དཔལ་འབྲུག་མོ།
རྒྱབ་རི་གངས་དང་མདུན་རི་ནགས་དཀྱིལ་ན། མཚོ་སོགས་ཀྱིས་ཕྱུག་པའི་སུད་སི་ལན་གྲི་ཡིས་གྲོང་ཁྱེར་རྫུད་རི་ནི་སྤྱིར་འཛམ་གླིང་གི་ཡུལ་ལྗོངས་ཡག་ཤོས་ཤིག་ཡིན།
རྒྱལ་ཁབ་འདིའི་འཚོ་བ་ཕྱུག་ཅིང་། བཀོད་ལེགས་པ། ཞི་བདེ་འདྲ་མཉམ་སོགས་ཕྱོགས་གང་ཐད་རྩེ་གྲས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ལ། འཛམ་གླིང་ཕྱོགས་ཡོང་གི་མི་རིགས་མང་བོ་དང་«དཔའ་བོ»ཞེས་པའི་གློག་བརྙན་ནང་གི་བུ་མོ་བསྟན་འཛིན་སོགས་གཏན་སྡོད་ཀྱི་གནས་ཡུལ་འཁྲེང་ས་ཞིག་ལ་བྱེད་ཀྱིན་ཡོད་པ་ལྟར་རེད།
མདོར་ན། ཕ་ཡུལ་གངས་ལྗོངས་ཀྱི་ཡུལ་མི་རྣམས་ཀྱིས་རྗོད་བཞིན་པའི་དག་པའི་ཞིང་ཁམས་ཟེར་བ་འདི་འདྲ་ཞིག་ལ་ངོས་འཛིན་བྱེད་ལོས་ཆོག་སྙམ།
དེ་རིང་དེ་དབྱར་ཟླ་བརྒྱད་པའི་བསིལ་རླུང་དལ་བུས་ལྡིང་ཞིང་། ང་ཉིད་མཚོ་འགྲམ་ནས་ཁེར་རྐྱང་དུ་གོམ་པ་དལ་ལྷོད་ཀྱིས་མདུན་དུ་སྐྱོད་ཞོར། མཛེས་པའི་ཡུལ་ལྗོངས་འདིའི་ཁ་དབུགས་ལ་ལྷོད་གཡེང་ངང་རོལ།
ང་ནི་འདོད་ལྡན་སྐྱེས་པ་བཞིན། གཡས་གཡོན་གྱི་མགོ་སེར་གཞོན་ནུ་མ་ཚོའི་གསང་དོར་མ་གཏོགས་མེད་པའི་མཛེས་སྡུག་དེར་འཁྱུག་ཙམ་རོལ་ཞིང་། རང་ཉིད་ཀྱང་གནས་འདི་ལ་སླེབས་དགོས་པ་དང་། ལྷག་པར་དུ་གཏན་སྡོད་བྱེད་དགོས་པའི་གནས་ཡུལ་ཅི་ཞིག་ཡིན་པ་སོགས་བློ་ཡུལ་ལས་འདས།
བཤད་རྒྱུན་ལ་”འཆར་གཞི་མེད་པའི་འཚོ་བའི་ནང་དུ་ཞུགས་པའི་མི་ནི་ག་དུས་ཡིན་ཡང་དབུལ་བོ་ཡིན་”ཟེར། ངས་དབུལ་བོ་ཞེས་པ་དཔལ་འབྱོར་ཁོ་ནས་དམན་པ་དབུལ་བོའི་མཚན་ཉིད་ལ་མི་འཇོག གལ་སྲིད་དེ་ལ་ཆ་བཞག་པ་ཡིན་ན་ངོ་མ་ཕྱུག་པོ་ཆགས་མ་མྱོང་ཟེར་ཆོག གང་ལྟར། འཆར་གཞིའི་ནང་ནས་མི་ཚེ་བསྐྱལ་ཀྱང་རང་ཉིད་ཀྱི་མི་ཚེ་འདི་ལྟར་རྫོགས་སོང་།
དོན་ངོས་སུ་ཡུལ་གྱར་བོད་མིའི་དང་ཐོག་དམིགས་ཡུལ་ནི་ཁ་སང་དགོང་མོ་བསྟན་པའི་«དཔའ་བོ»ཞེས་པའི་གློག་བརྙན་ནང་གི་གཙོ་འཁྲབ་པ། ཤ་བོ་རྡོ་རྗེའམ་དཔའ་བོ་ཞེས་པའི་ཕོ་གསར་དེ་འདྲ་ཞིག་ལོས་ཡིན་སྙམ།
