སཱེ་མོན། ཌན་ཡེར། (Simon Denyer)ལགས་ཀྱིས་སྤེལ།
སྐལ་ལྡན་གྱིས་བསྒྱུར།
ཕྱི་ལོ་ ༡༩༨༩ ལོ་གནམ་སྡེ་སྒོ་མོ་ཆེར་སློབ་ཕྲུག་གི་ངོ་རྒོལ་ལ་དྲག་གནོན་བྱས་པའི་དོན་རྐྱེན་གྱི་རྗེས། རྒྱ་ནག་གི་ཆབ་སྲིད་གནས་སྟངས་ཁ་ཕྱོགས་ཇི་འདྲ་ཞིག་ཏུ་བསྐྱོད་མིན་ཐད་བློ་འཚབ་དང་སེམས་ཁུར་ད་ལྟ་ནང་བཞིན་བྱས་ཡོད་དམ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མགྲིན་དབྱངས་གཅིག་གྱུར་གྱིས་སླར་ཡང་རྒྱ་ནག་གི་སྲིད་ཇུས་ལ་མི་འདོད་པའི་རྣམ་འགྱུར་དང་ངོ་རྒོལ་བྱེད་ཀྱིན་ཡོད།
འདས་པའི་ཟླ་བ་གཉིས་ཀྱི་རིང་། ཞི་ཅིན་ཕིན་གྱིས་མགོ་འཁྲིད་པའི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ཁ་ཕྱོགས་ཇི་འདྲ་ཞིག་ཏུ་བསྐྱོད་མིན་ཐད། ཨ་རི་དང་ཉི་ཧོང་། ཁེ་ན་ཌ། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་བཅས་ཐུན་མོང་གིས་བློ་འཚབ་ཆེ་བའི་གཏམ་བཤད་སྣ་མང་སྤེལ་ཡོད། རྒྱ་ནག་གཞུང་ལ་མི་སྒེར་དང་ཚོགས་པ་ཅི་རིགས་ཀྱིས་དེ་དོན་ཡིག་འབྲེལ་རེ་བསྐུལ་བྱས་ཡོད་ཀྱང་། དེ་དག་གི་བརྡ་ལན་ནི་ཚང་མས་ཤེས་ཐུབ་པ་ཞིག་རེད།
ཚོར་བ་རྣོ་བའི་གནད་དོན་ཐད་འགྲེལ་བརྗོད་བྱེད་པར་རང་ཉིད་ཀྱི་མིང་བཤད་འདོད་མེད་པའི་ཕྱི་འབྲེལ་མི་སྣ་ཞིག་གིས། “ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་ཆེ་བ་ཆིག་སྒྲིལ་གྱི་ནུས་སྟོབས་རྒྱས་བཞིན་ཡོད།” “ང་ཚོས་བློ་འཚབ་བྱ་ཡུལ་ནི་རྒྱ་ནག་ད་ཆ་ཁ་ཕྱོགས་ནོར་འཁྲུལ་ཅན་དུ་འགྲོ་བཞིན་པ་དེ་ཡིན།” ཟེར།
ཞི་ཅིན་གྱི་དབང་སྒྱུར་འོག་རྒྱ་ནག་གཞུང་གིས་དམ་བསྒྲགས་དང་དྲག་གནོན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བར་བརྟེན། ཡུལ་གྲུ་དུ་མས་རྒྱ་ནག་རྒྱལ་སྲུང་དམ་བསྒྲགས་ཇེ་ཆེར་བཏང་བ་དེས་ཡུལ་གྲུ་དེ་དག་གི་ཚོང་འབྲེལ་ཁེ་ཕན་ལ་དོ་ཕོགས་དང་། ཁྲོམ་ར་སྒོ་འབྱེད་བཅོས་སྒྱུར་གྱི་མྱུར་ཚད་ཞན་པ་བཅས་ལ་སྐྱོན་བརྗོད་བྱས་དང་བྱེད་མུས་ཁར། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ལེན་ངར་ཤུགས་ཆེ་རུ་བཏང་བས། ཁྱིམ་མཚེས་རྒྱལ་ཁབ་ཁག་གནས་ཟོས་མི་བདེ་བ་བཟོས་པ་མ་ཟད། ཝ་ཤིན་ཊོན་དང་བྷིརིསལ་ནས་ཀྱང་བློ་འཚབ་ཆེན་པོ་བྱེད་གཞིར་གྱུར་ཡོད།
