མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་རུང་སྒར་གྱི་ཀུན་སྤྱོད་ཀྱི་རྫོགས་ལྡན།

བོད་ཀྱི་དུས་བབ།
༢༠༡༦/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྫ་ཚེ་རིང་བཀྲ་ཤིས།

14925330_1105288589589438_6930654151000059314_n

གཅིག ༽  མ་གཞི་རང་གི་རྡོ་རྗེ་སློབ་དཔོན་ལ་གུས་ཞབས་བྱེད་པ་ནི་ཆ་རྐྱེན་གང་ཡང་མེད་པའི་ཡོང་དགོས། འདུལ་བའི་བསླབ་ཁྲིམས་ཀྱི་གོ་རིམ་དང་སྦྱར་ནས་གོང་འོག་ལ་ཐེག་ཆེན་དང་གསང་སྔགས་ཀྱི་བླ་མ་བསྟེན་ཚུལ་གཏན་ནས་མ་ཤེས་པ་རེད།

གཉིས། ༽
  ༢༠༡༦ལའི་སྤྱི་ཟླ་༡༡་པའི་ཚེས་༣སྟེ་ཁར་རྩང་། དཔལ་བླ་རུང་གི་རྒྱུན་ལས་དབུ་འཛིན་ཁག་ཅིག་ཁྲིན་ཏུར་ཕེབས་ནས་གླིང་གཙོ་རྫེ་བཙུན་མ་མུ་མཚོར་ཆེད་མཇལ་གྱིས་ཉེ་ཆར་བླ་རུང་སྒར་གྱི་མདུན་དུ་ལྷག་པའི་དཀའ་ངལ་ལ་གདོང་ལེན་བྱེད་སྟངས་སྐོར་གྱི་སྙན་གསེང་དང་། མ་འོངས་གནང་ཕྱོགས་ཀྱི་ཐད་ལ་བཀའ་སློབ་ལམ་སྟོན་ཞུས་འདུག་ལ་ད་ལྟ་དྲ་ཐོག་ཏུ་འགྲོ་བཞིན་པའི་འདྲ་པར་དག་ཀྱང་དེ་དུས་སྒྲོན་པ་རེད་འདུག

གཉིས༽  
རྗེ་བཙུན་མ་མུ་མཚོ་ནི་ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་སྐུའི་ཚ་མོ་དང་ཐུགས་སྲས་རེད། བླ་རུང་སྒར་གྱིས་ཀྱང་ཆོས་རྗེ་མཆོག་གི་ཚ་བོ་ཚ་མོ་ཡིན་པ་ཚང་མ་གོང་བཀུར་དེ་འདྲ་བྱེད་ཀྱི་ཡོད་མ་རེད། སའི་སྟེང་འདི་ན་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་དབང་ལུང་མན་ངག་གི་བརྒྱུད་པ་ཡོངས་སུ་རྫོགས་པའི་གང་ཟག་ནི་ཁོང་ལས་མེད་པར་བཤད།

གསུམ༽  
ཚུལ་མཐོང་གི་དབང་དུ་བྱས་ན་ཡང་ཁོང་མོ་ད་བར་མི་ལོ་བཅུ་ཕྲག་མང་པོའི་རིང་ཆོས་རྗེ་མཆོག་གིས་དབང་ལུང་མན་ངག་སློབ་ཁྲིད་བཅས་ཀྱིས་གསོ་སྐྱོང་ཚད་ལྡན་གནང་བ་དང་། རྟེན་ཤིན་ཏུ་བཙུན་པོར་བཞུགས་པ། ཚུགས་ཐུབ་པ། ཆོས་ཀྱི་མཁྱེན་རྒྱ་ཡོད་པ། དགེ་འདུན་པ་ཁྲི་ཕྲག་ལ་མདོ་སྔགས་ཀྱི་འཆད་ཁྲིད་གནང་ཐུབ་མཁན་ཞིག་ཡིན་འདུག

