བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༨༤ སྟེང་གི་རྩོམ་སྒྲིག་པའི་གཏམ།
ཉེ་ལམ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ནེའུ་ཡོག་དང་ནེའུ་ཇིར་སི་ས་གནས་གཞོན་ནུ་ལྷན་ཚོགས་གནས་སྐབས་རིང་སྒོ་བརྒྱབ་པའི་གསལ་བསྒྲགས་སྤེལ་སོང་། སྔར་ལོའི་ལོ་མཇུག་ལ་རྒྱ་གར་ལྷོ་ཕྱོགས་ཀྱི་གཞོན་ནུའི་ས་གནས་ཆེ་ཁག་བརྒྱད་ཕྱིར་འཕུད་བཏང་སོང་། བདུན་བཅུ་ཐམ་པའི་ལོར་དབུ་བརྙེས་ཚུན་ལ་ཁངས་རིལ་རྦབ་ཏུ་བསྒྲིལ་བ་བཞིན་དར་ཞིང་རྒྱས་ནས་ཡོང་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ། གཞོན་ནུའི་དབུས་རྒྱུན་སྐབས་བཅུ་བཞི་པ་ནས་མགོ་བཙུགས་ཏེ་ས་རིལ་ཐུར་དུ་བསྒྲིལ་བ་ལྟར་བྲི་ཞིང་ཟེགས་ནས་ཟད་སོང་།
མཚམས་དང་ཚོད་ཅིག་མ་བཟུང་ན། དེང་སྐབས་ཁྱོན་ཡོངས་ནས་གཞོན་ནུའི་ཚོགས་མི་ཇེ་ཉུང་དང་། བཙན་བྱོལ་སྤྱི་ཚོགས་ནང་གཞོན་ནུར་ལབ་གླེང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་བོད་པའི་སྤྱི་ཚོགས་ནང་སྤྱི་དོན་འཁུར་དུ་འཁྱེར་མཁན་ལས་སྒེར་དོན་ཁོག་ཏུ་བཅུག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་གནས་སྟངས་འོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདིའི་ནང་། དབུས་རྒྱུན་ལས་འགའ་དང་གཞོན་ནུའི་རྒྱབ་ཀྱི་རྒན་འཁོགས་ཇུས་འགོད་པ་དེ་དག་ལས་མི་ལྷག་པའི་ཉེན་ཁ་ཡང་མདུན་དུ་བསླེབས་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་གཞོན་ནུའི་དབུས་རྒྱུན་རྣམས་ཅིའི་ཕྱིར་རྐང་རྩེད་སྤོ་ལོ་བཞིན་ཆབ་སྲིད་པ་འགས་ཕར་ཕྱོགས་ནས་ཚུར་རྡོག་ཐོ་གཞུས། ཚུར་ཕྱོགས་ནས་ཕར་རྡོག་ཐོ་གཞུས་ཏེ་མི་རེ་གཉིས་ཤིག་གི་དགའ་སྐྱོ་ཆགས་སྡང་མངོན་འགྱུར་བྱེད་པའི་ཡོ་ཆས་ཤིག་ཆགས་པ་རེད། ཉིན་དཀར་གྱི་མི་དང་མཚན་མོའི་འདྲེ་མང་པོ་ཞིག་གིས་ཅིའི་ཕྱིར་གང་ཞིག་བསྒྲུབ་འདོད་པ་དང་ཅི་ཞིག་བཤད་འདོད་པ་དེ་དག་ཐད་ཀར་བཤད་མ་ནུས་པར། གཞོན་ནུའི་སྒྲིག་འཛུགས་འདིར་འཕོ་བ་གྲོང་འཇུག་བྱས་ཏེ་བོད་སྤྱི་ཚོགས་ཕུང་དཀྲུག་བྱེད་ཀྱིན་ཡོད་པ་རེད།
བོད་པ་བཙན་བྱོལ་བའི་གནས་སྟངས་དང་། འདས་པའི་མི་ལོ་ལྔ་བཅུའི་ཉམས་མྱོང་སྤྱི་བསྡོམས་བྱས་ན། ད་ལྟའི་ཆར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདི་དག་དགོས་དང་མི་དགོས། ཚོགས་པ་འདི་དག་གིས་བོད་པའི་སྤྱི་ཚོགས་ཆིག་སྒྲིལ་དང་རྩ་དོན་འཐབ་རྩོད་ལ་ཕན་གྱི་འདུག་གམ་གནོད་ཀྱིན་འདུག བོད་སྤྱི་དོན་ལ་བསམ་བློ་བཏང་སྟེ་བློ་གཟུ་བོའི་སྐད་ཆ་བཤད་ན། གནད་དོན་འདི་ལའང་བོད་རྒྱ་ཆེའི་མང་ཚོགས་ཀྱིས་བསྐྱར་དུ་བསམ་གཞིག་བྱེད་དགོས་པའི་དུས་ཚོད་བསླེབས་ཡོད།
ཚོགས་པ་གང་ཞིག་ཐོག་མར་འཛུགས་སྐབས་དམིགས་ཡུལ་བཟང་པོ་ཞིག་དང་ལས་དོན་ཡག་པོ་ཞིག་གི་ཆེད་དུ་བཙུགས་ཡོད་ཀྱང་། ལོ་གཅིག་དང་གཉིས་སམ། སྐབས་གཅིག་དང་གཉིས་ནས་རིམ་གྱིས་ཆབ་སྲིད་པ་ཚོའི་ལག་ཆ་དང་། སྒེར་སེམས་དང་འདོད་རྔམ་ཅན་དག་གི་མངོན་འདོད་སྒྲུབ་བྱེད་ཆགས་འགྲོ་བཞིན་འདུག དུས་དེ་ནས་བཟུང་སྤྱི་བའི་མིང་ཐོག་ནས་བཙུགས་པའི་ཚོགས་པ་འདི་དག་ལྷ་བདུད་དུ་བབ་པ་ལྟར། བོད་པའི་སྤྱི་ཚོགས་དཀྲུག་མཁན་ཞིག་དང་རྩ་དོན་ལ་གནོད་སྐྱེལ་མཁན་ཞིག་ཆགས་འགྲོ་བཞིན་འདུག
གལ་སྲིད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་གཞོན་ནུའི་སྒྲིག་འཛུགས་འདི་གནས་དགོས་པ་དང་། བོད་རྒྱ་ཆེའི་མི་མང་ལའང་གཞོན་ནུ་ལྷན་ཚོགས་འདི་ལྟ་བུ་ཞིག་དགོས་ཀྱི་ཡོད་ན། ཚོགས་པ་འདི་མུ་མཐུད་གནས་པ་དང་བོད་རྒྱ་ཆེའི་མི་མང་གིས་མཐོང་དང་ཆ་འཇོག་ཡོང་ཐུབ་པའི་ལམ་ཁ་གཅིག་རིང་ལས་ལྷག་མེད། དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆབ་སྲིད་ལངས་ཕྱོགས་དོར་ཏེ། སྒྲིག་འཛུགས་འདིའི་ཐོག་མའི་དམིགས་ཡུལ་དང་དམ་བཅའ། སྐབས་དེའི་བོད་རྒྱ་ཆེའི་མི་མང་གི་རེ་འདུན་ལྟར། སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་གམ་ཤེས་ཡོན་སློབ་གསོའི་ཚོགས་པ་ཞིག་ཏུ་བསྒྱུར་རྒྱུ་དེ་ཁོ་ནའོ་ཞེས་ཡང་བསྐྱར་གསལ་འདེབས་ཞུ་བཞིན་ཡོད།།