དེབ་ <<གསར་པ>> (Stawa) ཞེས་པའི་སྟེང་འདོན་སྤེལ་བྱས་པ་ཞིག་རེད།

 

༢༽སྦལ་ཏི་ཡུལ། (Baltistan) བོད་བཙན་པོའི་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཁུལ་གྲས་ཤིག་ཡིན། བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ནང་བོད་ཡུལ་སྟོད་སྨད་བར་གསུམ་དུ་དབྱེ་སྲོལ་ཡོད་པ་ལྟར། སྟོད་མངའ་རིས་སྐོར་གསུམ་སྟེ་སྤུ་ཧྲེང་དང་མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག ཞང་ཞུང་དང་ཁྲི་ཏེ་སྟོད་སྨད་གསུམ་སྐོར་གཅིག འཆིམ་མམ་ལི་དང་བྲུ་ཤ སྦལ་ཏི་གསུམ་སྐོར་གཅིག་ཅེས་གྲགས་པའི་གནའ་བོའི་སྦལ་ཏི་ཡུལ་གྱི་ཁོངས་གཏོགས་ས་ཁུལ་གྲས་ཤིག་ཡིན་ལ། གཡག་རྭ་སྨུག་པོའི་རི་རྒྱུད་ (Karakoram Pass) ཀྱི་ལྷོ་རྒྱུད་དུ་ཆགས་ཡོད། ཕྱི་ལོ་ ༡༩༤༧ ལོ་ནས་བཟུང་པ་ཀི་སི་ཐན་རྒྱལ་ཁབ་ཀྱི་དབང་བསྒྱུར་མངའ་ཁོངས་སུ་ཚུད་ཡོད་པ་དང་། ད་ལྟའི་ཆར་རྒྱལ་ཁབ་དེའི་བྱང་ཕྱོགས་མཐའ་མཚམས་ཁུལ་དུ་ཡོད་པའི་ “གྷལ་གྷི་ཌི་དང་སྦལ་ཏི་ཡུལ” (Gilgit-Baltistan) དུ་འབོད་པའི་མངའ་སྡེའི་ཁོངས་སུ་བཅུག་ཡོད་ལ། ནུབ་དུ་པ་ཀི་སི་ཐན་གྱི་གྷལ་གྷི་ཌི་ས་ཁུལ་དང་། བྱང་དུ་ཤར་ཏུར་ཀི་སི་ཐན་(Turksatan)ཏེ་ད་ལྟའི་རྒྱ་ནག་ཁོངས་སུ་ཡོད་པའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་། ཤར་དུ་ད་ལྟའི་རྒྱ་གར་ཁོངས་གཏོགས་བླ་དྭགས། ལྷོ་རུ་ཀ་ཤི་སྨྲིར་ས་ཁུལ་བཅས་དང་མཐའ་བྲེལ་ཏུ་ཆགས་ཡོད། དེང་སྐབས་པ་ཀི་སི་ཐན་རྒྱལ་ཁབ་ནང་སྦལ་ཏི་ཡུལ་ཞེས་སུ་འབོད་པ་དེའི་ཁོངས་སུ་སྐར་རྡོ་ (Skardo) དང་། གངས་ཆེ (Gang-chhe)། བྲག་མཁར (Shi-gar)། མཁར་མང་ (Kharmang)། རོང་མདོ་ (Rongdo) བཅས་རྫོང་ཁག་ལྔ་ཚུད་ཡོད་ལ། རྫོང་ཁག་མང་ཆེ་བ་སེང་གེ་འབབ་གཙང་པོའི་རྒྱུད་ཀྱི་ཉེ་ཁུལ་དུ་ཆགས་ཡོད། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༧༢༠༠༠ དང་མི་འབོར་ ༣༢༢༠༠༠ ལྷག་ཡོད(༢༠༠༢ ལོའི་མི་འབོར་གྲངས་ཚད་ཡིན)། ད་ལྟའི་ཆར་སྦལ་ཏི་ཡུལ་དུ་གཞུང་ཡིག་ལ་ཨུར་དྷུ་ (Urdu) ཡི་གེ་སྤྱོད་ཀྱིན་ཡོད་པ་རེད། ཡིན་ནའང་། ས་གནས་ཡུལ་མིའི་ཁ་སྐད་ནི་སྦལ་ཏིའི་བོད་སྐད་ཡིན། སྦིལ་ཏིའི་རིག་གཞུང་ཐེབས་རྩ་ཁང་དུ་ཕྱག་ལས་གནས་ཞིང་གླིང་རྗེ་གེ་སེར་རྒྱལ་པོའི་སྒྲུང་སྦལ་ཏིའི་ཡུལ་སྐད་ནང་ཞིབ་འབྲི་གནང་མཁན་སྐུ་ཞབས་ཁ་ཛི་མཱི་ (Kazmi) ལགས་ཀྱིས་སྦལ་ཏི་ཡུལ་དུ་དུས་རབས་དྲུག་པ་ནས་བཟུང་བོད་ཡིག་གི་འབྲི་རྒྱུན་ཡོད་པར་བཤད། པ་ཀི་སི་ཐན་གྱི་ཨ་གྷ་ཁན་རིག་གཞུང་ཞབས་ཞུ་ཁང་ (Agha Khan Trust for Culture) སོགས་ཀྱི་རོགས་སྐྱོར་འོག ཁོང་གིས་ཕྱི་ལོ་ ༡༩༩༩ ལོ་ནས་བཟུང་སྦལ་ཏི་ཡུལ་དུ་བོད་ཡིག་སླར་གསོའི་ཕྱག་ལས་གནང་མགོ་བཙུགས་ཏེ། སྦལ་ཏིའི་བོད་ཡིག་ནང་གཞི་རིམ་གྱི་སློབ་དེབ་དཔར་སྐྲུན་བྱས་པ་མ་ཟད། སྐར་རྡོ་གྲོང་ཁྱེར་ནང་ཚོང་ཁང་གི་སྒོ་བྱང་དག་ཀྱང་སྦལ་ཏི་བོད་ཡིག་ནང་འབྲི་བར་རོགས་རམ་གནང་ཡོད་པ་རེད། དེང་གི་ཆར་སྦལ་ཏི་ཡུལ་གྱི་གཞོན་སྐྱེས་ཤེས་ལྡན་པའི་ཁྲོད་སོ་སོའི་སྐད་ཡིག་སླར་གསོའི་ལས་དོན་ཐད་དོ་སྣང་བྱ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་། ད་དུང་ཆོས་ལུགས་དང་མི་རིགས་སོགས་ཕྱི་ནང་འགལ་རྐྱེན་འདྲ་མིན་སྣ་ཚོགས་ཤིག་འཕྲད་ཀྱིན་ཡོད་འདུག

