བཀའ་སྤྱི་གཉིས་ཀྱིས་༧གོང་ས་མཆོག་གིས་དམངས་གཙོ་གསོལ་བསྩལ་གནང་སྟེ་ལོ་ངོ་ང་དྲུག་འཁོར་བར་བཀའ་དྲིན་རྗེས་དྲན་དང་འབྲེལ་ཏེ། ད་ལོའི་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ཁྲོད་མང་ཚོགས་ནང་རྙོག་གླེང་འདྲ་མིན་དང་ཆོལ་ཁ་ལུང་ཚན་འཐེན་འགྱུར་གྱི་རྣམ་པ་ཤུགས་ཆེན་བྱུང་བ་ནི་ཧ་ཅང་ཐབས་རྡུགས་ཀྱི་གནས་ཚུལ་ཡིན་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར། བཙན་བྱོལ་བོད་མིའི་དམངས་གཙོ་དབུ་བརྙས་ཏེ་ལོ་ངོ་ ༥༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་ཡོད་པ་དང་། དུས་དྲན་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་རྒྱུད་དོན་གྲུབ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན། ཐེངས་འདིའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་མུ་ཀུཊ་མི་ཐི་ Shri Mukut Mithi མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུན་ཀུ་མར་ Dr.Arun Kumar མཆོག གཞན། གཞུང་ཞབས་ལས་བྱེད་ཆེ་ཕྲ་དང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང་དྷ་ས་ཁུལ་གྱི་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་དང་། ཉེ་འཁོར་དགོན་སྡེ་ཁག་གི་གྲྭ་བཙུན། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་ཕྱི་རྒྱལ་ཁག་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་བཅས་མི་གྲངས་ ༣༠༠༠ ཡས་མས་འཛོམས་འདུག་ལ། མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པ་དང་ཉེ་འཁོར་སློབ་གྲྭ་ཁག་གིས་གླུ་གར་འཁྲབ་སྟོན་བཅས་གནང་སོང་།
མཛད་སྒོའི་ཐོག་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་སློབ་ཕྲུག་ ༥ ལ་ཆེད་ལས་རིགས་གཅིག་རྐང་འཛིན་པའི་སྲིད་སྐྱོང་གཟེངས་རྟགས་གནང་བ་དང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༥ ཡན་ལེན་མཁན་སློབ་ཕྲུག་ ༢ ལ་སྲིད་སྐྱོང་གཟེངས་བསྟོད་ལག་ཁྱེར་གནང་། དེའི་རྗེས་སྲིད་སྐྱོང་མཆོག་གིས་འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་ཆེན་མོའི་ཁྲོད་ཚན་རིག་དང་སྒྱུ་རྩལ། ཚོང་རིག་བཅས་ཀྱི་སློབ་ཚན་སྡེ་ཁག་སོ་སོའི་ནང་ནས་སྦྱངས་འབྲས་རྩེ་ཕུད་སློབ་མ་ ༡༡ ལ་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་དང་། དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པའི་ལས་གཞིའི་འོག་བོད་རིགས་ཚོང་པ་གཉིས་ལ་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་བཅས་གནང་སོང་།
ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཤི་རི་མུ་ཀུཊ་མི་ཐི་ Shri Mukut Mithi མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུན་ཀུ་མར་མཆོག་རྣམ་གཉིས་ཀྱིས། དམངས་གཙོའི་དུས་དྲན་ཐེངས་ ༥༦ པའི་མཛད་སྒོའི་ཐོག་ཞུགས་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢ ཉིན་ལྡི་ལིར་རྒྱ་གར་གྲོས་ཚོགས་འཐུས་མི་བོད་དོན་སོགས་ཀྱི་རྒྱབ་སྐྱོར་བའི་ཚོགས་འདུའི་ཐོག ༧གོང་ས་མཆོག་མ་འོངས་པར་རྒྱ་གར་གྲོས་ཚོགས་ནང་གདན་འདྲེན་གྱི་གསོལ་འདེབས་ཞུ་རྒྱུ་ཐག་གཅོད་བྱུང་བ་དང་། ཚོགས་འདུའ་དེའི་ཐོག་བོད་པའི་འཐུས་མི་ཚོས་རྒྱ་གར་གཞུང་གིས་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་བདེན་མཐའ་སེལ་བར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་བ་ལྟར། རྒྱ་གར་ག་དུས་ཡིན་ནའང་བོད་པའི་རྒྱབ་རྩར་ཡོད་ལ། དབུ་མའི་ལམ་གྱི་ཐོག་ནས་བོད་དོན་བདེན་མཐའ་སེལ་ཐུབ་པའི་ཡིད་ཆེས་དང་སྨོན་འདུན་ཡོད་སྐོར་སོགས་གསུངས་སོང་།
མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དམངས་གཙོའི་དུས་དྲན་གྱི་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱངས་གནང་བའི་ནང་། “ཕྱི་ལོ་ ༢༠༠༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་རྒྱུའི་ལམ་ལུགས་གཏོད་གནང་མཛད་པ་དང། ལྷག་དོན་བོད་མི་རིགས་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་དགོངས་པ་བཞེས་ཏེ། ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་མཛད་ཡོད། བོད་མི་རྣམས་ནས་ཀྱང་༸རྒྱལ་བའི་དགོངས་པ་བཞིན་འོས་བསྡུའི་ལས་རིམ་ལ་དོ་སྣང་ཆེན་པོ་བྱས་ཏེ་ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པའི་འོས་བསྡུར་དངོས་སུ་འོས་འཕེན་པ་གྲངས་ ༣༥༡༨༤ དང་། ཕྱི་ལོ་ ༢༠༠༦ ལོར་གྲངས་ ༣༢༢༠༥། ཕྱི་ལོ་ ༢༠༡༡ ལོར་གྲངས་ ༤༩༡༨༤ བཅས་སོ་སོ་དང་། ཕྱི་ལོ་ ༢༠༡༦ ལོར་སྲིད་སྐྱོང་གི་འོས་བསྡུར་འོས་འཕེན་པ་གྲངས་ ༥༨༧༤༢ བྱུང་བ་བཅས་ཆ་ཤས་ལེན་ཤུགས་ཇེ་ཆེར་སོང་ཡོད་པ་ནི་ལེགས་བརྗོད་ཞུ་འོས་པ་ཞིག་རེད། འོན་ཀྱང་ཉེ་སྔོན་འོས་བསྡུ་ཆེན་མོའི་སྐབས་ནང་ཁུལ་སྐྱོན་བརྗོད་དང་ཆོལ་ཁའི་འཐེན་འཁྱེར་བྱས་པ་སོགས་བློ་ཕམ་དང་སེམས་འཚབ་འབྱུང་གཞིའི་སྐྱོན་ཆའང་ཅི་ཆེ་བྱུང་ཡོད་སྟབས། འདི་ལོའི་འཁྲུངས་སྐར་དུས་ཆེན་གྱི་བཀའ་ཤག་གི་གསུང་བཤད་ནང་མ་འོངས་པར་དེ་ལྟར་མི་ཡོང་བ་དང་གཅིག་སྒྲིལ་བྱེད་དགོས་པའི་ལམ་སྟོན་ནན་པོ་ཞུས་ཡོད་པ་ལྟར་སླར་ཡང་གསལ་འདེབས་ཞུ་རྒྱུ་ཡིན།
བོད་མིའི་མང་གཙོའི་ལམ་སྲོལ་དབུ་བརྙེས་པ་ནས་ད་ལྟའི་བར་མང་གཙོའི་འཕེལ་རིམ་གྱི་མདུན་བསྐྱོད་ལ་ཕྱོགས་མང་པོ་ནས་བསྔགས་བརྗོད་འཐོབ་བཞིན་པ་ནི་གཞིས་བྱེས་བོད་མི་ཡོངས་ནས་དགའ་སྤོབས་བྱ་འོས་པ་ཞིག་རེད། འདི་ལོ་ཕྱི་ཟླ་ ༦ ཚེས་ ༡༥ ཉིན་ཨ་རིའི་ཚོགས་པ་གྲགས་ཅན་རྒྱལ་ཡོངས་མང་གཙོའི་ཐེབས་རྩ་ཞེས་པས། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་གཟེངས་བསྟོད་ཀྱི་བྱ༌དགའ་ཞིག་འབུལ་བཞེས་མཛད་སྐབས་ཐེབས་རྩའི་ཚོགས་གཙོ་སྐུ་ཞབས་མར་ཊིན་ཕོ་རོསཋ་མཆོག་གིས། བཙན་བྱོལ་བོད་མི་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་སིམ་ཡལ་དུ་འགྲོ་རྒྱུའི་ཉེན་ཁ་དང་བྲལ་ཏེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་མ་བརླག་པར་མཉམ་གནས་ཐུབ་པ་དང་། ལྷག་པར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུ་འཁྲིད་ལམ་སྟོན་འོག་བཙན་བྱོལ་ནང་མང་གཙོའི་ལམ་ལུགས་ལག་བསྟར་གྱིས་ཕྱི་ལོ་ ༡༩༦༠ ནས་གྲོས་ཚོགས་ཀྱི་འཐུས་མི་དང་། ཕྱི་ལོ་ ༢༠༠༡ ནས་བཀའ་བློན་ཁྲི་པའམ་སྲིད་སྐྱོང་མི་མང་གིས་ཐད་ཀར་འོས་འདེམས་བྱེད་འགོ་ཚུགས་པ་བཅས་ནི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཤིག་རེད་ཅེས་བསྔགས་བརྗོད་གནང་ཡོད།
ང་ཚོ་ནི་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་ཤིག་དང་། བཙན་བྱོལ་གྱི་གནས་བབ་འོག་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་མཁན་ཞིག་ཡིན་པས་གཞན་དང་གནས་སྟངས་མི་འདྲ་བ་ཡིན་པ་ཤེས་དགོས། མང་གཙོའི་རིང་ལུགས་ནང་ཐོབ་ཐང་དང་ལས་འགན་གཉིས་ཟུང་འབྲེལ་ཐོག་འགྲོ་དགོས་པ་ལས་ཐོབ་ཐང་གཅིག་པུ་ལོངས་སུ་སྤྱོད་པ་ནི་མང་གཙོ་ཡང་དག་པ་ཆགས་ཀྱི་མེད། དེ་བཞིན་མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་འདྲ་བ་ཡོང་ཆོག་པ་མ་ཟད་ཡོང་དགོས་པ་ཞིག་ཀྱང་ཡིན། འོན་ཀྱང་འགའ་རེས་གཏམ་བརྗོད་རང་དབང་ལ་ཁ་གཡར་ནས་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་དང་། ལྷག་པར་