གསུམ།༽  
ཆོས་རྗེ་མཆོག་འདས་རྗེས་ཁོང་མོ་ནི་བུ་སློབ་རྣམས་ཀྱི་ཆགས་ས་རྟེན་ས་གཙོ་བོ་ཆགས་ཡོད། བླ་རུང་འདི་རྨང་གཞིའི་ཆ་ནས་དགོན་པ་མ་རེད་སྒར་རེད། སྒར་ཟེར་ན་ཕྱོགས་མེད་ཀྱི་ཆོས་པ་མཉམ་འདུས་བྱས་ནས་མཉམ་བསྡོད་བྱེད་པ་ཞིག་རེད། དེ་ནས་ཁོང་ཚོ་ནང་མི་ནང་བཞིན་ཆགས་པ་རེད། དེ་འདྲའི་དམིགས་བསལ་གྱི་གནས་བབས་འོག་ནས་ཆོས་རྗེ་ཡིད་བཞིན་ནོར་བུ་མིང་སྲིང་གཉིས་གཤེགས་རྗེས་སྒར་གྱི་སེམས་འཁྲི་ས་གཙོ་བོའི་ནང་གི་གཙོ་བོ་གཅིག་དེ་ཁོང་རེད།

བཞི།༽  
རྗེ་བཙུན་མ་མུ་མཚོ་ནི་བླ་རུང་སྒར་གྱི་གླིང་གཙོ་རེད། ཚང་མས་བླ་མ་བཞུགས་པའི་སྐབས་ནས་དབང་དང་ཁྲིད་ཞུ་གིན་ཡོད་པ་རེད། ཚང་མའི་རྩ་བའི་བླ་མར་གྱུར་ཡོད། བླ་མ་བསྟེན་ཚུལ་གྱི་དབང་དུ་བྱས་ན་ཚུལ་ཁྲིམས་བློ་གྲོས་དང་བསོད་དར་རྒྱས་སོགས་ཡོན་ཏན་ཆེ་བ་དང་གྲགས་པ་ཆེ་བར་དམིགས་བསལ་གང་ཡང་མེད་པ་རེད། བླ་མར་གྱུར་ཕན་ཆད་ཟོལ་ཟོག་སྤངས་པའི་གུས་ཞབས་ཞུ་བ་ནི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་དང་ལེན་བྱ་དགོས་པ་ཞིག་རེད།

