དེ་རིང་སྔ་དྲོར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཁོང་མོས་བཀའ་ཤག་སྐབས་བཅུ་བཞི་པའི་བཀའ་བློན་ནས་བློ་ཕམ་གྱི་སྒོ་ནས་རྩ་དགོངས་ཞུས་པ་ཡིན་སྐོར་གསལ་བསྒྲགས་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཕྱི་རོལ་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། ཁོང་མོས་བཀའ་ཤག་སྐབས་བཅུ་བཞི་པའི་ཕྱི་དྲིལ་བཀའ་བློན་ནས་རྩ་དགོངས་ཞུ་བཞིན་ཡོད་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་བསྐྱངས་སོང་།
བཀའ་བློན་མཆོག་གི་གསར་འགོད་གསལ་བསྒྲགས་ནང་བཀོད་དོན། “བློ་ཕམ་གྱི་སྒོ་ནས་ཕྲན་རང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་བྱས་པ་ཡིན། ཐག་གཅོད་འདི་ཕྲན་ནས་སྤྱི་པའི་རྩ་དོན་དང་། མ་འོངས་པར་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁག་གདོང་ལེན་བྱ་ཕྱོགས་བཅས་ལ་བསམ་ཞིབ་གཏིང་ཟབ་བཏང་ནས་བྱས་པ་ཡིན། ད་བར་བཀའ་བློན་གྱི་ལས་གནས་ཐོག་བོད་མི་མང་ལ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོར་བསམ་བཞིན་ཡོད། མཐའ་དོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༧ཞབས་པད་བརྟན་ཅིང་ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པ་དང་། གཞིས་བཞུགས་བོད་རིགས་སྤུན་ཟླའི་རེ་འདུན་མངོན་འགྱུར་ཡོང་བའི་སྨོན་འདུན་ཞུ།” ཞེས་བཀོད་འདུག
བཀའ་བློན་མཆོག་གིས་གསར་འགོད་པ་ཚོར་གསུངས་དོན། དེ་རིང་ཞོགས་པར་ངས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བཀའ་བློན་ནས་དགོངས་པ་ཞུ་རྒྱུ་ཡིན་པའི་ཡི་གེ་ཕུལ་ཡོད། དགོངས་ཤོག་དེའི་ངོ་བཤུས་བཀའ་དྲུང་དང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་རྣམ་གཉིས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་ཆེ་བཅས་དྲུང་ཆེ་རྣམ་པ་བཞི་ལ་ཕུལ་ཡོད། ད་རེས་ཐག་བཅད་པ་འདི་གནས་ཚུལ་ཆུང་ཆུང་ཞིག་མིན་སྟབས། ང་རང་གི་ངོས་ནས་རྒྱུན་རིང་པོར་བསམ་བློ་མང་པོ་ཞིག་བཏང་སྟེ་ཐག་བཅད་པ་ཞིག་ཡིན། འདི་ཐག་གཅོད་བྱེད་སྐབས་ང་རང་སྒེར་གྱི་གནས་ཚུལ་ཕར་བཞག་སྟེ་སྤྱི་པར་བསམ་བློ་བཏང་ནས་ཐག་བཅད་པ་ཞིག་ཡིན། ང་རང་གི་ངོས་ནས་ལོ་བཞི་ལྷག་རིང་བོད་མིའི་ཚབ་བྱས་ཏེ་རྒྱལ་ཁབ་མང་པོ་ཞིག་གི་ནང་བཀའ་བློན་གྱི་མིང་འཁུར་ནས་ཞབས་ཞུ་ཞུས་ཡོད་ལ། མ་འོངས་པར་ང་རང་གིས་མུ་མཐུད་བོད་སྤྱི་པར་ཞབས་ཞུ་ཞུ་བའི་སེམས་ཤུགས་དང་གདེང་ཚོད་ཡོད། ངས་དགོངས་ཤོག་ཕུལ་དགོས་པའི་རྒྱུ་མཚན་སྐོར་རྗེས་མ་གོ་སྐབས་གཞན་པ་བཟུང་ནས་ཞིབ་ཚགས་ཀྱིས་ཞུ་ཡི་ཡིན། ཞེས་གསུངས་སོང་།
བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ནི། ཕྱི་ལོ་ ༡༩༦༦ ལོར་སྐུ་འཁྲུངས་ཤིང་། ༡༩༧༡ ལོར་རྒྱ་གར་ནས་ཁེ་ན་ཌར་གཞིས་སྤོས་གནང་། དེར་དབུས་ཨེ་ཤ་ཡ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་རིག་གནས་ཐོག་ (M.A)ཐོན་རྗེས། ༡༩༩༠ ལོར་བོད་མི་ཨ་རིར་(Connecticut, USA) གཞིས་སྤོས་ཀྱི་ལས་གཞིར་ཞབས་ཞུ་གནང་། ༡༩༩༩ ནས་ ༢༠༠༣ བར་ཨ་རི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་འཆར་འོག་བོད་ནང་དུ་ཕེབས་ཏེ། མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་གཞིའི་འགན་འཁུར་བ་དང་། (Pepperidge Farm Inc.) དང་(Canada World Youth)་ཞེས་པའི་སྒྲིག་འཛུགས་ཁག་ནང་མི་མང་འབྲེལ་མཐུད་པ། ༢༠༡༡ ཟླ་ ༩ པའི་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་མོ་ཕྱི་དྲིལ་བཀའ་བློན་དུ་བསྐོ་བཞག་གནང་སྐབས། ཁེ་ན་ཌའི་མོན་ཊེ་ཡོལ་མཐོ་རིམ་སློབ་གྲྭ་ཆེན་མོའི་ཁེ་སྒོར་ས་ཡ་ ༢༠༠༠ ལྷག་གི་སྨན་ཁང་གསར་རྒྱག་གི་ལས་གཞི་རྒྱ་ཆེ་ཞིག་འགྲོ་བཞིན་ཡོད་པ་དེའི་འབྲེལ་མཐུད་པའི་མཚན་གནས་བཅས་བཞེས་བཞིན་ཡོད་པ་དང་། ༢༠༡༡ ཟླ་ ༩ པ་ནས་ད་བར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་གྱི་ཕྱག་ལས་གནང་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།
དོན་དགས་དོག་དོག་དེ་ཤད་ན་སྡི་སྐྱིད་ཆོས་དབྱངས་མོ་སྲི་སྐྱོང་བློབ་སང་སིང་གེ་ལ་མ་ཐེད་པའི་སྣམས་རྒུར་རེད་༡༠༠%
ངས་མོས་དགོངས་པ་ཞུས་པ་དེ་ཆབ་སྲིད་ཀྱི་འཁྲབ་ཚན་ལེའུ་དང་པོ་དེ་རེད་བསམ་གྱི་ཡོད།དེ་འདྲའི་བྱ་པ་ཡིན་ན་མི་དམངས་ལ་བརྡབ་བསིགས་ཡོང་བའི་ཚོར་བ་ཤུགས་ཆེན་འདུག
སྔར་དགོངས་པ་མ་ཞུ་ཕྱི་དགོངས་པ་མ་ཞུ།དུས་ཚོད་བསྟུན་ན་དགོངས་པ་ཞུ་ཤེས་ཀྱི་འདུག་གོ
སྐུ་དབང་མེད་ན་དགོངས་པ་ལོས་ཞུ། ངས་བལྟས་ན་དག་དག་རེད། ད་སྲིད་སྐྱོང་གིས་བཀའ་ཤག་ནང་མཐུན་རབས་ཀྱི་གསལ་བསྒྲགས་སྤེལ་དང་། བོད་ཀྱི་ཁ་དཔེར། བདེན་ལུང་པ་གཉིས་ཕུ་ཐག་རིང་། རྫུན་ཨ་བྲ་གཉིས་མཇུག་མ་ཐུང་ཟེར་པ་ཅི་མ་བདེན།
ཕྱི་དྲིལ་བཀའ་བློན་གྱི་དགོངས་ཤོག་འདི་ལ་བལྟས་ཡོང་དུས་མི་ལོ་འདི་དག་གི་རིང་ལ་ཆིག་སྒྲིལ་དང་གསར་གཏོད་སོགས་ཀྱི་ལས་དོན་ཅི་ཡང་འགྲུབ་མེད་པར་མ་ཟད། ད་དུང་འུར་ཤོད་དང་རྫིན་གཏམ། གཉའ་གནོན་སོགས་གྱི་སྲིད་ཇུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པ་ཡང་རང་བཞིན་གྱིས་རྟོགས་ཡོང།