གཙོ་བོ་གཞན་ཡུལ་དུ་ཡོང་ནས་ཕ་ཡུལ་གྱི་གནད་དོན་སེལ་བར་འབད་པ་དེ་རེད། ངས་དེ་ལྟར་དྲན་བཞིན་བསམ་བཞིན་གློག་བརྙན་དེའི་བརྒྱུད་རིམ་ལ་ཡང་བསྐྱར་ཐེངས་ཅིག་རོལ།
དེ་ནི་ཆེས་མཐོ་ས་ན་བྱ་རྒོད་མང་པོ་ཞིག་གིས་”ཨག་་་ཨག་་ཟེར་བཞིན་ལྡིང་སྐོར་རྒྱག་གིན་འདུག་ལ། ཌ་མ་རུ་དཀྲོལ་བའི་དགེ་འདུན་པ་ཁ་ཤས་ཀྱིས་ཕུང་པོ་བྱ་གཡེང་ལ་གཏོང་སའི་དུར་ཁྲོད་ན། ནང་ཆོས་ཀྱི་ཟབ་དོན་དབྱིངས་ལ་འཐེན་གྱིན་འདུག
སྟོབས་ལྡན་གྱི་སྟ་རེས་ཚལ་བ་ནས་ཚལ་བར་གཏུབ་བཞིན་པ་དེ་བུ་མགོན་པོ་དང་རྡོ་རྗེ། བུ་མོ་ཆོས་བཟང་(Chesa) གསུམ་གྱི་ཨ་ཕའི་ཕུང་པོ་རེད།
ཨ་ཕ་དཔལ་ལྡན་ལ་ཁ་བྲལ་རིང་ལུགས་པའི་ནག་ཉེས་གཡོགས་ཏེ་མི་ལོ་ ༡༢ ལྷག་ལ་བཙོན་འཇུག་མནར་གཅོད་བཏང་བའི་རྐྱེན་གྱིས་བཙོན་གྲོལ་ཐོབ་ནས་ཡུན་རིང་མ་སོང་བར་གྲོངས་པ་རེད། སྐབས་དེར་ཁོས་ཞིང་ཁ་རྨོ་བཞིན་ཡོད་པ་དང་། གཙོ་འཁྲབ་པ་རྡོ་རྗེ་ཁོའི་ཐག་ཉེར་སླེབས་སྐབས་ཨ་ཕ་དཔལ་ལྡན་ས་ལ་འགྱེལ།
རྡོ་རྗེས་དེ་མཐོང་ནས་བླ་འཁྱམས་པ་ལྟར་གྱུར་བའི་སྣང་ཚུལ་ནི། རྡོ་རྗེའམ་གཙོ་འཁྲབ་པ་དཔའ་བོ་འཁྲབ་མཁན་གྱི་མི་སྣ་དེ་ནི་ཆུང་བྱིས་དུས་དེ་བོད་པ་བྱིས་པའི་ངོ་མདངས་དྭངས་མ་དེ་ཐོན་ཡོད་པ་དང་། བར་དུ་བོད་ནང་ནས་སྐད་འབོད་སོགས་ཀྱིས་ཉེས་མེད་བཙོན་ཁང་དུ་མནར་གཅོད་ཚད་མེད་མྱངས་པ། དེ་ནས་ལམ་བར་གྱི་ཧི་མ་ལ་ཡའི་འགག་སྒོ་འགལ་སྐབས་སྐྱོད་རོགས་བུ་མོ་དེ་བསྟན་འཛིན་སྐྱབས་པ་སོགས་ཀྱི་དཔའ་བོའི་བློ་ཁོག་དམིགས་བསལ་གྱིས་དེ་མངོན་གསལ་དོད་པོ་ཐོན་ཡོད།
ལྷག་པར་དུ་བཙན་བྱོལ་དུ་འབྱོར་རྗེས་ཕ་ཡུལ་གྱི་སྡུག་བསྔལ་དེ་དག་སྙིང་ལ་ཉར་ཡང་། ལྡི་ལིའི་སྐད་འབོད་སྐབས་བོད་ནང་གི་རང་ལུས་མེ་བསྲེགས་ཀྱི་ཤུགས་རྐྱེན་སོགས་ཀྱིས། རང་ཉིད་ཀྱིས་ཀྱང་མི་རིགས་ཤིག་གི་བདེ་སྡུག་གི་ཆེད་དུ་རང་ལུས་མེ་ལ་སྒྲོན་པ་དེ་ཡིན་ལ། དེ་ནི་ངས་གློག་བརྙན་འདི་ལ་བལྟས་རྗེས་ཀྱི་མིག་ཆུ་ཐོན་པའི་གཞི་རྩ་གཙོ་བོ་དེའང་ཡིན།
གློག་བརྙན་ཚར་རྗེས་བཙན་བྱོལ་དུ་རང་ལུས་མེར་སྲེག་མཁན་དཔའ་བོ་འཇལ་དཔལ་ཡེ་ཤེས་ཀྱི་སྒྲུང་(ལོ་རྒྱུས་)ལ་གཞི་བཅོལ་ནས་བྲིས་པ་ཡིན་ཞེས་བཀོད་འདུག དེ་ནི་རྫུན་བཟོ་མིན་པར་གཞོན་སྐྱེས་ཤིག་གི་ཚེ་སྲོག་རེད་བསམ་བཞིན་མིག་ཆུ་ཤོར་སོང་། དཔའ་བོའི་གཙོ་འཁྲབ་པ་ཁོང་ལ་དེ་སྔ་མཐོང་མ་མྱོང་བའི་རྣམ་འགྱུར་གསོན་ཉམས་ཅན་ཞིག་འདུག
ཨ་ཕ་དཔལ་ལྡན་འདས་རྗེས་བུ་རྒན་པ་མགོན་པོ་སེམས་མ་སྐྱིད་པར་ཆང་འཐུང་བ་དང་། རྒྱན་འཛུགས་པ་སོགས་མི་ཚེ་ཅི་ཡིན་འདི་ཡིན་མེད་པ་ཆགས། ལྷག་པར་དུ་ཤ་འཁོན་དེ་ཚོ་ནུ་བོ་རྡོ་རྗེའི་རྣ་ལམ་དུ་ཡང་དང་བསྐྱར་དུ་གླེང་། དེའང་རྡོ་རྗེ་རང་ཉིད་ཀྱི་སེམས་ལ་བག་ཆགས་འཇོག་མཁན་དེ་རེད།
མགོན་པོ་འཁྲབ་མཁན་གྱི་སྒྱུ་རྩལ་དང་ལྷག་པར་བཟི་སྐབས་ཀྱི་ཉམས་ནི་ངོ་མ་ཞིག་ལས། ཆེད་དུ་འཁྲབ་པ་ཞིག་ཏུ་མི་སྣང་པའི་ཁྱད་ཆོས་ལྡན།
«དཔའ་བོ»ཡི་གློག་བརྙན་ནང་ཕ་དཔལ་ལྡན་འདས་རྗེས་མགོན་པོ་མ་གཏོགས། མིང་སྲིང་གཞན་གཉིས་དང་། ལྷག་པར་ནང་གི་ཨ་མ་(མིང་གསལ་བོ་མེད།) ལ་ཡང་སེམས་སྡུག་གི་ཚོར་བ་དམིགས་བསལ་བ་ཡོད་པའི་ཁྱད་ཆོས་འབུར་འདོན་བྱེད་ཐུབ་མེད་པ་དང་། ཨ་མའི་རྣམ་འགྱུར་དེ་ནམ་ཡང་སྒམ་ཚུགས་ཅན་ཞིག་དང་སྨྲ་བ་ཉུང་བ། ཐ་ན་ཨ་མ་ཞིག་ཡིན་པའི་ངོས་ནས་རང་གི་བུ་ཕྲུག་ཚོར་སློབ་གསོ་ཚིག་གཅིག་ཀྱང་མི་རྒྱག་པའི་མི་སྣ་ཞིག་ཏུ་བཞེངས་སྐྲུན་བྱས་ཡོད་པ་དེ། བོད་ཀྱི་ཨ་མ་ཞིག་གི་ཁྱད་ཆོས་ལ་འོས་འཚམ་མ་རེད།
ད་དུང་བོད་ཀྱི་ཨ་མའི་བྱམས་བརྩེ་ཡི་འཛུམ་དང་། སྡུག་བསྔལ་གྱིས་མནར་བའི་མི་ཚེའི་ངོ་གདོང་། སྤོབས་པས་ཁེངས་པའི་མི་ཚང་འདིའི་མིག་ཟུང་སོགས་ཅུང་འབུར་དུ་ཐོན་མི་འདུག་སྙམ།