ལྔ། ༽  
མ་གཞི་དེང་སང་དཔེ་ཆ་བ་ཡིན་ཟེར་མཁན། གསང་སྔགས་ཉམས་ལེན་པ་ཡིན་ཟེར་མཁན་མང་པོ་ཞིག་གིས་གསང་སྔགས་དང་ཐེག་ཆེན་གྱི་ཉམས་ལེན་གྱི་དྲི་ཡང་མི་བྲོ་བའི་སྐད་ཆ་ཞེ་སུན་པ་དེ་འདྲ་བཤད་ཀྱི་འདུག གསང་སྔགས་དང་ཐེག་ཆེན་གྱི་བཏུལ་ཞུགས་དང་དམ་ཚིག་ཆུང་ཆུང་དེ་འདྲའང་བློ་ལ་མ་ཤོངས་པའི་འཕྱ་དམོད་བྱེད་ཀྱི་འདུག ཆེ་ས་ནས་༧གོང་ས་སྐྱབས་མགོན་ཆེན་པོས་དིལ་མགོ་མཁྱེན་བརྩེ་བླ་མར་བསྟེན་པ་རེད། ཁ་སྐད་བྱས་ན་དགེ་སློང་ཉེ་བ་འཁོར་ལྟ་བུ་ཁོང་གིས་རྙིང་མའི་རྒད་པོ་ཞིག་ལ་ཕྱག་འཚལ་བ་རེད། ད་དུང་སེ་འབྲས་དགེ་གསུམ་གྱི་དགེ་བཤེས་བཟང་ལ་མང་པ་ཚང་མ་༧ས་སྐྱ་གོང་མའི་མདུན་དུ་ཆེད་དུ་བཏང་ནས་རིན་འབྱུང་རྒྱ་རྩ་སོགས་ཞུ་བཅུག་པ་རེད། ར་སྟོད་ཀྱི་མཁན་པོ་ཕྱི་རྒྱལ་བ་དེས་ཀྱང་གཅོང་བླ་རིན་པོ་ཆེ་ཁྱིམ་པའི་རྟེན་ཅན་དེའི་ཞབས་ཞུ་བྱས་ནས་རྒྱལ་ཕྱི་ནང་གང་སར་འགྲོ་གི་འདུག ད་དུང་ཁ་སྐད་བྱས་ན་ས་སྐྱ་གོང་མ་ཚང་དགའ་ལྡན་ཁྲི་བའི་གོང་བཞུགས་པ་ནི་བོད་ལ་མཚོན་ན་ཡོངས་གྲགས་ཀྱི་གནས་ལུགས་ཤིག་རེད། ངས་ནི་འདི་ཚང་མ་སྤྱིར་བཏང་ཙམ་དུ་མཐོང་གི་ཡོད། གང་ཡིན་ཟེར་ན་ང་ལ་དད་པ་ཟེར་བ་ཧ་ལས་པ་ཞིག་མེད་ཀྱང་། ཐེག་ཆེན་དང་གསང་སྔགས་ཀྱི་རྒྱུན་ཤེས་ཡོད་པ་རེད།

དྲུག ༽  
འདུལ་བའི་ལས་བྱེད་པའི་སྐབས་སུ་དགེ་ཚུལ་སློང་དང་བསླབ་པ་རྒན་གཞོན་འདུལ་བ་བཞིན་དགོས་པ་རྩོད་མེད་རེད། ཐེག་ཆེན་དང་བསྔགས་ཀྱི་དམ་ཚིག་དང་གོང་འོག་དེ་རྟེན་དགེ་ཚུལ་སློང་གང་ཡིན་སོགས་ཀྱི་ཐོག་ནས་འགྲོ་བ་ཞིག་མ་རེད། སྨྲ་བ་ལ་དགའ་མཁན་དེ་ཚོས་ཐ་ན་ཁ་ལ་འཁྱེར་བཞིན་པའི་འདུལ་བའང་མ་ཤེས་པའི་རྟགས་རེད། མཐར་གཏུགས་ན་དེ་ནི་ཆོས་ཀྱི་འགྲོ་སྟངས་མ་ཤེས་པའི་རྟགས་རེད།

བདུན།༽  
རྗེ་མཙུན་མ་མུ་མཚོ་ལ་བླ་རུང་སྒར་གྱིས་ལྷ་དང་བླ་མ་རུ་བཀུར་གྱི་ཡོད། ཟོལ་མེད་ཀྱི་དད་ཞེན་ཞུ་གིན་འདུག འོན་ཀྱང་། ཁོང་རང་ངོས་ནས་ཁུ་སིམ་དང་ཧ་ཅང་ཁེངས་བསྐྱུངས་ཀྱིས་ཆོས་རང་ཉམས་ལེན་གནང་གི་ཡོད། བླ་རུང་གི་ལས་རིགས་ཡོངས་རྫོགས་དགེ་འདུན་པའི་མང་གཙོའི་ལམ་ནས་ཐག་བཅོད་བྱེད་པ་ལ་ཁོང་གི་གོ་བབས་དང་མཚན་གནས་རྗེས་འབྲེལ་གྱི་དབང་ཐང་གིས་འགོག་རྐྱེན་རྩ་བ་ནས་མེད།