 

༣༽ཊོག་ར། (Dogra ) དུས་རབས་བཅུ་དགུའི་ནང་གི་ཇཱ་མུ་ཀ་ཤི་སྨྲིར་གྱི་ཧིན་དྷུའི་རྒྱལ་ཕྲན་ཞིག རྒྱལ་ཕྲན་འདིའི་རྒྱལ་པོ་ཐོག་མ་ཀུ་ལབ་སིན་ (Gulab Singh) དང་རྒྱལ་པོ་མཐའ་མ་ཧ་རི་སིན་ (Hari Singh) ཡིན། ཧ་རི་སིན་གྱིས་ཕྱི་ལོ་ ༡༩༢༥ ལོར་རྒྱལ་སྲིད་བཟུང་མགོ་ཚུགས་ཡོད་པ་དང་། ༡༩༤༧ ཟླ་ ༡ པོའི་ནང་གསར་དུ་དབུ་བརྙེས་པའི་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་མཉམ་ཆིངས་ཡིག་བཞག་ཐོག ཀ་ཤི་སྨྲིར་ལ་ཚད་མཐོའི་རང་སྐྱོང་གནས་བབ་སྤྲད་དེ་རྒྱ་གར་གི་ཆ་ཤས་སུ་གྱུར་ཡོད།

 

༤༽ ཤིས་ནའ། (Shina) སྦལ་ཏི་ཡུལ་གྱི་ཚོ་ཁག་ཅིག་གི་ལུང་སྐད་ཀྱི་མིང་།

 

༥༽ ནང་གོང་། (Nang-gong) སྦི་ཏི་ཡུལ་གྱི་མིང་གི་འབོད་སྟངས་གཞན་ཞིག་ཡིན་པ་འདྲ།

 

༦༽ཕར་ཤི་ཡཱ། (Persia) ཏ་ཟིག་གམ་དེང་སྐབས་ཨེ་རན་ལ་གོ ཡུལ་དེའི་མི་དང་སྐད་ཡིག་ལ་ “Persian” ཟེར།

 