ཡང་ནུ་མོ་ཆོས་བཟང་ལ་མཚོན་ན་བྱིས་པ་དང་དར་མ་བཅས་རིམ་པ་འགའི་ཚབ་མཚོན་ཁྲབ་རྩལ་ཧ་ཅང་ལེགས་ཁར། བྱིས་དུས་ཀྱི་ཆོས་བཟང་ནི་སྨྲ་བ་དག་ལ་སེམས་ཁམས་གཙང་མ་ཡིན་པའི་བྱིས་པ་ཞིག་ཡིན་པའི་ཁྱད་ཆོས་འབུར་དུ་ཐོན་ཡོད་པས། ཆོས་བཟང་ནི་ལྟད་མོ་བའི་ཡིད་དབང་འཕྲོག་པའི་བུ་མོ་ཆུང་ཆུང་ཞིག་གོ།
«དཔའ་བོ»་ཞེས་པའི་གློག་བརྙན་འདིས་ཁྱིམ་ཚང་ཞིག་གི་རྒུད་པ་མཚོན་པ་དང་། གློག་བརྙན་གྱི་མཚམས་མཚམས་སུ།
“ཆོས་སྲིད་གཉིས་ཀྱི་དབུ་ཁྲིད།།
སྐྱབས་མགོན་ཡིད་བཞིན་ནོར་བུ།།”
ལྟ་བུའི་གླུ་གཞས་དང་། སྤུན་ཉེ་སྐལ་བཟང་སློབ་གྲྭ་ནས་མ་བསྡད་པར་རྒྱ་གར་ལ་འགྲོ་སྐབས། རྡོ་རྗེ་དང་ཆོས་བཟང་གཉིས་ལ་རྒྱ་གར་ལ་སོང་ན་”སྐྱབས་མགོན་ཏཱ་ལའི་བླ་མ་”མཇལ་ཐུབ་པའི་རྒྱུ་མཚན་བཤད་དེ། སྐྱབས་མགོན་ཏཱ་ལའི་བླ་མ་ནི་«དཔའ་བོ»ཞེས་པའི་གློག་བརྙན་ནང་གི་ཁྱིམ་ཚང་དེའི་ཡོད་ཚད་ཡིན་པའི་རྣམ་པ་མངོན་ཐབས་བྱས་པ་དེས། གཞིས་སྡོད་བོད་མི་སྤྱིས་༧གོང་ས་མཆོག་ལ་བཅངས་པའི་དད་སྨོན་དང་ཡིད་ཆེས། རེ་སྒུག བློ་གཏད་བཅས་མངོན་གསལ་དོད་པོས་མཚོན་པར་བྱས་འདུག་ལ། གློག་བརྙན་ནང་གི་རོལ་མོ་དང་གཞས་སོགས་ཀྱིས་སྐྱོ་གདུང་གི་ཉམས་ཤིག་ཟུར་ནས་འདོན་ཐུབ་ཡོད།
་་་་་་་་་་་་རེད་ཡ། གློག་བརྙན་འདི་ལ་བལྟས་རྗེས་རང་གི་ཡུལ་གྱར་བའི་མི་ཚེའི་ཁ་ཕྱོགས་ལའང་སྡོམ་ཚིག་ཅིག་བཞག་ན། དེ་ནི་ཕྱི་ཡུལ་དུ་ཡུལ་གྱར་བའི་འཚོ་བའི་བརྒྱུད་རིམ་ནང་། འཁྱུག་ཙམ་གྱི་བདེ་སྐྱིད་དེ་དང་། བརྩེ་དུང་གི་མངར་ཁ་ཕྲན་བུ་དེའང་ཡིན་སྲིད།
གཞན་ཡུལ་འགྲིམ་ཡང་འབྲོག་པའི་ལྷད་མེད་ཀྱི་གཤིས་རྒྱུད་དེ་ནམ་ཡང་མ་ཉམས་པ་ཡོད་ཙང་། རང་ལས་གཞན་གྱི་བརྩེ་དུང་གི་གཏོང་ཕོད་ཁྲོད་ནས་སྡུག་བསྔལ་གྱི་རྨ་ཁ་བཟོ་བ་དང་། ཕྲོམ་ཕྲོམ་གྱི་མིག་ཆུ་ཐོན་པའང་ཉུང་ཉུང་མ་རེད།