༸གོང་ས་མཆོག་ལ་མཚན་སྨད་ཞུ་བའི་བྱ་སྤྱོད་ནི་དགྲ་དགའ་གཉེན་སྡུག་བཟོ་གཞི་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་སྤྱོད་བཟང་དང་ཡང་འགལ་བས་བོད་མི་སྤྱི་སྒེར་ཚང་མས་དོགས་ཟོན་དང་། ནང་ཁུལ་ལམ་ནོར་ལྡོག་ཤེས་ཀྱི་སློབ་གསོ་གནང་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།” ཞེས་འཁོད་འདུག
གཞན། དེང་སྐབས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དབུ་ཁྲིད་ཚོར་གནོན་ཤུགས་སྤྲད་དེ་བོད་དོན་གླེང་སློང་འགོག་བཞིན་ཡོད་པ་དང་། དོལ་རྒྱལ་རྗེས་འབྲང་པ་བེད་སྤྱད་དེ་༧གོང་ས་མཆོག་གི་མཛད་འཕྲིན་ལ་འགོག་རྐྱེན། བོད་མིའི་རང་དབང་འཐབ་རྩོད་ཆེད་ད་བར་བོད་མི་ ༡༤༤ ཙམ་གྱིས་རང་ལུས་མེར་སྲེག་གནང་བ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་ནས་གློ་བུར་དགོངས་པ་རྫོགས་པ། རྒྱ་གཞུང་གིས་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུར་ཉེ་ཆར་དུས་འཁོར་དབང་ཆེན་གནང་དུ་བཅུག་སྟེ་མི་མང་ལ་བཙན་སྐུལ་བྱས་པ། ཉེ་ལམ་གསེར་རྟ་བླ་རུང་ཆོས་སྒར་དུ་གཏོར་བཤིག་བཏང་སྟེ་བཙུན་མ་རིག་འཛིན་སྒྲོལ་མ་དང་ཚེ་རིང་སྒྲོལ་མ། སེམས་དགའ་བཅས་ཀྱིས་བྱེད་ཐབས་ཟད་པའི་རང་སྲོག་བཅད་པ་སོགས་ཀྱི་ཐད་རྒྱ་ནག་ལ་སྐྱོན་བརྗོད་གནང་འདུག
ཡང་གསུང་འཕྲིན་ནང་འཁོད་དོན། “ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཚོགས་ཀྱི་དྲུང་ཆེ་བརྗེ་བསྒྱུར་བྱས་ཡོད། བོད་ཁྱོན་ཡོངས་ནང་ཞི་བདེ་ལྷིང་འཇགས་ཡང་དག་པ་ཞིག་ཡོང་བར་འགོ་འཁྲིད་འཕོ་བསྒྱུར་བཏང་བ་ཙམ་མ་ཡིན་པར་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་མཁྲེགས་འཛིན་དང་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་མཚམས་འཇོག་གིས་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་དུས་ལ་བབས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐབས་ལམ་ཡག་ཤོས་ཡིན་པ་དང་བོད་ཀྱི་གནད་དོན་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་འབྲེལ་མོལ་མུ་མཐུད་ཡོང་ཆེད་འབད་བརྩོན་སྔར་ལྷག་ཞུ་རྒྱུ་ཡིན།” ཞེས་དང་། “ཉེ་ཆར་དབུལ་ཕོངས་ཉམ་ཐག་ལྟ་སྐྱོང་གི་ཆེས་མཐོའི་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་ཕུལ་འབྱོར་བྱུང་བའི་རྒྱབ་གཉེར་ལྟར་ལག་བསྟར་གྱིས་སྔར་ལྷག་ལྟ་སྐྱོང་བྱེད་རྒྱུ་ཡིན། དེ་