བརྒྱད།༽  
ཚུལ་ཁྲིམས་བློ་གྲོས་དང་བསོད་དར་རྒྱས་ལྟ་བུ་མཚན་སྙན་དང་གྲགས་པ་ཡོད་པ་དེ་ཚོས་ཀྱང་ནང་ལ་བསླེབས་ན་ཁོང་ནི་ནང་གི་ཨ་མ་ནང་ལྟར་དང་། སོ་སོ་དེའི་མཐའ་ན་བུ་ཕྲུག་བཞིན་བཞུགས་ཀྱི་ཡོད། ཁོང་ཚོས་བླ་མ་མི་བཞུགས་པའི་སྐབས་སུའང་རང་གི་དབང་ཐང་གིས་བུད་མེད་དང་དགེ་ཚུལ་གྱི་རྟེན་ཅན་ཡིན་པའི་ཇོ་མོ་འདི་མིག་ལམ་ནས་འབོར་གྱི་མེད།

དགུ།༽ 
 བླ་རུང་སྒར་ལ་གནད་འགག་གི་དཀའ་ངལ་ཕྲད་པའི་སྐབས་སུ་དང་། དེ་ལ་གདོང་ལེན་བྱེད་པའི་སྐབས་སུ་ལས་འཛིན་ཚོས་ཇོ་མོ་འདི་ཁ་གཡོར་ས་དང་ཁག་འགེལ་ས་བྱས་ནས་དོན་ཆེན་དང་། ཡང་ན་འགན་འཁྲི་ལས་གཡོལ་ཐབས་བྱེད་ཀྱི་མེད། མོའི་སྐད་ཆ་ཁུར་ནས་ལག་པ་འཕྱི་ས་ཡང་བྱེད་ཀྱི་མེད། ཁོང་ཚོས་ཁོང་ཚོ་དང་རྗེ་བཙུན་མ་མུ་མཚོའི་བར་གྱི་འབྲེལ་བ་དེ་ལས་ཁུངས་དང་མགོ་དཔོན་གྱི་འབྲེལ་བ་ཙམ་དུ་མི་བསྒྱུར་བར་བླ་སློབ་ཀྱི་དམ་ཚིག་དང་བརྩེ་དུང་གི་གཉུག་གཤིས་དག་མ་ཞིག་ཉར་གྱིན་ཡོད། ཁོང་ཚོའི་འབྲེལ་བ་དེ་དགོན་དཔོན་དང་སྒྲིག་འཛུགས་ཀྱི་འབྲེལ་བ་སྤྱིར་བཏང་བ་དང་མ་འདྲ་བའི་འབྲེལ་བ་ཞིག་རེད།