ཨ་རིའི་གཞུང་ཚབ་དང་། ཡུ་རོབ་སྤྱི་མཐུན། ཁེ་ན་ཌ། ཉི་ཧོང་བཅས་ཀྱིས་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་དགོས་པའི་ནན་སྐུལ་གྱི་ཡི་གེ་ཞིག་བཏང་ཡོད།
དེ་སྔོན་(Washington post)ཝ་ཤིང་ཊོན་པོ་སེ་ཞེས་པའི་གསར་ཤོག་ཐོག་རྒྱ་ནག་དབུས་མི་མང་བདེ་སྲུང་ཚན་པའི་འགན་འཛིན་ཀོ་ཤི་ཀུང་གི་མིང་ཐོག་ཏུ་བཏང་བའི་ཡི་གེ་ཞིག་བཀོད་ཡོད་པ་དང་། ཡིག་ཕྲེང་དེའི་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་། ཁྲིམས་རྩོད་པ། ངལ་རྩོལ་བའི་ཐོབ་ཐང་རྩོད་ལེན་པ་བཅས་འཇུ་བཟུང་བཙན་འཁྲིད་བྱས་པར་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཅིང་། ཕྱི་འབྲེལ་མི་སྣ་ཞིག་གིས། “རྒྱ་གཞུང་གིས་བརྙན་འཕྲིན་བརྒྱུད་ལམ་བེད་སྤྱོད་ཀྱིས་འཇུ་བཟུང་བྱས་པའི་མི་སྣ་དེ་དག་གིས་ནག་ཉེས་ཁས་ལེན་བྱས་ཚུལ་བསྟན་པ་ནི་དྲང་བདེན་མིན་པ་མ་ཟད། དོན་དངོས་ཁྲིམས་གཅོད་བྱེད་ལུགས་ཀྱི་རྒྱུད་རིམ་ཡང་དག་པ་ཞིག་ཡོང་མི་སྲིད་པ་ཡིན་”ཞེས་བརྗོད། གོང་གསལ་ཡི་གེར་རྒྱ་ཕྱོགས་ནས་གཞུང་འབྲེལ་གྱི་བརྡ་ལན་ཞིག་ད་བར་བྱས་མེད་པ་རེད།
“རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་གམ་མི་དང་ཚོགས་པ་སྒེར་གྱི་ཞུ་གཏུག་དང་སེམས་འཚབ་ལ་དོ་སྣང་བདག་སྤྲོད་མི་བྱེད་པར་བརྟེན། ང་ཚོ་ཆིག་སྒྲིལ་གྱི་ནུས་ཤུགས་ལ་བརྟེན་ནས་རྒྱ་གཞུང་གི་བརྡ་ལན་ཁ་གསལ་ཐོབ་ཐབས་བྱེད་དགོས་” ཞེས་ཕྱི་འབྲེལ་མི་སྣ་ཞིག་གིས་བཤད།
