༄༅།།༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཡུ་རོབ་ཏུ་ཚན་རིག་པ་དང་བགྲོ་གླེང་གནང་བ།
—— སྐྱེས་བུ་སྒེར་གྱི་ཁས་ལེན་དང་། འཇིག་རྟེན་ཡོངས་ཁྱབ་ཀྱི་འགན་ཁུར་སྐོར་གླེང་བ།
(ཏེང་དབྱི་ཧྥུས་བརྩམས། རྔ་བ་ཚེ་རྒྱམ་གྱིས་བསྒྱུར།)
དེ་རིང་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་པཱར་སེལ་དུ་ཚན་རིག་པ་དང་བགྲོ་གླེང་གི་ཉིན་མཐའ་མ་རེད། དེ་རིང་རེས་གཟའ་ཉི་མ་ཡིན་པས། ཡེ་ཤུས་ལྷ་ཁང་གི་ཕྱོགས་ནས་གྲག་འོངས་པའི་ཅོང་སྒྲ་དེ་ཞོགས་ཀ་སྔ་མོ་ནས་ཐོས་ཤིང་། བགྲོ་གླེང་ལ་ཉན་མཁན་གྱི་མི་རྣམས་པོ་རྫར་འཁྲབ་སྟོན་ཁང་ཆེན་གྱི་མདུན་དུ་གྲལ་བསྒྲིགས་ཏེ་ནང་དུ་འཛུལ། མི་རྣམས་དུས་ཆེན་གྱི་དགའ་སྤྲོའི་ངང་གནས་ཤིང་། མི་གྲངས་ཉིས་སྟོང་ལྷག་ཤོང་བའི་རྩེག་རིམ་བཞི་ཅན་གྱི་ཚོགས་ཁང་དུ་རྐུབ་སྟེགས་སྟོང་པ་གཅིག་ཀྱང་མེད། ད་དུང་གསར་འགྱུར་སྡེ་ཁག་བཞི་བཅུ་ལྷག་གིས་ཐེངས་འདིའི་བགྲོ་གླེང་གི་གནས་ཚུལ་མཁོ་སྒྲུབ་དང་རྒྱུད་ལམ་དུ་འགོད་གཏོང་བྱེད་བཞིན་ཡོད།
དེ་རིང་གི་བགྲོ་གླེང་བརྗོད་གཞི་ནི། “སྐྱེས་བུ་སྒེར་གྱི་ཁས་ལེན་དང་། འཇིག་རྟེན་ཡོངས་ཁྱབ་ཀྱི་འགན་ཁུར་” ཞེས་པ་ཡིན་ལ། བརྗོད་གཞི་འདི་ནི་ཏཱ་ལའི་བླ་མས་ལོ་མང་རིང་དར་སྤེལ་གནང་བའི་དགོངས་ཚུལ་དང་ཐུགས་རེ་ཞིག་སྟེ། ང་ཚོར་འཕྲད་པའི་དཀའ་རྙོག་ནི་གོ་ལ་ཧྲིལ་བོའི་རང་བཞིན་ཅན་ཞིག་དང་། འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་གནད་དོན་ཞིག་ཡིན་པས། འདི་ལ་ཁྱོད་ཀྱི་གནད་དོན་དང་ང་ཡི་དཀའ་རྙོག་ཅེས་དབྱེ་བ་མེད་པར། ང་ཚོ་ཚང་མ་དཀའ་རྙོག་འདི་དག་གི་ཁྲོད་དུ་གནས་ཡོད་ལ། དཀའ་རྙོག་འདི་དག་སེལ་ཆེད་ཚང་མས་ནུས་པ་འདོན་ཐུབ་ཅེས། ཁོང་གིས་ཡང་ཡང་གསུངས་དང་གསུང་བཞིན་ཡོད།
དེ་རིང་གི་བགྲོ་གླེང་གཙོ་སྐྱོང་བ་ནི། གྷ་ནཱ་རྒྱལ་ཁབ་ཀྱི་མཚན་སྙན་ལྡན་པའི་བུད་མེད་གསར་འགོད་པ་དང་ལས་འགུལ་བ་ལྕམ་Theo Sowa རེད། བགྲོ་གླེང་བའི་རྐུབ་སྟེགས་གཙོ་བོའི་ཐོག་འདུག་མཁན་དང་པོ་ནི་འཇར་མན་གྱི་སྒྱུ་རྩལ་པ་ཨ་ལི་ཡ་སོན་(Olafur Eliasson) ཡིན་ལ། ཁོང་ནི་དེང་དུས་ནུབ་ཕྱོགས་སུ་སྐད་གྲགས་ཧ་ཅང་ཆེ་བའི་སྒྱུ་རྩལ་པ་ཞིག་ཡིན། འདི་ལྟ་བུའི་སྒྱུ་རྩལ་པ་དང་སྲོལ་རྒྱུན་སྒྱུ་རྩལ་པ་མི་འདྲ་ཏེ། ཁོང་ཚོ་རི་མོ་འབྲི་སའི་ཁྱིམ་དུ་འཛུལ་ནས་རང་གི་སྒྱུ་རྩལ་ཁྲོད་ཚིམས་ནས་སྡོད་པ་མ་ཡིན་ལ། ཁོང་ཚོའི་རྒྱ་ཆེ་བའི་མཐོང་རྒྱ་དང་སེམས་ཁུར་དེ་“བ་སོའི་མཆོད་རྟེན་”གྱིས་འཆིང་རྒྱས་བསྡོམ་མི་ཐུབ།