བཅུ།༽ 
 ཁོང་ཚོའི་ཐོག་ན་ཆོས་ཀྱི་དད་གུས་དང་དམ་ཚིག་གི་ཞག་རྩི་ཡོད། ཁོང་ཚོར་འཇིག་རྟེན་ཡ་རབས་ཀྱི་ཕྱི་ཐག་དང་བརྩེ་དུང་གི་འོད་མདངས་ཡོད། ཁོང་ཚོས་སོ་སོས་ཆོས་ཕྱོགས་ཀྱི་གནས་བབ། བླ་སློབ་ཀྱི་གནས་བབ། འཇིག་རྟེན་གྱི་གནས་བབ། འགན་འཁྲིའི་གནས་བབ་ཚང་མ་ངོས་ཟིན་ཡོད། 
ཚུལ་ཁྲིམས་བློ་གྲོས་དང་བསོད་དར་རྒྱས་ལྟ་བུ་སའི་གོ་ལའི་ཐོག་ཏུ་གྲགས་པ་རྒྱས་ཀྱང་། མུ་མཚོའི་མདུན་དུ་གཅར་སྐབས་ལོ་ངོ་སུམ་ཅུའི་ཡར་སྔོན་གྱི་དུས་ཚོད་ཅིག་ལ། རུམ་བྲོ་མེད། འོག་རྟ་མེད་ཀྱིས་ཆོས་རྣལ་མ་ཞིག་ཞེ་ལ་བཅངས་ནས་བླ་རུང་སྒར་དུ་ཆོས་རྗེ་ཡིད་བཞིན་ནོར་བུ་ཞང་དབོན་གསུམ་མཇལ་དུ་ཡོང་དུས་ཀྱི་སོ་སོའི་གྲྭ་རྐྱང་གི་ཀུན་སྤྱོད་དང་གནས་བབ་དེ་རང་འཇགས་ཉར་ཡོད། འདི་ལ་རླབས་ཆེན་ཟེར། བླ་རུང་སྒར་དང་ཁོང་རྣམ་པའི་མཛད་སྤྱོད་ལ་ཆ་རྒྱུས་ཏོག་ཙམ་མེད་ན་ངའི་སྐད་ཆ་འདི་མི་ཐུབ་པ་ཡོང་སྲིད། འདི་ནི་ང་ཡིན་ཁོ་ཡིན་ཟེར་མཁན་མང་པོ་ཞིག་གིས་གནང་མི་ཐུབ་པ་ཞིག་རེད། འདི་ཙམ་དུ་ཕྱོགས་སུ་མ་ལྷུང་བ་དང་། ཆ་སྙོམས་པའི་མཛད་པ་ནི་ཤིན་ཏུ་དཔོག་པར་དཀའ་བ་ཞིག་རེད། འདི་ལ་ཀུན་སྤྱོད་ཀྱི་རྫོགས་ལྡན་ཟེར། གུས་པ་དུས་ཀྱི་མཐའ་འདི་ཙམ་དུ་སྐྱེས་ཀྱང་ཁོང་རྣམ་པའི་མཛད་དང་འཕྲིན་ལས་མིག་གིས་མཇལ་ཐུབ་པ་ནི་ཧ་ཅང་བསྐལ་བ་བཟང་པོར་སྙམ།

བཅུ་གཅིག༽  གཅིག་བྱས་ན། ང་ལ་བླ་རུང་སྒར་གྱི་མཁན་ཆེན་དེ་ཚོའི་དུག་ཕོག་པ་འདྲ། ག་དུས་ཡིན་ན་ཁོང་ཚོའི་མཛད་པ་མཐོང་དུས་མིག་ཆུ་ཤོར་ལ་ཁད་ཀྱི་སེམས་འགུལ་དང་ཡ་མཚན་གྱི་ཚོར་བ་སྐྱེ་གིན་འདུག འདི་ལ་བཅོས་མ་དང་ཕྱོགས་ལྷུང་གཏན་ནས་མེད།

འོན་ཀྱང་། ང་བླ་རུང་སྒར་གྱི་མི་ཞིག་མིན་སྟབས་ངའི་སྐད་ཆའི་ནང་དུ་མངོན་པའི་ང་རྒྱལ་དང་ཧམ་བཤད་ཀྱི་ཆའང་ཡོད་སྲིད།

འབྲེལ་ཡོད་གསར་འགྱུར།

Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

ཆུ་ཚོད་ ༡༩ སྔོན་ལ།
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩

མཆན། 2

  1. རྡོ་རྗེ་རྒྱལ། says:
    ལོ་ 9 སྔོན།

    ཚུལ་ཁྲིམས་བློ་གྲོས་ཀྱི་ནག་ཉེས།

    རྩོམ་པ་པོ་རྦ་བཙན་རྒོད།

    ཟ་འདོད་གཏོར་བླ་ཚོགས་ཀྱི་དཀོར་ཁ་བཀག །
    རྟོག་གེ་མགོ་འཁྲེགས་ཡོངས་ཀྱི་ང་རྒྱལ་འཇོམས།།
    མཐོ་འདོད་བླ་ཆེན་ཚོགས་ཀྱི་གཟི་འོད་འཕྲོག།
    ཕུ་ནུ་དམར་གསོད་མཁན་གྱི་མཚོན་ཆ་བསྲེགས། །