ནུབ་ཕྱོགས་རྒྱལ་ཁབ་འགའ་ཞིག་གིས་རྒྱ་ནག་དང་ཚོང་དོན་འབྲེལ་ལམ་གཞི་རྩར་བཟུང་ཏེ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་མི་བྱེད་ཀྱང་། རྒྱལ་ཁབ་མང་ཆེ་བས་རྒྱ་ནག་གཞུང་གི་དམ་བསྒྲགས་དང་དྲག་གནོན་ཆེ་བའི་ནང་སྲིད་དང་། རང་འདོད་ཨུ་ཚུགས་ཆེ་བའི་ཕྱི་སྲིད་གཉིས་ནི་མུ་འཐུད་སྣང་ཆུང་བྱ་ཡུལ་ཞིག་མིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡང་གཙོ་ཆེར་རང་ཉིད་ཀྱི་ཚོང་ལས་ཁེ་ཕན་གྱི་དཀའ་སྙོག་རྒྱ་གཞུང་གིས་སེལ་ཐབས་མ་བྱས་པ་དང་། རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་ཡུལ་གྲུ་དེ་དག་གི་མི་རིགས་ལ་དཀའ་ངལ་གྱི་རང་བཞིན་ཅན་དུ་གྱུར་བས་ཀྱང་ཡིན།
བདུན་ཕྲག་གཉིས་ཀྱི་སྔ་རོལ་དུ་ཨ་རི་དང་ཨོ་སི་ཏྲི་ལི་ཡ། ཨིན་ཇི། ཌན་མཀ ཕིན་ལན་ཌེ། ཇར་མེ་ནི། ཉི་ཧོང་། ནེ་དར་ལན་ཌེ། ནོར་ཝེ། སུ་ཝེཊན་བཅས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་མངོན་གསལ་དོད་པོས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་སྐྱོན་བརྗོད་མཐའ་གཅིག་ཏུ་བྱས་ཡོད།
རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་གནད་ཡོད་མི་སྣ་དང་། སྐམ་ས་ཆེན་པོའི་ཕྱི་ནང་མི་སེར་བཙན་འགུགས་བཙན་འབུད་ཀྱི་སྲིད་ཇུས་དེ་དག ཁས་ལེན་བྱེད་ཐབས་བྲལ་བའི་གནད་དོན་ལ་ངོས་འཛིན་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བའི་སྐྱོན་བརྗོད་བྱས་ཡོད།
ཉེ་ལམ་ཟླ་བ་དྲུག་གི་ནང་ཐའེ་ལན་ཌི་དང་བྷར་མ། ཧོང་ཀོང་བཅས་ས་གནས་ཁག་ནས་རྒྱ་ནག་བདེ་སྲུང་ཉེན་རྟོག་པས་མི་སྣ་མི་ཉུང་བ་ཞིག་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེ་དག་ཁྲོད་ཧོང་ཀོང་གི་དཔེ་དེབ་ཚོང་མཁན་ཏེ། ཨིན་ཇིའི་མི་སེར་ཡིན་པ་ཞིག་དང་སུད་སེའི་མི་སེར་ཡིན་པ་གཉིས་ཀྱང་ཚུད་ཡོད།
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པའི་འགན་འཛིན་( China director for Human Rights Watch)སོ་ཧྥིའི། རི་ཅར་ཊ་སན་ Sophie Richardsonགྱིས་བཤད་དོན། “ཡུལ་གྲུ་ཁག་གི་ཕྱི་སྲིད་ལས་དོན་མི་སྣ་ཐུན་མོང་གིས་རྒྱ་གཞུང་ལ་མགྲིན་གཅིག་ཏུ་སྐྱོན་བརྗོད་བྱས་པ་དེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཛ་དྲག་ཏུ་ཕྱིན་ཡོད་པ་གསལ་པོ་བསྟན་ཡོད་པ་དང་།” “མི་ལོ་བཅུ་གཉིས་ཀྱི་གོང་ནས་བཟུང་རྒྱལ་ཁབ་མང་པོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་སྐྱོན་བརྗོད་ཤུགས་ཇེ་ཆེར་ཕྱིན་ཡོད་པ་དེས། རྒྱལ་སྤྱིའི་མི་མང་གིས་རྒྱ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུ་མཚམས་ལས་འདས་པའི་བརྡ་གསལ་པོ་གཏོང་གི་ཡོད།”
ལོ་འདིའི་ཕྱི་ཟླ་དང་པོའི་ནང་ཨ་རིའི་གཞུང་ཚབ་མཀསེ། བྷོཁསེ་གཙོས། ཁེ་ན་ཌ། ཇར་མ་ནི། ཉི་ཧོང་། ཡུ་རོབ་མཐུན་ཚོགས་བཅས་ཐུན་མོང་གིས་རྒྱ་གཞུང་ནས་གསར་དུ་གཏན་འབེབས་བྱས་པའི་དྲག་སྤྱོད་རིང་ལུགས་པར་ཁ་གཏད་ཀྱི་ཁྲིམས་ new counter¬terrorism law དང་། དྲ་རྒྱ་སྲུང་སྐྱོབ། cyber¬security གཞུང་འབྲེལ་མ་ཡིན་པའི་ཚོགས་པར་སྟངས་འཛིན་གྱི་འཆར་གཞི། བཅས་ལ་འདོད་བློ་མི་ཁེངས་པའི་ཡིག་ཕྲེང་ཞིག་བཏང་ཡོད།
གོང་བརྗོད་ཡིག་ཕྲེང་དེ་ཐོག་མར་རེའུ་ཊར་ Reuters གསར་ཁང་གིས་འདོན་སྤེལ་བྱས་པ་དང་། དེའི་ནང་གཙོ་ཆེར་རྒྱ་གཞུང་གི་ཁྲིམས་ལུགས་དེ་དག་གིས་དཔལ་འབྱོར་ཉམ་དམས། གསར་གཏོད་འགོག་རྐྱེན། རྒྱལ་སྤྱིའི་ཁྲིམས་ལུགས་རྩིས་མེད་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་སྐོར་བཀོད་ཡོད།
ཟླ་འདིའི་ནང་ཡུ་རོབ་མཐུན་ཚོགས་ཀྱིས་ཐད་ཀར་མིང་འདོན་མ་བྱས་པའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་འཕུར་མདའ་འགྲེམས་འཇོག་དང་དམག་དཔུང་མངག་གཏོང་བྱས་པར་བློ་འཚབ་ཆེན་པོ་ཡོད་ལུགས་བརྗོད་ཡོད། རྒྱལ་ཁབ་ཀྱི་མིང་དངོས་སུ་སྨོས་མེད་ཀྱང་རྒྱ་ནག་གཞུང་ལ་གོ་བརྡ་སྤྲོད་ཀྱི་ཡོད་པ་གསལ་པོ་རེད།
ཕྱི་འབྲེལ་མི་སྣས་འགྲེལ་བརྗོད་བྱས་པ་ལྟར་ན། “ཞི་ཅིན་ཕིན་གྱིས་དབང་སྒྱུར་བྱས་པའི་རྒྱ་གཞུང་དེས་རང་རྒྱལ་ཁབ་ཀྱི་མི་རིགས་ལ་གཉའ་གནོན་བྱས་པ་ཙམ་མིན་པར། རྒྱལ་ཁབ་ནང་མ་འཛུགས་བྱེད་མཁན་རྣམས་ལ་ཡང་འཇིགས་སྐུལ་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་མངོན་གསལ་དོད་པོས་གྱོང་གུང་གཏོང་གི་ཡོད།”