ཨ་ལི་ཡ་སོན་( Eliasson) གྱི་བརྩམས་ཆོས་སུ་བཟོ་བཀོད་སྒྱུ་རྩལ་དང་། རི་མོ། འཇིམ་རྐོས། བརྙན་ལེན་སོགས་འདུས་ཤིང་། འཛམ་གླིང་གི་སྒྱུ་རྩལ་འགྲེམས་སྟོན་ཁང་ཆེ་ཁག་ནང་ཁོང་གི་བརྩམས་ཆོས་འགྲེམས་སྟོན་བྱས་ཡོད། འོན་ཀྱང་། ཁོང་གིས་དེ་ལས་ཀྱང་དོ་ཁུར་བྱེད་ས་ཞིག་ནི། འགྲོ་བ་མི་དང་། དེང་རབས་ཀྱི་སྤྱི་ཚོགས། ཁོར་ཡུག་གི་གནད་དོན་བཅས་རེད། ཁོང་གིས་སྒྱུ་རྩལ་གྱི་ལམ་ནས་འདི་ལྟ་བུའི་སེམག་ཁུར་མཚོན་ཐབས་བྱས་ཏེ། མི་རྣམས་ཐུན་མོང་གི་ལས་དབང་ལ་དོ་ཁུར་བྱེད་རྒྱུར་འབོད་སྐུལ་བྱེད། ཚོགས་ཁང་གི་དབུས་སུ་ཁོང་གི་བརྩམས་ཆོས་ཤིག་དཔྱངས་ནས་བཤམས་འདུག་ལ། དེ་ནི་གྲུ་ཟུར་མང་པའི་ཟླུམ་རིལ་ཆེན་པོ་ཞིག་སྟེ། ཟླུམ་རིལ་འདིས་ཕྱི་ལོག་གི་ཉི་འོད་ཕྱིར་ལྡོག་བྱས་ཏེ་སྐར་འོད་ཆེམ་ཆེམ་འཕྲོ་བར་བྱེད། མཛེས་སྡུག་གི་བརྩམས་ཆོས་འདིར་དོན་སྙིང་སྣ་ཚོགས་ལྡན་ལ། སྒྱུ་རྩལ་པས་བརྩམས་ཆོས་འདི་བརྒྱུད་ནས་གོ་ལ་དང་འཇིག་རྟེན་ལ་དོ་ཁུར་བྱེད་པ་མཚོན་ཞིང་། མི་རྣམས་ལ་ང་ཚོ་ཐུན་མོང་གི་ཁོར་ཡུག་ཏུ་འཚོ་བ་རོལ་གྱི་ཡོད་པ་དྲན་གསོ་བྱེད།
ཨ་ལི་ཡ་སོན་( Eliasson) གྱིས་ཁོང་གི་སྒྱུ་རྩལ་གྱི་བསམ་བློ་ངོ་སྤྲོད་བྱས་ཤིང་། མི་རྣམས་སྒྱུ་རྩལ་ཁྲོད་མཉམ་ཞུགས་བྱེད་བཅུགས་ཏེ། མི་གཞན་དང་འཛམ་གླིང་ལ་སེམས་ཁུར་བྱེད་དུ་འཇུག ཁོང་གི་བརྩམས་ཆོས་གཅིག་ནི། གོ་ལའི་བྱང་རྩེ་གྷི་རེན་ལན་ཌིའི་འཁྱགས་རོམ་ཊོན་གཉིས་ལྷག་ཡོད་པ་ཕཱ་རིས་སིའི་(Paris) ཁྲོམ་གཞུང་ལ་དབོར་ནས་མི་རྣམས་ལ་རེག་བཅུག བྱིས་པ་རྣམས་ལ་ལྟད་མོར་ལྟ་རུ་བཅུག ལྟད་མོ་བ་རྣམས་ལ་གོ་ལའི་གནམ་གཤིས་འགྱུར་ལྡོག་ཉམས་སུ་མྱོང་བཅུག དེ་བཞིན་ཁོང་གིས་ཉི་གློག་གི་སྟེགས་སྒྲོན་ཆུང་ཆུང་ཞིག་གསར་བཏོད་བྱས་ཏེ། ཨ་ཧྥི་རི་ཀའི་རྗེས་ལུས་ས་ཁུལ་གྱི་བྱིས་པ་རྣམས་ལ་བེད་སྤྱོད་བྱེད་དུ་སྤྲད་པ་དང་། ཁོང་གིས་འདི་འདྲ་བའི་གློག་སྒྲོན་ཆུང་ཆུང་དེ། ཡོ་བྱད་ཙམ་མ་ཡིན་པར་འདུ་ཤེས་ཤིག་ཡིན་སྟེ། ང་ཚོ་ཚང་མ་ཉི་མའི་དཀྱིལ་འཁོར་གཅིག་གི་འོག་སྦྲེལ་ནས་བསྡད་ཡོད་པ་ཉམས་སུ་མྱོང་ཐུབ་པར་བྱེད། འབུམ་རམས་པ་ཁོང་གིས་རོགས་རམ་འོག ཁོང་གི་འཇར་མན་བྷེར་ལིན་དུ་ཡོད་པའི་ལས་ཁུངས་སུ་“བྱས་བརྩེའི་བློ་སྦྱོང་ཇི་ལྟར་བྱ་དགོས་”པའི་ཉམས་ཞིབ་འཛིན་གྲྭ་ཞིག་གཙོ་སྐྱོང་བྱས་ཡོད།