བཞིན་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་ཐོག་ནད་རིགས་སྔོན་འགོག་གི་ཆེས་མཐོའི་ཞིབ་འཇུག་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་དང། གཞན་ཡང་ཨ་རིའི་རོགས་ཚོགས་ནས་བོད་མིའི་འཕྲོད་བསྟེན་དང་འབྲེལ་བའི་སྙན་ཐོ། འཕྲོད་བསྟེན་ཚོགས་ཆེན་བསྐོང་ཚོགས་ཞུས་པ་བཅས་འབྲེལ་ཡོད་སོ་སོའི་རྒྱབ་གཉེར་གལ་འགངས་ཆེ་ཁག་ལག་བསྟར་ཞུ་རྒྱུ་ཡིན།” ཞེས་སོགས་བཀོད་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་གནང་བའི་ནང་ད་ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་ཏེ་བོད་མིའི་མཐུན་ལམ་སྐོར་བཀོད་དོན། “བར་ལམ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སྐབས། ད་ལྟ་བོད་དང་བོད་མིའི་གནས་བབ་ཇི་འདྲ་ཞིག་གི་ཐོག་གནས་ཡོད་པ་དང། བོད་མིར་རང་ཆས་སུ་ཡོད་པའི་གཤིས་ལུགས་བཟང་པོ་མི་ཉམས་རྒྱུན་འཛིན་བྱ་གལ་སོགས་ལ་བསམ་ཤེས་མ་ཐུབ་པར། རྒྱལ་སྤྱིའི་ནང་རང་དབང་རང་བཙན་ཆ་ཚང་ཡོད་པའི་མང་གཙོའི་རྒྱལ་ཁབ་སྟོབས་ལྡན་དག་གི་ལད་མོར་ཐལ་ནས་ཕྱོགས་གང་ས་ནས་འཐེན་རྩོད་ཀྱི་རྣམ་པ་གང་ཙམ་བྱུང་སྟེ། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་དང་། ཐུགས་དམ་སད་རྐྱེན་བྱུང་ཡོད་པ་དང་། དེ་རྗེས་སྲིད་སྐྱོང་གི་དམ་འབུལ་མཛད་སྒོའི་ཐོག་བཀའ་སློབ་སྤྱི་ཕེབས་བྱུང་བའི་ནང་། “འཕྲལ་སེལ་དགོས་པ་ཆུང་ངུ་ཞིག་ལ་དམིགས་ནས་ཆོས་ལུགས་འཐེན་འཁྱེར་ལྟ་བུ་དང་། དེ་བཞིན་ལུང་ཚན་གྱི་འཐེན་འཁྱེར་ལྟ་བུ་བྱས་ན། དངོས་གནས་བློ་ཆུང་ཕན་བཏགས་ཟེར་བ་དེ་ཆགས་རྒྱུ་རེད། ཡག་པོ་རྩ་བ་ནས་མེད། དེར་བརྟེན་ང་ཚོ་ཆོལ་ཁ་གསུམ་པོ་འདི་སྐྱིད་ན་སྐྱིད་གཅིག སྡུག་ན་སྡུག་གཅིག་བྱས་ནས་ང་ཚོ་སྐྱིད་སྡུག་མཉམ་མྱོང་བྱས་ནས་ཡིན་མ་གཏོགས། ང་ཚོ་འདིར་ཆོལ་ཁའི་དབྱེ་བ་ཕྱེ་ནས་དེ་འདྲ་ནམ་ཡང་མ་ཡོང་བ་ཞིག་བྱེད་དགོས་པ་ཁྱེད་རང་ཚོ་ཚང་མས་སེམས་ནང་ཞོགས་” ཞེས་སོགས་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་ཁེ་ལི་ཕོར་ནི་ཡའི་ཁུལ་གནས་སྡོད་བོད་མི་ཚོར་བཀའ་སློབ་སྩལ་སྐབས། “ད་ཆ་འོས་བསྡུའི་སྐབས་དང་འབྲེལ་བའི་གནས་ཚུལ་ཚང་མ་འཇགས་ཡོད་པས་ནམ་མཁའ་གཡའ་དག་དང་། ས་གཞི་རྡུལ་དག་ཡིན། བློ་བདེ་པོ་བྱས་ནས་སྡོད་” ཅེས་བཀའ་བཟང་འཐོབ་ཡོད་པ་བཞིན། ད་ལྟའི་ཆར་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཀའི་འགོ་འཁྲིད་མི་སྣ་འདེམས་བསྐོའི་རིམ་པ་གྲུབ་སྟེ་རང་རང་ལས་དོན་ཐོག་དངོས་སུ་ཞུགས་ཟིན་ཡོད་པས། བོད་མི་ཡོངས་ཀྱིས་ཁ་ཞེ་གཉིས་མེད་ངང་ལག་ལེན་དངོས་ཀྱི་ཐོག་ནས་ཕན་ཚུན་མཛའ་བརྩེའི་ངང་མཐུན་ལམ་དམ་ཚིག་གཟོང་ཁ་གཅིག་སྒྲིལ་གནང་དགོས་གཞི་རྩར་བཞག་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཡོངས་དང་། རྒྱ་ཆེའི་མང་ཚོགས་བཅས་ཀྱིས་ཕྱར་གྲུ་མཉམ་འདེགས་དང་། རྒྱབ་སྐྱོར་གྱི་ནུས་ཤུགས་འདོན་དགོས་པའི་དུས་ལ་སླེབས་ཡོད།” ཅེས་འཁོད་འདུག
གཞན། རྒྱ་ནག་གཞུང་གིས་གསེར་རྟ་ཆོས་སྒར་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་པ་དང་། རྔ་པ་ཀིརྟི་དགོན་དུ་བཙན་ཚུགས་ཀྱིས་གྱོད་དཔེ་ཟེར་བ་དེར་སློབ་སྦྱོང་བྱེད་དུ་འཇུག་པ་དང་། སེར་ཤུལ་རྫོང་ཐོག་གྲྭ་བཟོད་པ་ཞུ་བ་ཞིག་གིས་རྩྭ་སའི་བདག་དབང་གླེང་བར་རྒྱ་གཞུང་གིས་བཙོན་འཇུག་གི་སྡིགས་ར་སྐུལ་ས་སོགས་ནི་རྩ་ཁྲིམས་དང་ཡུལ་ཁྲིམས་གཉིས་ཀར་འགལ་བའི་བྱ་སྤྱོད་ཡིན་སྐོར་སོགས་འཁོད་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་ཐད་ “ཉེ་སྔོན་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་ སྤྱི་འཐུས་རྣམས་ལས་འཁུར་དམ་བཅའ་འབུལ་བཞེས་གྲུབ་ཉིད། བོད་མི་གནས་སྡོད་ཡོངས་ཁྱབ་ཏུ་འཚམས་འདྲི་གཟིགས་སྐོར་སླད་ཕེབས་རྒྱུའི་ས་གནས་ས་བགོས་ཀྱི་ལས་འཆར་ཆེད་བསྒྲིགས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་རྒྱས་དང་རྒྱས་བཞིན་པ་རྣམས་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་རིམ་སྐོར། བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དགོས་པ་གལ་ཆེ་ཡིན་སྐོར་སོགས་ཀྱི་གོ་རྟོགས་དང་བློ་སྟོབས་སྤེལ་རྒྱུ། དེ་དང་ཆབས་ཅིག་ས་གནས་སོ་སོའི་སྒྲིག་འཛུགས་སམ། སྡེ་ཚན་སོ་སོ་དང་། མང་ཚོགས་སྒེར་བཅས་ཀྱིས་བདེ་སྡུག་ཞུས་ཁག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ལས་ཁུངས་གཙོ་གྱུར་སྒྲིག་འཛུགས་མ་ལག་ཁུངས་སོ་སོ་ནས་སྐབས་ཐོག་སོ་སོར་དཀའ་ངལ་སེལ་ཐབས་དང་། རོགས་སྐྱོར་ལག་བསྟར་ཐུབ་ཐབས་ཆེད་འཛིན་སྐྱོང་བཀའ་ཤག་ཏུ་ཕུལ་ཏེ་དཀའ་ངལ་སེལ་ཐབས་བྱ་བཞིན་པ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་མིའི་སྒྲིག་འཛུགས་དང་། མང་ཚོགས་དབར་ཟམ་པ་ལྟ་བུའི་གནས་བབ་བཟུང་སྟེ་ལས་དོན་བསྒྲུབས་དང་སྒྲུབ་བཞིན་ཡོད།” ཅེས་འཁོད་འདུག