ད་ལྟའི་ཆར་ཕྱི་དྲིལ་བཀའ་བློན་ནས་དགོས་དམིགས་གལ་ཆེན་ཡོད་མདོག་གིས་གསལ་བསྒྲགས་གནང་འདུག་ཀྱང་། ལས་དུས་ཚང་ལ་ཉེ་སྐབས་འགན་འཁུར་དང་ཆོད་སེམས་མེད་པར་འདི་བཞིན་གནང་བ་ནི་ཡག་པོ་མ་མཐོང་ལ་སླད་ཀྱང་རེ་བཅོལ་བྱ་ཡུལ་དུ་མ་མཐོང་། ལར་ནས་ད་ལྟའི་ཆར་རང་རིགས་ཁག་ཅིག་ནས་གནད་དོན་འདི་ཙམ་ཡང་སྲིད་སྐྱོང་འོས་མིའི་དབར་ལ་མང་ཚོགས་དབུ་སྐོར་བྱ་རྒྱུའི་ངན་སེམས་འཆང་ནས་ཡིག་ངག་ནས་གནས་ཚུལ་སྤེལ་བཞིན་པ་དག་མཐོང་སྐབས། ཀླད་མེད་འདི་རིགས་ནས་རང་སྨ་རང་ཕབས་དང་རང་འཚང་རང་གིས་འདོན་བཞིན་པ་ཞིག་ལས་མ་འདས། སྲིད་སྐྱོང་མ་འགྲིག་ན་ང་ཚོ་མ་འགྲིགས་པ་རེད་ལ་ཚོགས་གཙོ་མ་འགྲིགས་ན་ཆོལ་ཁ་དེ་དང་གྲོས་ནང་མང་མོས་ཀྱིས་འོས་འདེམས་ཞུ་མཁན་ཚོ་མ་འགྲིག་པ་རེད། དེས་ན་གྲོགས་པོ་རྣམ་པ། ང་ཚོར་༧རྒྱལ་བའི་དྲིན་གྱིས་ཕྱོགས་ཡོངས་ལ་རིན་ཐང་འཕྲན་ཙམ་ཡོད་པ་འདི་བསོད་ནམས་དམན་པས་གནས་སྐབས་རིང་རྩ་མེད་མ་གནང་རོགས་ཅེས་ཞུ་དགོས་གྱུར་སོང་ངོ་།།།
བཀའ་བློན་ཁོང་ལ་ཐུགས་ཁག་ཡོད་པ་མ་རེད་བློ་སེང་མི་རང་ཤེད་ཅན་གཞན་བསྟུན་མི་དགོས་པའི་མི་རབས་གསར་པའི་རྐང་འདྲེན་པ་དང་པོ་དེ་ཆགས་པ་རེད།
བཀའ་བློན་བདེ་སྐྱིད་དབྱངས་ལགས་ཀྱིས་འོས་བསྡུ་འགྲོ་བཞིན་པའི་སྐབས་བཀའ་བློན་གྱི་ས་གནས་ལས་དགོངས་པ་ཞུས་པ་དེ་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་ཕྱག་ལས་གནང་སྟངས་ལ་ཏན་ཏན་ནོར་འཁྲུལ་ཡོད་པ་བསྟན་པ་རེད།
བཀའ་བློན་ཁོང་གི་དགོངས་ཞུ་དེས་མི་མང་སེང་གེའི་”རྨི་ལམ་ལས་གཉིད་སེལ་དགོས་དང་སེང་གེ་སྲིད་སྐྱོང་ལ་བསྐྱར་བདམས་མི་བྱེད་པ་གསལ་སྟོན་བྱས་པ་རེད། སེང་གེ་བཀའ་ཤག་ནང་འཁོར་གྱི་གནད་དོན་ཚབས་ཆེན་ཡིན་པས་བཀའ་བློན་ལགས་ཀྱིས་རིམ་པས་གསལ་བཤད་བྱ་ངེས་རེད། ད་ཡིན་ན་ལྟད་མོ་འདུག
གོ་ཐོས་ལྟར་ན། འདིའི་རྗེས་ལ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྩ་དགོངས་ཞུ་རྒྱུ་རེད་ཟེར་བཞིན་འདུག ༧གོས་ས་མཆོག་ལ་འཐོན་མཇལ་ཞུས་ཚར་བའི་སྐད་ཆ་ཞིག་འདུག
བོད་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གླེང་སློང་ཆེན་པོ་ཞིག་འདུག ཚང་མས་དགྲ་དགའ་གཉེན་སྡུག་གི་ལས་དང་རྩོམ་རིགས་མི་སྤེལ་རྒྱུ་ཚང་མའི་འགན་རེད། རྒྱ་ཇག་ཚང་གིས་བློ་སེང་དང་སྤེན་ཚེ་གཉིས་ཀྱི་འགལ་རྩོད་ཀྱི་ལས་འགུལ་རྩོམ་གྱིན་པ་ཀུན་ལ་གསལ། དེ་མཚུངས་སུ་མི་ངན་རེ་ཟུང་གིས་ལས་རིགས་དེ་འགན་དུ་བླངས་ཡོད། བདེ་ཆོས་དང་རྒྱ་རི་སྒྲོལ་མ་གཉིས་ཀྱི་སྐད་ཆ་རྙིང་པ་རེད། བློ་སེང་གིས་སེང་གེའི་ཟིལ་ཤུགས་བསྟན་ན་བློན་ཆེན་རྙིང་པ་རྣམས་ལ་གནའ་སྲོལ་བཟང་པོ་ཞིག་ཡོད་པ་སེམས་ལ་བཞག་ནས་བཟོད་སྒོམ་གནང་ཡོད་པ་གསལ་བོ་རེད། བདེ་ཆོས་དང་བློ་སེང་གཉིས་ལ་ནུབ་ཕྱོགས་པའི་ལྟ་བ་ཤུགས་ཆེན་ཡོད། རང་རྒྱལ་རང་ཁེའི་ལྟ་བ་ཡོད། ལྟ་བ་དེའི་འོག་སེང་གེའི་ཟིལ་ཤུགས་སྟོན་ས་མེད་པས་རེད།