བགྲོ་གླེང་བའི་རྐུབ་སྟེགས་གཙོ་བོའི་ཐོག་འདུག་མཁན་ཨང་གཉིས་པ་ནི་། Frederic Laloux ཞེས་པ་ཡིན་ལ། ཕར་བལྟས་ན་ཁོང་ལོ་ན་གཞོན་གཞོན་ཞིག་ཡིན་པ་དང་། བྷེལ་ཇེམ་གྱི་“སྒྲིག་འཛུགས་མ་ལག་གསར་བ་” ཞེས་པའི་ཚོགས་པའི་སློན་སྟོན་པ་ཡིན། ཁོང་ནི་སྤྱི་ཚོགས་ལས་འགུལ་བ་ཧ་ཅང་ཧུར་པོ་ཞིག་དང་། སྐད་རིགས་ལྔ་ཆུ་རྒྱུག་རྒྱུག་བཤད་ཐུབ་མཁན་ཞིག་རེད། ཁོང་གིས་འཛམ་གླིང་ཐོག་གི་སྤྱི་གཉེར་ཁང་དང་ལས་ཁུངས་ཆེ་ཁག་མང་པོའི་ནང་གཏམ་བཤད་སྤེལ་ཏེ། སྒྲིག་འཛུགས་གསར་བའི་དཔེ་དབྱིབས་དར་སྤེལ་བཏང་། ཁོང་གིས་དེང་རབས་སྤྱི་ཚོགས་ལ་སྒྲིག་འཛུགས་བྱེད་སྟངས་གསར་བ་ཞིག་འཚོལ་ཞིབ་དང་གོང་འཕེལ་གཏོང་དགོས་པར་འདོད་ཅིང་། བསམ་བློ་དེ་ཁོང་གིས་སྒྲིག་འཛུགས་མ་ལག་གི་དཔེ་དབྱིབས་ལ་གཏིང་ཟབ་པས་རྒྱུས་ལོན་བྱས་པ་དང་། དེ་བཞིན་མི་སྒེར་གྱི་ཡར་རྒྱས་ཀྱི་གལ་ཆེའི་རང་བཞིན་ཤེས་རྟོགས་བྱུང་བ་ལས་གྲུབ། ཁོང་གི་ལྟ་ཚུལ་ནི། དེར་རབས་སྤྱི་ཚོགས་སུ་ཡོངས་ཁྱབ་ལག་ལྟར་བྱེད་བཞིན་པའི་ཐད་ཐིག་རང་བཞིན་གྱི་རིམ་པ་ཁག་གི་སྡེ་ཚན་གྱི་སྒྲིག་འཛུགས་མ་ལག་ལ། གནད་དོན་སྣ་མང་ཡོད་པ་གསལ་བོར་ཆགས་ཤིང་། དེས་མི་དང་མིའི་བར་སྣང་མེད་འགལ་ཟླ་བཟོ། འདི་ལྟ་བུའི་སྒྲིག་འཛུགས་ཀྱི་རྣམ་པས་ལས་ཀའི་འཇོན་བརྩོན་ཁོ་ན་དོན་དུ་གཉེར་བ་ལས། མི་ལ་སེམས་ཁུར་གྱི་གཞི་རྩ་མེད་པར་འདོད་པས། ཁོང་གིས་སྒྲིག་འཛུགས་ཀྱི་བཟོ་དབྱིབས་བསྐྱར་དུ་གསར་བཏོད་དགོས་པའི་བསམ་ཚུལ་བཏོན་ཞིང་། དེ་ནི་མི་རྣམས་འདྲ་མཉམ་དང་། ཕན་ཚུན་སེམས་ཁུར་གྱི་གཞི་རྩ་ལས་བྱུང་བའི་སྒྲིག་འཛུགས་ཀྱི་རྣམ་པ་ཞིག་རེད།
གཙོ་སྐྱོང་བ་ལྕམ་ Sowa ནས། ནུབ་ཕྱོགས་ཡར་ཐོན་རྒྱལ་ཁབ་ཀྱི་མི་མང་ལ་ཆ་རྒྱུས་ཆེ་བའི་ཁྱིམ་ཚང་ལྟ་སྐྱོང་མ་ལག་གི་སྒྲིག་འཛུགས་ཀྱི་གནད་དོན་སྐོར་དཔེ་མཚོན་བྱས་ཏེ། ཁྱིམ་ཚང་མང་པོའི་རྒན་གོག་དག་ལ་སྨན་ཞབས་པ་ཁྱིམ་དུ་ཡོང་ནས་ཞབས་འདེགས་ཞུ་དགོས་པ་ནི། ཁབ་རྒྱག་པ་དང་། སྨན་སྟེར་བ། གཟུགས་པོ་བཀྲུ་བ་སོགས་རེད། དེར་བརྟེན། ཞབས་འདེགས་མཁོ་འདོན་བྱེད་པའི་སྒྲིག་འཛུགས་མ་ལག་ཞིག་འཕེལ་རྒྱས་བྱུང་བ་དང་། ཚད་ལྡན་གྱི་སྨན་ཞབས་པ་ཚང་མ་སྒྲིག་འཛུགས་མ་ལག་འདིའི་ནང་འདུས། མ་ལག་འདི་ལ་གནས་ཚུལ་ཉར་འཇོག་དང་། གསར་འཕྲིན། མངགས་གཏོང་བཀོད་འདོམས་བྱེད་ཐབས་ཆ་ཚང་ཡོད་པ་དང་། འདི་ལྟར་བྱས་ན་གང་མགྱོགས་དང་། སྟབས་གང་བདེའི་ངང་སྨན་ཞབས་པ་མངགས་གཏོང་ཐུབ་པ་དང་། སྨན་ཞབས་པའི་ལས་དུས་ཚོད་འཛིན་དང་ལས་ཆོད་བཏང་འཛིན་བྱེད་ཐུབ་ཀྱི་ཡོད་པ་རེད་ཅེས་གསལ་བཤད་བྱས།
ཡང་ཁོང་གིས་བཤད་དོན་ལ། འདི་ནི་འཕྲུལ་ཆས་ལྟ་བུའི་བསམ་བློ་གཏོང་སྟངས་ཤིག་ཡིན་པས། མཇུག་འབྲས་ནི། རྒན་གོག་དང་སྨན་ཞབས་པའི་བར་མི་སྒེར་གྱི་འབྲེལ་བ་མེད་ལ། དེ་རིང་གཟུགས་པོ་འཁྲུད་མཁན་སྨན་ཞབས་པ་གཅིག་དང་། སང་ཉིན་ཁབ་རྒྱག་མཁན་ནི་སྨན་ཞབས་པ་གཞན་ཞིག། རྗེས་མ་ཡང་སྨན་ཞབས་པ་མི་འདྲ་བ་ཞིག་མངགས་གཏོང་བྱེད། རྒན་གོག་གིས་སྨན་ཞབས་པ་མཉམ་ཚིག་ཇ་ཕོར་བ་གང་འཐུང་འདོད་ཀྱང་། སྨན་ཞབས་པ་ལ་ཞབས་འདེགས་དུས་བཀག་གིས་ཁ་བརྡའི་དུས་ཁོམ་མེད་ལ། རྒན་གོག་གིས་ངོ་ཤེས་པའི་སྨན་ཞབས་པ་ཞིག་ནམ་ཡང་མེད་པར་གྱུར། འདི་ལྟ་བུའི་འཕྲུལ་ཆས་རང་བཞིན་གྱི་སྒྲིག་འཛུགས་མ་ལག་ལ་རྒན་གོག་རྣམ་ཁོང་ཁྲོ་ཟ་བ་མ་ཟད། སྨན་ཞབས་པ་རྣམས་ཀྱང་འདི་འདྲའི་མི་གཤིས་དང་མི་མཐུན་པའི་སྒྲིག་འཛུགས་གྲུབ་ཚུལ་ལ་དགའ་པོ་མེད། དེར་བརྟེན། སྨན་ཞབས་པ་བཞི་ནས་འདི་ལྟ་བུའི་སྒྲིག་འཛུགས་མ་ལག་ལས་ཟུར་ཐོན་བྱེད་རྒྱུ་ཐག་བཅད་དེ། ཚོགས་པ་ཟུར་དུ་བཙུགས། སྨན་ཞབས་སྒྲིགས་འཛུགས་གསར་བ་ནི་དྲང་ཐིག་ལྟར་ཡིན་པ་ལས་སྒང་ལ་བཀོད་འདོམས་ལྟེ་གནས་དང་། ཆ་འཕྲིན་ལས་ཁུངས། མི་ཤུགས་ཐོན་ཁུངས་སྡེ་ཚན་སོགས། དེང་རབས་སྒྲིག་འཛུགས་མ་ལག་ཚང་མར་ཡོད་པའི་རྙོག་འཛིང་ཅན་གྱི་སྒྲོམ་གཞི་གང་ཡང་མེད་ལ། སྨན་ཞབས་པ་རྣམས་ཕན་ཚུན་འབྲེལ་བ་དང་། ཕན་ཚུལ་རོགས་རམ་བྱེད། ད་གཟོད་སྨན་ཞབས་པ་དང་རྒན་གོག་བར་སྒེར་གྱི་འབྲེལ་བ་དང་། མི་དང་མིའི་བར་གྱི་རྒྱུན་ལྡན་གྱི་འབྲེལ་བ་བྱུང་། མི་བཞིས་འགོ་བཙུགས་པའི་སྨན་ཞབས་ཀྱི་སྒྲིག་འཛུགས་དེའི་ནང་།དེ་མ་ཐག་སྨན་ཞབས་པ་གཅིག་ཁྲི་བཞི་སྟོང་ལྷག་མཉམ་ཞུགས་བྱས་ཤིང་། སྒྲིག་འཛུགས་གསར་བའི་མ་ལག་འདིའི་ནང་། རྒན་གོག་དང་སྨན་ཞབས་ཚང་མ་སྤྲོ་སྐྱིད་ལྡན་པར་གྱུར།
བགྲོ་གླེང་བའི་རྐུབ་སྟེགས་གཙོ་བོའི་ཐོག་འདུག་མཁན་ཨང་གསུམ་པ་ནི། དབུ་སྐྲ་དཀར་པོར་ཆགས་པའི་བུད་མེད་ཅིག་སྟེ། ལྕམ་Scilla Elworthy རེད། བུད་མེད་འདིའི་ཁོག་སྟོད་དྲང་ལ་ཉམས་འགྱུར་ལྡན། འཛམ་གླིང་ཞི་བདེའི་ལས་འགུལ་ནང་ཁོ་མོར་མཚན་སྙན་ཆེན་པོ་ཡོད། ཁོང་གིས་ཕྱི་ལོ་༡༩༨༢ལོར་ནས་བཟུང་། འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་ཡོད་པའི་རྒྱལ་ཁབ་ཁག་གི་སྲིད་ཇུས་གཏན་འབེབས་བྱེད་མཁན་དག་དང་གྲོས་མོལ་བྱེད་རྒྱུ་འབད་བརྩོན་བྱས་ཏེ། འགྲོ་བ་མིའི་དཔལ་ཡོན་རྩ་བརླག་གཏོང་བར་སྔོན་འགོག་བྱས། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། རང་གིས་སྣེ་ཁྲིད་པའི་སྒྲིག་འཛུགས་ཀྱིས། ད་བར་བྱང་ཀོ་རི་ཡའི་འགོ་ཁྲིད་དང་གོ་བསྡུར་བྱེད་མ་ཐུབ་པ་ལས། དེ་མིན་རྒྱ་ནག་དང་། ཨུ་རུ་སི། ཨ་རི། དབྱིན་ལེན། ཧྥ་རིན་སི། རྒྱ་གར། པ་ཀི་སི་ཐན་སོགས་རྡུལ་ཕྲན་མཚོན་ཆ་ཡོད་པའི་རྒྱལ་ཁབ་གྱི་དབུ་ཁྲིད་རྣམས་དང་གོ་བསྡུར་བྱས་མྱོང་ཞིང་། དེ་བཞིན་ཁོང་ནས་ནུབ་ཕྱོགས་རྒྱལ་ཁབ་གྱི་རྡུལ་ཕྲན་ཚན་རིག་པ་དང་། རིག་གཅིག་རྐང་འཛིན། དམག་ཕྱོགས་ཀྱི་མི་སྣ་སོགས་དང་ཡང་རྡུལ་མཚོན་འགོག་པའི་ཐད་གླེང་མོལ་བྱས། ཁོག་གིས་འབད་བརྩོན་དེ་ལྟར་བྱས་སྟབས། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ་ཐེངས་གསུམ་བཏོན་མྱོང་། ཁོང་གིས་ད་དུང་རྙོག་འཛིང་ས་ཁུལ་དུ་མང་ཚོགས་རྩ་འཛུགས་བྱས་ཏེ་ཞི་བའི་ལས་འགུལ་སྤེལ་བ་དང་། བུད་མེད་རྣམས་སྤྱི་ཚོགས་ཀྱི་བྱ་འགུལ་ལ་མཉམ་ཞུགས་བྱེད་རྒྱུ་རྩ་འཛུགས། ན་གཞོན་རྣམས་ཀྱིས་བྱ་བཞག་གསར་བཏོད་བྱེད་རྒྱུ་རྩ་འཛུགས། ན་གཞོན་ཁེ་ལས་པ་གསོ་སྐྱོང་བྱེད་པ་སོགས་ཀྱི་སྐོར་ལ་འབད་བརྩོན་བྱས་འདུག
བགྲོ་གླེང་བ་གསུམ་གྱི་གཏམ་བཤད་ལ། ཉན་མཁན་ཡོངས་ཀྱི་དགའ་མོས་ཆེན་པོ་བྱས་ཤིང་། གཏམ་བཤད་མཇུག་བསྒྲིལ་མཚམས་སུ་མི་རྣམས་ཡར་ལངས་ཏེ་ཐལ་སྒྲ་ཡུན་རིང་གྲག། ༧གོང་ས་མཆོག་གིས་བགྲོ་གླེང་བ་རེ་རེར་ཕྱག་གིས་འཇུས་ཤིང་། བོད་མིའི་ལུགས་སྲོལ་ལྟར་དབུ་གཏུགས་གནང་། ཚོགས་ཁང་གི་རྣམ་པ་ཧ་ཅང་དྲོ་འཇམ་དང་བག་ཕེབས་ལྡན། ཏཱ་ལའི་བླ་མས་དཔྱད་བརྗོད་གནང་སྐབས། ཁོང་རྣམས་ཀྱིས་གཞི་རིམ་དམངས་ཁྲོད་དུ་འཛམ་གླིང་ཡོངས་ཀྱི་གལ་ཆེའི་གནད་དོན་གྱི་ཆེད་དུ་འབད་བརྩོན་བྱས་པར་བསྔགས་བརྗོད་ཡང་ཡང་གནང་། འདི་ནི་སྐྱེས་བུ་སྒེར་གྱི་ཁས་ལེན་དང་གོ་ལ་ཧྲིལ་པོའི་འགན་ཁུར་ཞེས་པའི་དེ་རིང་གི་བརྗོད་གཞི་ཡིན་ལ། སྤྱི་དང་བྱེ་བྲག་གི་བསམ་ཚུལ་འདི་འབྲེལ་མཐུད་བྱས་པ་རེད།
རང་གི་བསམ་ཚུལ་ཐོར་བུ།
ལོ་ཤས་སྔོན་ནས། བདག་གིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་དུ་ཏཱ་ལའི་བླ་མ་དང་ཚན་རིག་པའི་བགྲོ་གླེང་ལ་ཟུར་ཉན་བྱས་པ་ནས་བཟུང་། ངས་ཏཱ་ལའི་བླ་མས་ནུབ་ཕྱོགས་ཚན་རིག་པ་དང་མཉམ་དུ་མི་ལོ་སུམ་བཅུ་ལྷག་གི་རིང་བགྲོ་གླེང་བཀའ་མོལ་གནང་བའི་ཡིག་ཆ་ཁག་དང་། བརྙན་འཕྲིན་སོགས་ཕལ་མོ་ཆེ་ལྟ་ཀློག་དང་ཕྱོགས་བསྡུས་བྱས་པ་ཡིན། དེ་བཞིན་ཏཱ་ལའི་བླ་མ་དང་ཆོས་ལུགས་ཆེ་ཁག་གི་དབུ་ཁྲིད་དང་། རིམ་པ་འདྲ་མིན་གྱི་མི་སྣ། མང་ཚོགས་དཀྱུས་མ་སོགས་དང་བཀའ་མོལ་བགྲོ་གླེང་གནང་པའི་སྐོར་ལའང་བལྟས་པ་ཡིན། ཏཱ་ལའི་བླ་མ་དང་རྒྱའི་དགེ་སློང་ཧྲིན་ཡན་གཉིས་ཀྱིས་དུས་རབས་རང་བཞིན་གྱི་གླེང་མོལ་གནང་བར། རྒྱ་རྒྱུད་ནང་པ་ཚོ་ལ་བག་ཆགས་ཟབ་མོ་བཞག་ཡོད། ཏཱ་ལའི་བླ་མས་རྒྱུན་དུ་དུས་རབས་ཉེར་གཅིག་པ་ནི་གླེང་མོལ་གྱི་དུས་རབས་ཤིག་ཡིན་པ་དང་། དུས་རབས་ཉེར་གཅིག་པའི་གནད་འགག་གི་ཐ་སྙད་གཅིག་ནི་“གླེང་མོལ་” ཡིན་ཞེས་གསུངས་བཞིན་ཡོད།
ང་བྱང་ཨ་རི་ནས་བྷེལ་ཇེམ་དུ་ཡོང་དོན་ནི། ཏཱ་ལའི་བླ་མས་ཡུ་རོབ་ཏུ་ཉིན་གཉིས་དང་ཕྱེད་ཀའི་རིང་གི་བགྲོ་གླེང་ལ་ཉན་ཆེད་ཁོ་ན་ཡིན། དེ་བཞིན་ཉིན་གཉིས་དང་ཕྱེད་ཀའི་རིང་གི་བགྲོ་གླེང་ལ་ཉན་པར། རང་ཉིད་སེམས་འགུལ་ཐེབས་པའི་མྱོང་བ་ཟབ་མོ་བྱུང་། རྒྱ་གར་ལྷོ་ཕྱོགས་སུ་ཟུར་ཉན་བྱེད་སྐབས་འདི་དང་མི་འདྲ་བར། ཉན་མཁན་མང་ཆེ་བ་བོད་ཀྱི་གྲྭ་བཙུན་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མི་དག་ཡིན་ལ། མི་རྣམས་ཀྱིས་ཏཱ་ལའི་བླ་མར་དད་གུས་ཆེན་པོ་བྱེད་ཅིང་། གླེང་མོལ་ཞུ་མཁན་ཚན་རིག་པ་དག་ཀྱང་ཕལ་ཆེར་ཏཱ་ལའི་བླ་མ་ལྟ་བུའི་སྐྱེས་བུ་དམ་པ་ཇི་བཞིན་ངོས་འཛིན་བྱེད། པཱར་སེལ་གྱི་ཉན་མཁན་དག་ལ་མཚོན་ན། བགྲོ་གླེང་དུ་མཉམ་ཞུགས་བྱེད་མཁན་གྱི་ཚན་རིག་པ་དང་། ཆོས་ལུགས་ཀྱི་དབུ་ཁྲིད། སྒྱུ་རྩལ་པ། སྤྱི་ཚོགས་ལས་འགུལ་པ་སོགས་སུ་ཡིན་ན་ཡང་། ཚང་མ་ཁོང་ཚོ་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ཀྱི་ཆ་ཤས་ཤིན་ཡིན་པས། ཁོང་ཚོར་རྒྱུས་མངའ་ལྡན། འོན་ཀྱང་། ཏཱ་ལའི་བླ་མ་ཕེབས་ཡོད་པ་དེ། བགྲོ་གླེང་གི་འདུ་འཛོམས་འདི་ཚོགས་འདུ་གཞན་ཞིག་དང་གཏན་ནས་མི་འདྲ་བར་ཆགས།
ཏཱ་ལའི་བླ་མ་སྟེ། མདོ་དབུས་མཐོ་སྒང་ནས་ཕེབས་པའི་ན་བཟའ་དམར་སྨུག་གྱོན་པའི་ནང་པའི་དགེ་སློང་ཁོང་ནི། དུས་རབས་བརྒལ་བའི་ཆེས་རླབས་ཆེན་གྱི་སྐྱབས་བཅོལ་བ་ཞིག་ཡིན་ལ། ཏཱ་ལའི་བླ་མ་ནི་འདས་པའི་དུས་རབས་ཕྱེད་ཀའི་ནང་གི་བོད་མི་རིགས་ཀྱི་དཀའ་སྡུག་གི་མཚོན་རྟགས་ཤིག་ཀྱང་རེད། འོན་ཀྱང་། ཏཱ་ལའི་བླ་མའི་ཁོང་གི་བག་ཕེབས་པའི་བཞད་སྒྲ་དང་། དབུ་གཏུགས་གནང་བའི་ཁེངས་སྐྱུང་གི་སྒོ་ནས་ནུས་ཕྱོགས་མི་མང་ལ་བཀའ་མོལ་གནང་སྐབས། མི་ཚང་མ་སེམས་འགུལ་ཐེབས། དཀའ་སྡུག་རིམ་པ་མྱངས་པའི་སྐྱབས་བཅོལ་བ་ཁོང་གིས། སྡུག་ཡུས་དང་ཞེ་སྡང་ཉག་ཙམ་མི་བྱེད་པར་། ཤར་ཕྱོགས་ཀྱི་ནང་པ་སངས་རྒྱས་པའི་ཤེས་རབ་དང་བྱམས་བརྩེ་གཉིས་ནུབ་ཕྱོགས་ལ་ལེགས་སྐྱེས་སུ་འབུལ། འདི་ནི་ཇི་འདྲའི་རླབས་ཆེན་ཞིག་རེད་ཨང་།
བགྲོ་གླེང་ལ་མཉམ་ཞུགས་བྱེད་མཁན་པཱར་སེལ་གྱི་མི་རྣམས་གཞི་སྤུས་ལེགས་ཤིང་། གྱོན་གོས་གཙང་མ་གོན། ལྷིང་འཇགས་དང་སྒྲིག་ལམ་ཡོད་ལ་ཕན་ཚན་གུས་ཞབས་ལྡན། བྷེལ་ཇམ་གྱི་ཁྲོམ་ལམ་དུ་དུས་རྒྱུན་ཧྥ་རིན་སི་དང་ཧི་ལན་གྱི་སྐད་རིགས་གཉིས་དར་སོ་ཡོད་པ་དང་། ད་དུང་མི་མང་པོས་འཇར་མན་གྱི་སྐད་ཀྱང་ཤེས་མོད། བགྲོ་གླེང་གི་སྐད་ཡིག་ནི་དབྱིན་སྐད་རེད། ང་ལ་ཚོར་སྣང་ཞིག་བྱུང་བ་ནི། པཱར་སེལ་གྱི་མི་རེ་རེས་སྐད་རིགས་འགའ་རེ་ཤེས་པ་དང་། མི་ཚང་མས་དབྱིན་སྐད་ཤེས་ཀྱི་ཡོད་པ་འདྲ། ཡར་ཐོན་གྱི་གྲོང་ཁྱེར་འདི་ན་རིག་གཞུང་སྣ་མང་གི་ཉིང་བཅུད་འཁྱིལ་ཡོད་པའི་ཚོར་སྣང་ངང་གིས་འཕེལ།
ཡིན་ན་ཡང་། ང་རང་བགྲོ་གླེང་ལ་ཟུར་ཉན་བྱེད་བཞིན་པའི་སྐབས་སུ། རྒྱུན་དུ་ཕངས་སེམས་སམ་བློ་འགྱོད་ཅིག་སྐྱེ་བཞིན་ཡོད་ལ། དེ་ནི་འདི་ལྟ་བུའི་བགྲོ་གླེང་ཐོག་གང་ཞིག་ཚང་མེད་པ་ལྟ་བུའི་སེམས་ཚོར་ཞིག་ཡིད་གཏིང་ནས་སྐྱེས། ཏཱ་ལའི་བླ་མ་དང་མཉམ་དུ་བགྲོ་གླེང་བྱེད་པར་འཛམ་གླིང་གང་ས་ནས་ཡོང་གི་ཡོད་ན་ཡང་། ང་ཚོ་རྒྱ་ནག་པ་གང་ན་ཡོད་དམ། མི་ལོ་སུམ་ཅུའི་རིང་། ཏཱ་ལའི་བླ་མ་དང་མཉམ་དུ་བགྲོ་གླེང་གནང་མཁན་གྱི་ཚན་རིག་པའམ། རིམ་པ་འདྲ་མིན་གྱི་མི་སྣ་ཉུང་མཐའ་ཡང་བརྒྱ་ཕྲག་མང་པོ་ཡོད་མོད། དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་ནང་། གདན་ཞུས་ལྟར་རྒྱ་རིགས་མཁས་པ་ཏུའུ་ཝིས་མེང་ཚན་རིག་བགྲོ་གླེང་ཞིག་ལ་མཉམ་ཞུགས་བྱས་པ་དང་། དེ་བཞིན་རྒྱའི་དགེ་སློང་ཧྲིན་ཡན་དང་ནང་ཆོས་སྐོར་དུས་རབས་རང་བཞིན་གྱི་བཀའ་མོལ་ཞིག་གནང་ཡོད་པ་ལས། རྒྱ་ནག་པ་རྣམས་འདི་ལྟའི་བགྲོ་གླེང་ཚོགས་འདུ་མང་ཆེ་བའི་ནང་ལ་མེད།
རྒྱ་ནག་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་དང་། ནང་པའི་རྒྱལ་ཁབ་ཅིག་ཀྱང་ཡིན་ལ། རྒྱ་ནག་ལ་ཚན་རིག་པ་དང་། དགེ་རྒན་ཆེན་མོ། སྒྱུ་རྩལ་པ། ནང་པའི་དགེ་འདུན་པ་སོགས་མང་པོ་ཡོད། ཏཱ་ལའི་བླ་མ་དང་ཚན་རིག་པས་བགྲོ་གླེང་དེ། ཤར་ཕྱོགས་ཀྱི་ནང་ཆོས་སམ་ཤར་ཕྱོགས་ཀྱི་དཔལ་ཡོན་གྱིས་དེང་རབས་ཅན་ལ་ཇི་ལྟ་གདོང་ལེན་བྱེད་པ་དང་།བསྒྱུར་སྒྲིག་དང་ལེགས་བཅོས་ཇི་ལྟར་བྱེད་དགོས་མིན་ཐད། དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་སྨོས་མི་དགོས་ན་ཡང་། ཅིའི་ཕྱིར་རྒྱ་ནག་གི་མི་རྣམས་འདི་ལྟ་བུའི་བགྲོ་གླེང་ལ་སྐལ་ཆད་པ་ཡིན་ནམ། ཏཱ་ལའི་བླ་མ་དང་བགྲོ་གླེང་བྱེད་པར་རྒྱ་ནག་གི་ཚན་རིག་པ་དང་། དགེ་རྒན་ཆེན་པོ་དག་གང་ན་ཡོད། རྒྱ་ནག་གི་ནང་པའི་དགེ་འདུན་རྣམས་གང་ན་ཡོད། རྒྱ་ནག་གི་ཉན་མཁན་ཚོ་གང་ན་ཡོད།
བགྲོ་གླེང་ལ་བཅར་བའི་པཱར་སེལ་གྱི་མི་མང་རྣམས་ཀྱིས། ཏཱ་ལའི་བླ་མའི་བཀའ་མོལ་ཁྲོད་ནས་རྣམ་དཔྱོད་དང་སྤྲོ་སྣང་གི་ཚོར་འདུ་རྙེད་ཡོད་ལ། ཏཱ་ལའི་བླ་མའི་ཁེང་སྐྱུང་གི་མཛད་པ་དང་། བག་དྲོ་བའི་བཞད་སྒྲ་ལ་མི་ཡིད་འགུགས་པའི་ནུས་པ་ཀུན་ནས་ལྡན། བགྲོ་གླེང་ཚོགས་འདུའི་ཐོག དེང་དུས་འཛམ་གླིང་ཡོངས་ཀྱི་རང་བཞིན་ཅན་གྱི་དཀའ་རྙོག་སྐོར་གླེང་མོལ་བྱུང་ཞིང་། དཀའ་རྙོག་དེ་དག་གི་ཐད་ཀའི་མཇུག་འབྲས་པཱར་སེལ་དང་ད་དུང་རྒྱང་ཐག་རིང་པོ་ཡོད་ལ། ཐག་རིང་གི་ཨ་ཧྥ་རི་ཀ་དང་། ཐག་རིང་གི་ཡར་རྒྱས་མེད་པའི་རྒྱལ་ཁབ་དང་དབུལ་ཕོངས་ཀྱིས་མནར་བའི་ས་ཁུལ་དག་ཡིན་ན་ཡང་། ཏཱ་ལའི་བླ་མ་དང་གླེང་མོལ་བ་ཀུན་གྱིས། འདི་ནི་མི་གྲངས་འཐེར་འབུམ་བདུན་བརྒལ་བའི་འགྲོ་བ་མིའི་རིགས་ཐུན་མོང་གི་དཀའ་རྙོག་ཅིག་ཡིན་ཞེས་ཚང་མ་ལ་དྲན་གསོ་ཡང་ཡང་གནང་། གལ་སྲིད་ང་ཚོས་ད་ནས་བཟུང་སྟེ་མི་རེ་ངོ་རེ་མཉམ་ཞུགས་དང་། མི་ཚང་མས་རང་ཉིད་ཀྱི་སེམས་དང་འཚོ་བ་རོལ་སྟངས་ལ་བསྒྱུར་བཅོས་བཏང་ན། ང་ཚོས་གོ་ལ་འདི་སྐྱོབ་ཐུབ་པ་དང་། དཔལ་ཡོན་ཡང་སྐྱོབ་ཐུབ། འདི་ནི་ཏཱ་ལའི་བླ་མས་མི་རྣམས་ལ་སྤྲོ་སྣང་སྟེར་བ་དང་། མི་ཚང་མ་ཁོང་དང་འདྲ་བར་བཞད་མོ་འཛུམ་འཛུམ་བྱེད་ཐུབ་པའི་རྐྱེན་རྩ་རེད། ང་ཚོ་རྒྱ་ནག་པ་ཚོས་དགོད་སྒྲ་དེ་དུས་ནམ་ཞིག་ཐོས་ཐུབ་བམ།།
༄། །༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཡུ་རོབ་ཏུ་ཚན་རིག་པ་དང་བགྲོ་གླེང་གནང་བ་དང་པོ་ནས་གསུམ་པ་༼༡།༢།༣༽བར་རྒྱ་རིགསཏེང་དབྱི་ཧྥུས་བརྩམས་པ་དང་རྔ་བ་ཚེ་རྒྱམ་གྱིས་བོད་སྐད་དུ་བསྒྱུར་བ། བོད་ཀྱི་དུས་བབ་གསར་ཤོག་ནང་འདོན་གནང་བར་དགའ་གུས་དང་བཅས་རྣམ་ལྷན་ཚང་མར་བསྔགས་བརྗོད་དང་བཀྲིན་བླ་མེད་དུ་ཆེ་ཞུ་འདུན་བྱུང་།
༧མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་འདི་ལྟབུ་འཇིག་རྟེན་ན་དཀོན་ཞིང་རིན་ཐང་དང་བྲལ་བ་ཞིག་ཡིན་པ་ནི་དངོས་ཡོད་དང་དངོས་སུ་མཐོང་བའི་རྩོམ་ཡིག་འདིའི་ཐོག་ནས་གསལ་མཇལ་ཐུབ་པ་བྱུང་འདུག དེས་ན་ཚང་མང་འདི་དང་འདི་ལྟབུའི་བཀའ་སློབ་ལམ་སྟོན་ཁག་ལ་ཐུགས་སྣང་ཆེ་ཙམ་ཞུ་ནས་ཉམས་སུ་ལོན་པ་ཞུ་རྒྱུ་ནི་དུས་ཀྱི་དགོས་མཁོ་རུ་མཐོང་།།