    རི་རྩེ་རྔོན་པ་ཡོངས་ཀྱི་རྐང་ལམ་བཅད། །
    རི་འདབ་བཤས་ར་ཕབས་སའི་ཚོང་ལམ་བཀག
    དགེ་འདུན་འདུས་པའི་ཚོགས་སུ་ཤ་སྐལ་བཅད།།
    ཉ་སྦྲུལ་དུང་ཕྱུར་མང་པོ་ཆུ་ལ་གཡུག།

    གཡག་ལུག་ཁྲི་ཕྲག་མང་པོ་ཚེ་ཐར་གཏོང་། །
    ཤ་འདོད་བོད་མའིི་ཁ་ལ་དཀར་ཟས་སྤྲད། །
    གཟི་བྱུར་རྒྱན་ཆའི་རིགས་ལ་ཐན་དུ་བལྟ། །
    ཝ་སོགས་ལྤགས་རིགས་གྱོན་ལ་ལྐུག་རྟགས་བརྗོད། །

    དེང་རབས་བཟའ་བཏུང་རིགས་ལ་གཟབ་དགོས་ཟེར། །
    རྒྱ་མོ་མཛེས་མའི་རྐུབ་ལ་དུག་ཡོད་ཟེར། །
    བོད་ཡུལ་ན་གཞོན་ཡོངས་ཀྱིས་དོགས་དགོས་ཟེར། །
    སྐད་རིགས་སྦྲག་མར་བཤད་ལ་ངོ་ཚ་བརྗོད། །

    ཡར་ཀི་དགོན་པའི་ཚོགས་ལ་བཅོས་སྒྱུར་བྱས། །
    མར་ཀི་བཙོན་ཁང་ནང་དུ་ཆོས་འཆད་སྤེལ། །
    དྲུག་ཅུའི་རྒན་ཁོག་ཀ་ཁ་སློབ་གྲར་བཙུད། །
    བྱིས་པའི་རྩེད་ར་རིག་གནས་སྦྱོང་ས་བྱས། །

    སྟག་ཤར་གཞོན་ནུར་མཐུན་འབྲེལ་སློབ་གསོ་མཛད། །
    མཛེས་མའི་བློ་ཁ་རིག་གནས་ཕྱོགས་སུ་བསྒྱུར། །
    ལྷ་སྐུ་ཆེན་པོས་བསྟན་པ་མི་འཛིན་ཟེར། །
    ལྷ་ཁང་ཆེ་པོ་དགོས་པ་མི་འདུག་ཟེར། །

    བླ་བྲང་ཕོ་བྲང་སྒོ་ཐམ་རྒྱབ་ལ་བྲེལ། །
    ཁྱོད་ལ་མི་འཇིགས་འགྲོ་བ་ཉུང་ཉུང་རེད། །
    ཡང་སྤྲུལ་ངོས་འཛིན་བྱེད་ལ་རྫོགས་ཤད་འགོད། །
    དགོན་པ་དམངས་གཙོར་བསྒྱུར་བའི་དབུ་ཁྱུད་བྲིས། །

    སློབ་སྦྱོང་མེད་ན་ནམ་ཡང་རྗེས་ལུས་ཟེར། །
    ལག་ལེན་གཏན་མེད་ཁ་བཤད་མི་མཛའ་བརྗོད། །
    ཉམས་ལེན་གཏན་མེད་ཆོས་བཤད་མི་ཕན་ཟེར། །
    ཐོས་པ་མེད་ནའང་ཉམས་ལེན་མི་ཤེས་ཟེར། །