༧༽མུ་གྷལ་བཙན་པོ། (Mughal Empire) ཕྱི་ལོ་ ༡༥༢༦ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་དབུ་བརྙེས་པའི་རྒྱལ་ཕྲན་ཞིག་གི་མིང་། རྒྱལ་ཕྲན་འདིར་རྒྱལ་རབས་མང་པོ་བྱུང་ཡོད་ཀྱང་། དེའི་ཁྲོད་ནས་སྙན་གྲགས་ཆེ་ཤོས་ནི་བཙན་པོ་ཨག་བྷར་(Akbar the Great) ཡིན། ཁོང་གིས་ཕྱི་ལོ་ ༡༥༥༦ ལོར་རྒྱལ་སྲིད་བཟུང་ཞིང་བཙན་པོ་འདིའི་རིང་སྲིད་འབྱོར་རིག་ཕྱོགས་གང་ཐད་ནས་སྟོབས་འབྱོར་མངའ་ཐང་རྒྱས་ཡོད། ལྷག་པར་དུ་བཙན་པོ་དེའི་སྐབས་རྒྱ་གར་ནང་ཨི་སི་ལིམ་དང་ཧིན་དྷུ་ཆོས་ལུགས་སོགས་མཉམ་གནས་འཆམ་མཐུན་ཚད་མཐོན་པོར་སླེབས་པར་ངོས་འཛིན་བྱེད་ཀྱི་ཡོད། ཕྱི་ལོ་སྔོན་གྱི་ལོ་ ༢༦༨ ནས་ ༢༣༢ བར་བྱུང་བའི་ཆོས་རྒྱལ་མྱ་ངན་མེད་ (Ashoka) དང་། ཕྱི་ལོ་ ༡༥༤༢ ནས་ ༡༦༠༥ བར་བྱུང་བའི་བཙན་པོ་ཨག་བྷར་གཉིས་ནི་རྒྱ་གར་གྱི་ལོ་རྒྱུས་ནང་ཆེས་སྙན་གྲགས་འབར་བའི་བཙན་པོ་གཉིས་སུ་ཡོངས་གྲགས་ངོས་འཛིན་བྱེད་ཀྱིན་ཡོད། བཙན་པོ་ཁོང་གཉིས་ཀྱི་དུས་སྐབས་སུ་རྒྱལ་ཁབ་ཀྱི་འབོད་སྒྲ་གཙོ་བོ་ནི་ “བདེན་པ་ཉིད་རྒྱལ་གྱུར་ཅིག” ཞེས་པ་དེ་རེད།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

སྐར་མ ༣༩ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༢ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 2

  1. ཇོ་རུ་ཚེ་རིང་། says:
    ལོ་ 10 སྔོན།

    རྨུག་བུ་ལགས། ཉིན་འདི་གར་ལམ་བར་ཞིག་ན་འགྲོ་བཞིན་ཡོད་པས་དུས་ཐོག་ལན་སྤྲོད་མ་ཐུབ་པར་དགོངས་དག་ཞུ། ཉིད་ཀྱིས་དོ་སྣང་དང་ཞིབ་ཀློག་བྱས་པར་ཐུགས་རྗེ་ཆེ་ཞུ། རང་ནུས་གང་ཡོད་ཀྱིས་རི་རྒྱུད་འདིའི་མིང་བཙལ་ཁུལ་བྱས་པ་ཡིན་དེ་དེབ་སོགས་བོད་རང་གི་འབྲེལ་ཡོད་རྒྱུ་ཆ་དག་གི་ནང་རི་རྒྱུད་འདིའི་མིང་ལ་བོད་སྐད་ཐོག་ཅི་ཞིག་འབོད་ཀྱིན་ཡོད་མེད་གཅིག་གྱུར་གཏན་འཇགས་ཀྱི་མིང་ཞིག་རྙེད་མ་བྱུང་། རྒྱ་གཞུང་གིས་བཏོན་པའི་བོད་ཡིག་གི་ས་ཁྲ་ཞིག་ཡོད་པ་དེའི་སྟེང་དུ། Karamkoram pass ལ་ གཡག་རྭ་སྨུག་པོའི་རི་རྒྱུད་ཞེས་བཏགས་འདུག དེ་གཞིར་བཟུང་ནས་བྲིས་པ་ཡིན།

    Reply
  2. གཅན བཟོད་རྒྱམ། says:
    ལོ་ 10 སྔོན།

    རྩོམ་ཡིག་ཡག་པོ་ཞིག་བསྒྱུར་གནང་འདུག དངོས་གནས་བཀའ་དྲིན་ཆེ་ཞུ་འོས།

    འོན་ཀྱང་ང་འདིར་དྲི་བ་ཞིག་འདུག Karamkoram pass ལ་ (གཡག་རྭ་སྨུག་པོའི་རི་རྒྱུད་ (Karakoram Pass) ) ཞེས་བསྒྱུར་གནང་འདུག ངས་བསམ་པར་Karamkoram pass ལ་སེག་ནག་རི་རྒྱུད་དེ་རྡོ་ཧྲུག་ནག་པོས་ཁེངས་པའི་རི་རྒྱུད་ཅིག་ཡིན་པས་དེ་ལྟར་བཏགས་པ་རེད་བསམ་ཡོད།
    Karamkoram གཡག་རྭ་སྨུག་པོ་ཟེར་བ་འདིའི་ཁུངས་གང་ལ་གཏུགས་པ་ཡིན་ནམ་གསུང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese