དེ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་དུ་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་དབུ་འཛུགས་གནང་བའི་སྐུ་མགྲོན་གཙོ་བོར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ཕེབས་ཡོད་འདུག
མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཚུགས་ནས་ལོ་ ༥༠ འཁོར་བའི་དུས་དྲན་དང་བསྟུན་ཏེ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་འོག དེ་ཕྱི་ཟླ་ ༤ ཚེས་ ༢ ཉིན་ནས་མགོ་བཙུགས་ཏེ། ཟླ་འདིའི་ཚེས་ ༡༤ བར་གྱི་ཉིན་ ༡༣ རིང་། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ན་གཞོན་རྩེད་ཐང་དུ། རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༢ པ་དེ་མགོ་འཛུགས་གནང་ཡོད་པ་རེད།
དེ་རིང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ཕེབས་ཡོད་པ་དང་། དམིགས་བསལ་སྐུ་མགྲོན་ནང་སྲིད་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་དང་། མོན་གྷོ་ས་གནས་ཉེན་རྟོག་པ་སྐུ་ཞབས་ཨསས་སི་པ་ཀྲལ་ལགས། གཞན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ཕེབས་ཡོད་པ་རེད།
རྩེད་འགྲན་དབུ་འཛུགས་ཀྱི་ཐོག་མར། ༧རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་གདན་ཞུ་དང་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་གྱེར་འདོན་དང་། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་དང་། བདེན་ཚིག་སྨོན་ལམ་བཅས་གསུང་འདོན་གནང་རྗེས། བོད་ཀྱི་རྩེད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་གྲུབ་ལགས་ནས་རྩེད་འགྲན་དེ་རྩད་དགོས་པའི་དམིགས་ཡུལ་དོན་ཚན་བཞི་ངོ་སྤྲོད་གནང་དོན། དང་པོ་རྒྱལ་ཡུམ་ཆེན་མོའི་མཚན་ཐོག་ནས་བོད་ཀྱི་རྐང་རྩེད་པོ་ལོ་གོ་སྒྲིག་ཞུ་དགོས་དོན་གཙོ་བོ་རྒྱལ་ཡུམ་ཆེན་མོར་བཀའ་དྲིན་དྲན་ཡིན་པ་དང་། གཉིས་པ་བོད་པའི་གཞོན་སྐྱེས་རྣམས་ཀྱི་རྩེད་མོ་ཡར་རྒྱས་དང་ལྷག་དོན་གཞོན་སྐྱེས་ཆང་རག་ཉལ་ཐ་སོགས་ཀྱིས་འཕྲོ་བརླག་འགྲོ་བཞིན་པ་དེ་དག་གི་གོམས་གཤིས་ངན་པ་དེ་དག་དོར་ཐབས། གསུམ་པ་བོད་ཀྱི་རྩེད་རིགས་ཚོགས་པ་དང་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་བར་འགྲན་བསྡུར་བྱེད་སའི་སྡིངས་ཆ་སྐྲུན་ཐབས། བཞི་པ་རྩེད་འགྲན་པའི་བར་མཐུན་སྒྲིལ་དང་ནུས་པ་འཐོན་ཆེད་ཡིན་སྐོར་སོགས་ངོ་སྤྲོད་གནང་སོང་།
དམིགས་བསལ་སྐུ་མགྲོན་ནང་སྲིད་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་ནས་རང་ཉིད་དེ་སྔོན་ས་གནས་མགོ་འཛིན་ཡིན་པའི་སྐབས་ཀྱི་ཉམས་མྱོང་ཐོག་ནས་མོན་གྷོ་རྩེད་ཐང་དེ་བཙུགས་དགོས་པའི་དམིགས་ཡུལ་ནི་གཞིས་ཆགས་སྲ་བརྟན་དང་ན་གཞོན་རྣམས་ཀྱི་ཆེད་དུ་ཡིན་སྐོར་སོགས་གསུངས་རྗེས། སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་པ་མཆོག་དང་མོན་གྷོ་ས་གནས་མགོ་འཛིན་ལས་ཚབ་སྐུ་ཞབས་འཕྲིན་ལས་རྒྱ་མཚོ་ལགས་ནས་ཀྱང་རྩེད་འགྲན་དེའི་གལ་གནད་དང་རྩེད་འགྲན་དེ་ཚགས་ཚུད་པོ་ཡོང་བར་ཚང་མས་འཕྱར་གྲུ་མཉམ་འདེགས་གནང་གལ་ཆེ་སྐོར་སོགས་བརྗོད་སོང་།
དེ་རྗེས་རྩེད་འགྲན་པ་རྣམས་སྡིངས་ཆའི་ཐོག་རུ་སྒྲིག་གཟིགས་འབུལ་དང་། མང་ཚོགས་ཀྱིས་བོད་ཀྱི་སྲོལ་རྒྱུན་སྐོར་གཞས་གཟིགས་འབུལ་ཞུས་པའི་ཐོག་ནས་ཉིན་དང་པོའི་རྩེད་འགྲན་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།
ཐེངས་འདིའི་རྩེད་འགྲན་རུ་ཁག་རྣམས་ནི། བོད་ཁྱིམ་མཐུན་ཚོགས་དང་སྦེལ་ཀོབ་གྷོ་ལ་ཐ་ལ་རུ་ཁག སྦེལ་ཀོབ་རུ་ཁག ཅེན་ནེན་མཚམས་རུ་ཁག དོན་གྲུབ་གླིང་རུ་ཁག ལྡི་ལི། གྷོ་བ། ཧུན་སུར་རབས་རྒྱས་གླིང་། བལ་ཡུལ། ཀོ་ལི་གལ། ཀུ་ལུ་མ་ན་ལི། མན་ཏྲ་པ་ཏྲ་ཕན་བདེ་གླིང་། ཨོ་རུ་ས་ཕུན་ཚོགས་གླིང་། ཤི་ལོང་། ཨ་རུ་ན་ཅལ་ཏི་ཛུ། མོན་གྷོ་བཅས་རུ་ཁག་༡༦ ཡོད་པ་དང་། དེ་དག་བར་རྩེད་འགྲན་ཁག་ ༣༤ ཙམ་ཡོད་པ་མ་ཟད། དེ་རིང་ཉིན་དང་པོར་རྩེད་འགྲན་ཁག་གཉིས་གནང་རྒྱུ་ཡིན་ཞིང་། དང་པོ་མོན་གྷོ་རུ་ཁག་དང་ལྡི་ལི་རུ་ཁག གཉིས་པ་ཆོལ་གསུམ་རུ་ཁག་དང་ཏེ་ཛུ་རུ་བཅས་བར་རྩེད་འགྲན་གནང་རྒྱུ་རེད།
ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་གྲུབ་བཀྲ་ཤིས།
བློ་སེང་འོས་ཤོག་ཐོབ་ཆེད།།
སྔོན་རྩིས་བཀའ་ཁྲོལ་མེད་ཀྱང་།།
རྩེ་ཐང་གསར་རྒྱག་བྱས་པ།།
ལོངས་སྤྱོད་དེ་བྱས་འདུག །
རྐང་སྤོལ་འགྲན་བསྡུར་ཁྲོད་ན།།
མི་མང་སྤྲོ་སྐྱིད་ཆེ་ཡང་།།
འབུམ་དྲུག་རྩེ་ཐང་གྲགས་ཅན།།
བློ་བུར་རླུང་གི་བཀོག་སོང་།།
རག་གི་འོས་ཤོག་ཆེད་དུ།།
མི་མང་མགོ་སྐོར་བཏང་བའི།།
འགྲོ་ལ་ཕན་ཕྱིར་བྱས་པའི།།
མཇུག་འབྲས་དེ་རིང་གསལ་འདུག།
ཨ་ཙིས་བླ་མ་དཀོན་མཆོག།།
རྒྱུ་འབྲས་བསླུ་བ་མེད་པ།།
མངོན་སུམ་མིག་གིས་མཐོང་དུས།།
ང་ཚོ་གཉིད་ལས་དཀྲོག་སོང་།།
མི་ལོ་བཞི་བཅུའི་རིང་གི།
བྱས་ཅན་སྐུ་ངོ་འབྲོང་ཆུང་།།
དེ་རིང་རྩ་དགོངས་ཞུས་པས།།
སེང་གེའི་བཀའ་ཤག་་ཐོང་བྱུང་།།
འདི་དང་ཕྱི་མའི་མགོན་སྐྱབས།།
༧གོང་ས་རྒྱལ་བའི་དབང་པོའི།།
སྐུ་ཡི་སྲུང་བྱ་དེ་ཡང་།།
སེམས་ཁྲལ་ཆེ་བའི་གནས་རེད།།
ལྷ་དང་བླ་མའི་ཐུགས་དགོངས།།
ནམ་མཁའི་དབྱིངས་ནས་འཁྲུགས་ཀྱང་།།
སེང་གེའི་བཀའ་ཤག་རྣམ་པ།།
རི་བུང་རྡི་རྫུས་བྱས་འདུག།
ཕྱོགས་རིས་འཐེན་འཁྱེར་ཀློང་ན།།
མིག་མིག་ཤེལ་ནག་པོ་གྱོན་པའི།།
ཀླད་མེད་སྐྱེས་བོ་ཁྱོད་ཚོས།།
ད་དུང་མཁྲེག་འཛིན་བྱེད་དམ།།