    ཐོས་བསམ་སྒོ་གསུམ་འཆུག་ན་བཀའ་བཀྱོན་མང་། །
    ལྟ་སྒོམ་སྤྱོད་གསུམ་འགལ་ལ་ཞལ་རས་ནག།
    གྲུབ་མཐའི་འཐབ་རྩོད་བྱས་ན་སྐྱུག་ལོག་བྱེད། །
    དངོས་ཆས་གསར་པ་ཡོངས་ལ་བརྡ་གསར་འདོགས། །

    ཧ་ཧ་ཚུལ་བློ་གཞན་ཕན་སེམས་ཀྱིས་བསླུས། །
    སྡང་བའི་དགྲ་ལ་ངོ་འཛུམ་མི་ཤེས་ཞིང་། །
    རང་གི་རིགས་ལ་སྲི་ཞུ་བསྒྲུབ་པ་ཡིས། །
    ནག་ཉེས་འདི་དག་ངོ་མ་ཚབ་ཆེན་རེད། །

    Reply
  2. གཡུ་རྩེ། says:
    ལོ་ 9 སྔོན།

    ཚུལ་བློ་དང་སུང་ཅང་གི་ཐབས་ཇུས།

    འཇོ་མདའ་དྲང་འགྲོ།

    བློ་དཀར་གཞུང་དྲང་མཁྱེན་དཔྱོད་གཉིས་ལྡན་གྱི་མཁས་དབང„སུང་ཅང“གིས་དམིགས་རྒྱང་རིང་པོར་བལྟ་ནས་མིག་སྔའི་ཕམ་ཁ་སྣ་མང་མྱོང་བར་མ་ཟད་སྤྱི་ཡི་ཆེད་དུ་སྒེར་དཔའ་བོ་ལིང་ཐུང་སོགས་མང་པོ་ཞིག་གི་བདེ་སྡུག་ལ་ཁ་ཡ་མ་བྱས། ཁོང་གིས་ལིང་ཧྲན་ཚ་བུ་ཚོའི་ཆེད་དུ་སྲིད་གཞུང་གི་བརྙས་བཅོས་དང་སྨ་འབེབས་མང་པོ་ལ་གདོང་གཏོད་ནས་གོང་མའི་སྲིད་གཞུང་ལ་གུས་གུས་ཞུས་ཞུས་ཀྱི་སྒོ་ནས་ཡང་ཡང”ཞི་འགུགས་བདེ་འགོད”ཀྱི་རེ་ཞུ་ཕུལ་མོད།
    ཡིན་ཡང་མཐའ་མཇུག་དེར་དཔའ་བོ་བརྒྱ་དང་བརྒྱད་ཀྱིས་གཙོས་པའི་ལིང་ཧྲན་དཔའ་རྒོད་ཚོ་ཤི་མཁན་རྣམས་ཤི་འགྲོ་མཁན་ཡོངས་འགྲོ་བས་མཐའ་མ་ཕྱོགས་སོ་སོར་འཐོར་སྐབས་སུང་ཅང་གིས་དངན་པ་ཡང་ཡང་འཐེན་ནས་འགྱོད་གཏམ་བཤད་རྒྱུར།
    འུ་དཔའ་རྒོད་བརྒྱ་དང་བརྒྱད་ལིང་ཧྲན་ལ་ཡོད་དུས་ཇི་འདྲ་སྐྱིད། ད་བྱིའུ་ཕྲུག་ཚང་ལ་འཕུར་བ་བཞིན་ཚང་མ་འཐོར་འགྲོ་དོན་ཅི་རེད། ང་སུང་ཅང་གིས་བསྒྲུབ་པ་འཁྱུགས་སོང་བ་ཨེ་རེད་ཟེར། མིག་ཆུ་གཏོང་ཞོར་རང་ཉིད་ཀྱི་བྱ་བ་ལ་ནོར་འཁྲུལ་ཤོར་ཡོད་པ་གཞི་ནས་ཤེས། ཆེས་མཐའ་མའི་མཐའ་མ་ཞིག་ལ་རང་ཉིད་ཀྱང་སྲིད