སྔ་ལོ་ཟླ་བཅུ་གཉིས་པར་ཨ་རི་དང་ཁེ་ན་ཌ། ཇར་མ་ནི་བཅས་ནི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུ་མཁན་གྱི་རྒྱལ་ཁབ་ཆེ་ཁག་གསུམ་ཙམ་དེ་ཡིན། སྐབས་དེར་ཨིན་ཡུལ་ནི་རྒྱ་ནག་གི་དངོས་ཡོད་གནས་སྟངས་ལ་ངོ་རྒོལ་བྱེད་རྒྱུ་ལས་ལྡོག་སྟེ། རྒྱ་གཞུང་གིས་རང་མི་རིགས་ཀྱི་བདེ་སྡུག་དང་ཆབ་སྲིད་ཀྱི་བདག་དབང་སྲུང་བརྩི་བྱེད་རྒྱུ་སྔར་བས་ལེགས་ཚུལ་བསྔགས་བརྗོད་དང་། རྒྱལ་ཁབ་བར་གྱི་འབྲེལ་ལམ་གསེར་གྱི་དུས་སྐབས་ golden era in relation ཤར་བའི་ཆེ་བསྟོད་བྱེད་མཁན་ཐོག་མ་དེ་ཆགས་ཡོད། དུས་ཡུན་ཟླ་བ་འགའ་ཞིག་གི་ནང་རྒྱལ་སྤྱིའི་ཕྱི་འབྲེལ་གྱི་འགྱུར་བ་ནི་ཧ་ཅང་འཁྲུག་ཆ་དོད་པའི་དུས་སྐབས་ཤིག་ཏུ་གྱུར་ཡོད།
ཕྱི་འབྲེལ་མི་སྣས་ “ད་ཆ་ཨིན་ཇིའི་གཞུང་གིས་ཐུན་མོང་གི་བསྒྲགས་གཏམ་འགའ་ཞིག་ལ་མོས་མཐུན་གྱི་མིང་རྟགས་བཀོད་ཡོད། དེ་དག་གི་རྒྱུ་རྐྱེན་གཙོ་བོ་ནི། ཧོང་ཀོང་ནས་ཕྱི་ཟླ་ ༡༢ པའི་ནང་དཔེ་དེབ་ཚོང་མཁན་ཨིན་ཇིའི་མི་སེར་ལིའི་བྷོའོ་བཙན་བཟུང་བྱས་པ་དེའི་སྐོར་རྒྱ་གཞུང་གིས་ཨིན་ཇིར་ཁྲིམས་མཐུན་གྱི་འགྲེལ་བརྗོད་གང་ཡང་བྱས་མེད་པས་ཡིན”ཟེར།
ཕྱི་ཟླ་ ༢ པའི་ནང་ཨིན་ཇིའི་ཕྱི་སྲིད་དྲུང་ཆེ་ཧྥི་ལིབ། ཧ་མོནཌ། Philip Hammond རྒྱ་ནག་ཏུ་བསྐྱོད་སྐབས། རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཝང་ཡིས། དེ་སྔོན་བཙན་བཟུང་བྱས་པའི་ཧོང་ཀོང་གི་དཔེ་དེབ་ཚོང་པ་ལིའི་ནི་ཐོག་མའི་ཆར་རྒྱ་ནག་གི་མི་སེར་ཡིན་ཚུལ་འགྲེལ་བརྗོད་བྱས་པ་རེད། ཧམོནཌ་ནས་རྒྱ་གཞུང་གིས་ལིའི་བཙན་བཟུང་བྱས་པའི་གནད་དོན་དེ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་བརྡལ་གསིག་ཚབས་ཆེན་བཏང་བའི་སྐྱོན་བརྗོད་བྱས།
རྒྱ་ཕྱོགས་ནས་ཧོང་ཀོང་ནི་རྒྱ་ནག་གིས་ཨིན་ཇི་ལས་རྩིས་ལེན་བྱས་ཟིན་པ་ཞིག་ཡིན་པས། ཨིན་ཇིའི་གཞུང་གིས་དེའི་ཐོག་ཐེ་བྱུས་མ་བྱས་ན་ལེགས་ཚུལ་དང་། རང་ཉིད་ཀྱི་སྐད་ཆར་གཟབ་དགོས་ཚུལ་བཤད་ཡོད།
དེ་ནི་ཨིན་ཇིར་མཚོན་ན་ངོ་ཚ་ཁ་སྐྱེངས་ཀྱི་རང་བཞིན་ཞིག་ཆགས་པ་དང་། ཕྱི་འབྲེལ་མི་སྣ་འགས། “འབྲེལ་ལམ་གསེར་གྱི་དུས་སྐབས་ཟེར་བ་དེ་ནི་པེ་ཅིན་ལ་ཁེ་ཕན་ཡོད་པ་ཙམ་ལས་ལན་ཌན་ལ་ཁེ་ཕན་གང་ཡང་མེད་ཚུལ་”ཤོད་ཀྱི་ཡོད།
སུ་ཝི་ཊན་གཞུང་ནས་དེ་བཞིན་པེ་ཅིང་ལ་སྐྱོན་བརྗོད་བྱས་ཀྱང་། པེ་ཅིང་གིས་རྣ་རྒྱབ་ཀྱི་རླུང་བུར་བཏང་བ་རེད།
ཧོང་ཀོང་གི་དཔེ་དེབ་ཚོང་མཁན་སུ་ཝི་ཊན་གྱི་མི་སེར་གུའི་མིང་ཧའེ་དང་། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་པིཊར། དྷཱལིན་གཉིས་ཧོང་ཀོང་དུ་དྲག་གནོན་བྱེད་སྐབས་འཛིན་བཟུང་བྱས་ཏེ། མི་སྣ་གཉིས་པོས་བཙན་དབང་འོག་ནག་ཉེས་ངོས་ལེན་བྱས་པའི་བརྙན་པར་གཞུང་འབྲེལ་བརྙན་འཕྲིན་ཐོག་བསྟན་ཡོད། རྒྱ་གཞུང་གི་བྱ་སྤྱོད་དེ་དག་ནི་དུས་རབས་ཉེར་གཅིག་པར་རིག་གནས་གསར་བརྗེ་ཆེན་པོ་དྲན་གསོ་བྱས་པ་དང་། བྱང་ཀོ་རི་ཡ་གཞུང་གི་དྲག་སྤྱོད་དང་གཉིས་སུ་མ་མཆིས་པའི་སྐྱོན་བརྗོད་བྱེད་མཁན་ཡང་ཡོད།
ཟླ་ ༣ པའི་ཚེས་ ༢ ཉིན་སུ་ཝི་ཊན་གྱི་གཞུང་ཚབ་ལར་སེ། ཧྤ་རེ་ཌན་གྱིས་རྒྱ་ནག་གི་དྲ་ལམ་སེ་ན་ཝི་བྷོ་ Sina Weibo ཞེས་པ། དེང་སྐབས་ཡོངས་གྲགས་ཊུའི་ཊར་ Twitter དང་འདྲ་བ་དེའི་ནང་། གུའི་མིང་ཧའི་ལ་ཁྲིམས་གཅོད་བྱེད་སྟངས་ལ་བློ་འཚབ་ཡོད་ལུགས་ཀྱི་བསམ་ཚུལ་བཀོད་པས། ཁོང་གི་བསམ་ཚུལ་དེར་དོ་སྣང་བྱེད་མཁན་མི་གྲངས་ས་ཡ་གཅིག་ལྷག་བྱུང་བ་མ་ཟད། བསམ་ཚུལ་དེར་རྒྱབ་སྐྱོར་གྱི་གཏམ་ཚིག་སྤེལ་མཁན་ཡང་མང་དག་ཅིག་བྱུང་ཡོད། འོན་ཀྱང་མི་རིང་བར་རྒྱ་གཞུང་གི་དྲ་རྒྱ་སྟངས་འཛིན་པས་གསུབ་འདོན་བྱས་ཡོད།
རྒྱལ་སྤྱིའི་གླེང་སྟེགས་ཐོག་རྒྱ་ནག་གིས་རྒྱལ་ཁབ་གཞན་ལ་བརྡ་ལན་སྤྲོད་སྟངས་ནི་ཡ་མ་ཟུང་གི་རང་བཞིན་ལས་མ་འདས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག རྒྱ་ནག་གི་ཕྱི་འབྲེལ་མི་སྣ་གཙོ་བོ་ཧྥོ་ཀོང་གིས། ཨ་མི་རི་ཀས་སྐོག་གཡོ་ངན་བྱུས་དང་། བཙན་བཟུང་། ཕག་ཉན་རྒྱག་པ་སོགས་ཀྱི་བྱ་སྤྱོད་སྤེལ་གྱི་ཡོད་ལུགས་དང་། ཨ་རིའི་དམག་མིས་ཡུལ་གྲུ་གཞན་གྱི་ས་ཐོག་ཏུ་བཙན་གཡེམ་དང་མི་གསོད་ཁྲག་སྦྱོར་བྱས་ལུགས་ཀྱི་སྐྱོན་འཛུགས་བྱས་ཡོད།
འོན་ཀྱང་རྒྱ་ནག་གཞུང་འབྲེལ་ཉིན་རེའི་ཚགས་ཤོག་ཐོག རྒྱ་གཞུང་གིས་གཏན་འབེབས་བྱས་པའི་ཁྲིམས་གསར་འགའ་ཞིག་ཐད་རྒྱལ་སྤྱིས་སྐྱོན་བརྗོད་བྱས་པ་ལྟར་ཉན་འཇོག་དང་བརྡ་ལན་སྤྲོད་གལ་ཆེ་བའི་སྐོར་བཀོད་ཡོད་ལ། ནུབ་ཕྱོགས་རྒྱལ་ཁབ་ཀྱི་བརྟག་ཞིབ་པ་རྣམས་ལ་འབྱུང་འགྱུར་རྒྱ་ནག་གིས་བཅོས་སྒྱུར་དང་གུ་ཡངས་ཀྱི་སྲིད་བྱུས་མུ་འཐུད་རྒྱུན་འཁྱོངས་བྱེད་པའི་འགན་ལེན་བྱེད་པའི་གནས་ཚུལ་བཀོད་ཡོད་པ་རེད།
ཕྱི་འབྲེལ་མི་སྣ་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཡར་རྒྱས་འགྲོ་བར་ཡིད་ཆེས་བྱེད་ཀྱི་མེད་ཀྱང་། ཕྱོགས་གཞན་ཞིག་གི་ཐོག་འགྱུར་བ་ཅུང་ཟད་འགྲོ་མི་ཡོང་ངམ་སྙམ་པའི་རེ་བ་ཡང་བྱེད་ཀྱི་ཡོད།
གཞུང་འབྲེལ་མ་ཡིན་པའི་ཚོགས་པར་སྟངས་འཛིན་གྱི་ཁྲིམས་ཡིག་རགས་ཟིན་བཟོས་གྲུབ་རུང་། དེ་འབྲེལ་གྱི་སྐྱོན་བརྗོད་བྱེད་མཁན་རྒྱལ་ནང་དུ་ཡང་ཡོང་དང་ཡོང་མུས་ཡིན་པའི་ཁར། དམར་ཤོག་ཚོགས་པའི་ནང་དུ་ཡང་འགྲོ་གླེང་མངོན་གསལ་དོད་པོ་འགྲོ་བཞིན་ཡོད། ཕྱེ་འབྲེལ་མི་སྣས་འགྲེལ་བརྗོད་བྱས་པ་ལྟར་ན། “རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ཇི་ཙམ་བརྟན་བཟུང་བྱས་ཀྱང་། ཕྱོགས་གཞན་ཞིག་ནས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་གི་ཡོད་ཚུལ་”བརྗོད་ཀྱི་ཡོད།
མ་ཡིག་གི་འབྲེལ་ཐག https://www.washingtonpost.com/world/asia_pacific/is-china-heading-in-the-wrong-direction-for-once-the-west-calls-beijing-out/2016/03/22/c4cad76e-eacb-11e5-a9ce-681055c7a05f_story.html