དེ་ནི་གློག་བརྙན་འདི་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་མིའི་ཁྲོམ་ས་ཆུང་ཆུང་དེའི་འཚོ་བའི་གཏིང་རིམ་ནས། དཔའ་བོ་ཟེར་བའི་ཕོ་གསར་དེ་རང་ཉིད་ཀྱི་བློ་ལ་འབབ་སའི་བུ་མོ་བསྟན་འཛིན་དང་འཕྲད་པའི་སྐད་ཅིག་གི་ཚོར་བ་དེ་ལས་ཙམ་འཛུམ་མདངས་ཤིག་མཐོང་བ་མ་གཏོགས། མགོ་ནས་མཇུག་བར་དུ་སྡུག་བསྔལ་རྐྱང་རྐྱང་ལས་བདེ་སྐྱིད་ཅི་ཡང་མཐོང་མ་སོང་།
དེ་ལ་ཅི་ཁག ཆུང་བྱིས་པའི་དུས་ནས་སྲིད་ཀྱི་ཉེས་མིང་འོག་ཕ་རྒན་གྲོངས་པ་དང་། དེ་ནས་རིམ་གྱིས་རང་ཉིད་ལ་བཅར་རྡུང་། མ་ཟད་ཕུ་བོའང་རྒྱ་དམག་གིས་བསད་པའི་ན་ཟུག་ཡོད་ཚད་སྙིང་ཁོང་ལ་ཉར་ཡོད་པ་དེ་རེད།
ཁོ་རང་དགའ་སའི་བུ་མོ་བསྟན་འཛིན་ནི་དེ་ལས་ལྡོག་སྟེ། བཙན་བྱོལ་དུ་འབྱོར་བ་ནས་འཚོ་བ་དེ་ལས་ཡན་ཞིག་བཙལ་ཐུབ་ན་འབད་མཁན་གྱི་གྲངས་དང་། དེང་དུས་ཀྱི་བཙན་བྱོལ་བ་མང་ཆེ་ཤོས་ཀྱི་ཕུགས་བསམ་དང་གཅིག་པ་རེད།
་་་་་་་མདོར་ན། འཇིག་རྟེན་དུ་འཚོ་བཞིན་པའི་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་ནའང་། ལས་དབང་དང་བྱ་སྤྱོད་སོགས་ཡེ་ནས་ལོགས་པ་རེད་འདུག
ལ་ལས་རང་ཉིད་ཀྱི་ཁེ་ཕན་ཕྲན་བུ་ཙམ་ལ་བལྟས་ནས་མི་ལ་ངན་དང་གཡོ་སྒྱུ་རྐྱང་རྐྱང་འཁྲབ་བཞིན་ཡོད་ན་ཡང་། གློག་བརྙན་«དཔའ་བོའི»གཙོ་འཁྲབ་པས་མི་རིགས་ཤིག་གི་བདེ་སྡུག་ལ་ཕན་ཨེ་ཡོང་བསམས་ཏེ། འཚེ་མེད་ཞི་བའི་ལམ་ནས་རང་གི་གཅེས་སྲོག་ཕུལ།
བསམ་བཞིན་བསམ་ན་བོད་པ་ཚོའི་དོན་ངོ་མས་རང་དབང་ཞིག་ལེན་ཐུབ་བམ། དོན་དམ་པར་བདེ་སྐྱིད་ནི་ཅི་ཞིག་རེད། འཇིག་རྟེན་གྱི་མི་ཚོས་དོན་དམ་དུ་ཅི་ཞིག་འཚོལ་བཞིན་པ་ངས་ཧ་ཅང་ཤེས་དཀའ།
སྤྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༢ ཉིན་ཕུལ།
དངོས་གནས་ཡག་པོ་བྲིས་འདུག གློག་བརྙན་དེར་དངོས་སུ་ལྟས་པ་ལྟབུ་ཚོར་སྣང་ཞིག་བྱུང་། གློག་བརྙན་དེ་ཡག་པོ་ཡོད་ས་རེད། ངེས་པར་དུ་གཅིག་ལྟ་ཡི་ཡིན། བཀའ་དྲིན་ཆེ།