་གཞུང་གི་བློན་ཆེན་ཚོའི་དུག་ཆང་འོག་ནས་སྡུག་སྨྲེ་འདོན་བཞིན་ཤི། དྲང་གཏམ་བཤད་ན་འདི་དག་ཡོད་ཚད་ལིང་ཧྲན་གྱི་མ་འོངས་པའི་ཆེད་དུ་ཡིན་པ་བཤད་ག་ལ་དགོས། ཡིན་ཡང་གཡོ་སྒྱུ་ཅན་གྱི་སྔོན་དུ་དྲང་པ་བཅའ་བ་ནི་རང་སྡུག་རང་ཉོ་ལས་གཞན་ཅི་ཡོད།
    ད་རུང་སྤྱི་དང་སྤྱི་ཟེར་ནས་སྒེར་ལ་ཁ་ཡ་མ་བྱས་པ་ཡང་གཟའ་རྟགས་ཤིག་ཡིན་ཏེ། སྒེར་རྣམས་ཕར་བཅད་ཚུར་དེད་ཚར་རྗེས་སྤྱི་ཞིག་གང་ན་ཡོད།
    བྱ་བཞག་ཆེ་མ་ཆུང་གསུམ་གང་ཡིན་ཡང་སྒེར་རེ་རེའི་འཚོ་བ་དང་བསམ་བློ་བལྟ་ཚུལ་རྣམས་གཙོ་བོར་མི་འཛིན་པ་ནི་ཚོགས་པ་དེའི་མགོ་ཐོག་ཏུ་འཁྲིགས་པའི་ཆག་སྒོའི་སྤྲིན་ནག་ཅིག་ཅི་ལ་མིན།
    སུང་ཅང་འཁྱུགས་ཐེངས་གཅིག་གིས་སྟག་གི་རྩལ་དྲུག་དང་གངས་སེང་གི་ངར་སྒྲ་གཡུ་འབྲུག་གི་གཟི་བརྗིད་ལྡན་པའི་ལིང་ཧྲན་དྲང་བདེན་སྲུང་བའི་ཇག་ཚོགས་ཆེན་མོ་མི་ཤི་ཁྱིམ་སྟོང་ལ་གྱུར་སོང་།
    མཁས་གྲུབ་གཉིས་ལྡན་གྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཀྱང་། «སྒེར་ལ་མ་བལྟ་སྤྱི་ལ་ལྟོས། གནས་སྐབས་ལ་མ་བལྟ་མཐར་ཐུག་ལྟོས»ཟེར་བ་ཡང་བླ་རུང་སྒར་གྱི་འབྱུང་གྱུར་རྣམས་བཟང་པོ་ཞིག་ཆགས་པའི་རེ་བ་ལོས་ཡིན་སྙམ། ཡིན་ཡང་ང་ཧ་ཅང་སྐྲག་གི་ངས་སུང་ཅང་དང་ལིང་ཧྲན་དཔའ་རྒོད་ཚོའི་མགོ་ཐོག་ཏུ་ལྷུང་བའི་ཆག་སྒོ་དེ་ཚུལ་བློ་དང་བླ་རུང་སྒར་གྱི་མགོ་ཐོག་ཏུ་ལྷུང་རྒྱུར་སྐྲག་གི
    ཚུལ་ཁྲིམས་བློ་གྲོས་ཀྱི་ཐབས་ཇུས་ཕལ་ཆེར་ཞིག་སུང་ཅང་གི་ཐབས་ཇུས་དང་ཨ་ན་མ་ན་རེད། དེའི་ཕྱིར་སུང་ཅང་ནོར་ས་མཐའ་དག་ཏུ་ཚུལ་ཁྲིམས་བློ་གྲོས་ཀྱང་ནོར་ཡོད་ན་ཐང་།
    2016-11-4-ཉིན།
    ཝེ་པོ་དྲ་བ་ལས་འདིར་བཀོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese